མཁལ་མར་གནོད་པའི་ཟས་རིགས་འདི་དག་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

 

མཁལ་མ་ནི་ང་ཚོའི་ལུས་ཕུང་ནང་གི་གད་སྙིགས་གཙང་སེལ་བྱེད་མཁན་དབང་པོ་གལ་ཆེན་ཞིག་རེད། གལ་ཏེ་དེ་ལ་རྐྱེན་ངན་བར་ཆད་བྱུང་ན་ང་ཚོའི་ལུས་ཕུང་ལ་ཡང་མི་འདོད་ནད་ཀྱི་སྡུག་བསྔལ་འབྱུང་སྲིད། གལ་ཏེ་ང་ཚོས་མཁལ་མར་སྲུང་སྐྱོབ་བྱེད་འདོད་ན། མཁལ་མར་གནོད་པའི་ཟས་རིགས་དང་རྒྱང་ཐག་རིང་ཙམ་བྱེད་དགོས། དུས་མཚུངས་སུ་མཁལ་མར་གནོད་པའི་གོམས་གཤིས་ངན་པ་དག་རྩྭ་རྩེའི་ཟིལ་པ་བཞིན་རིང་དུ་སྤོངས་དགོས།

མཁལ་མར་གནོད་པའི་ཟས་རིགས་ཁག་དྲུག

1 ཚྭ་མཐོ་བའི་ཟས་རིགས།

ང་ཚོའི་ལུས་པོས་འཇུ་ལེན་བྱས་པའི་བཟའ་བཏུང་ནང་གི་ཚྭ་ནི་གཙོ་བོ་མཁལ་མས་རྙིང་ཚབ་གསར་བརྗེ་བྱེད་ཀྱི་ཡོད། གལ་ཏེ་ནམ་རྒྱུན་ཚྭ་མཐོ་བའི་ཟས་རིགས་མང་དྲགས་ན་མཁལ་མར་གནོན་ཤུགས་སྟེར་ནས་མཁའ་མའི་བྱེད་ནུས་ཉམས་ཞན་དུ་འགྲོ་སྲིད།  གཞན་ཡང་དུས་ཡུན་རིང་པོར་ཚྭ་མཐོ་བའི་བཟའ་འཐུང་སྤྱོད་ཚད་མང་དྲགས་ན་ཁྲག་ཤེད་མཐོ་བའི་ནད་ཕོག་ནས་མཁལ་མར་གནོད་སྲིད།

《2022ལོའི་ཀྲུང་གོའི་གྲོང་མིའི་བཟའ་བཅའི་ཕྱོགས་སྟོན་》གྱི་བསམ་འཆར་ལ་གཞིགས་ན། མི་རེས་ཉིན་རེར་ཚྭ་ཁེ་5ཡི་ནང་ཚུན་དུ་ཚོད་འཛིན་བྱེད་དགོས་པ་དང་། ཚད་གཞི་སྦི་རག་ཤེལ་དམ་གྱི་ཁ་གཅོད་1ལས་བརྒལ་མི་རུང་། དེ་དང་ཆབས་ཅིག་སྲན་ཕྱུར་དང་། བསྙལ་ཚལ། ཤ་རྒྱུ། སྟབས་བདེའི་ཐུག་པ་སོགས་མངོན་མེད་ཚྭ་ལྡན་ཟས་རིགས་ཉུང་ཙམ་བསྟེན་དགོས་པ་དང་། ཚལ་བརྔོ་སྐབས་ཙོང་དང་ཅང་། སྒོག་པ། ཚུའུ་སོགས་བྲོ་རྫས་འོས་འཚམ་གྱིས་སྤྱོད་དགོས།

2 མངར་ཆ་མཐོ་བའི་ཟས་རིགས།

མངར་ཆ་མཐོ་བའི་བཟའ་བཏུང་གིས་ཤ་རྒྱགས་པ་ཆགས་པ་དང་ཁྲག་ཤེད་མཐོ་བའི་ཉེན་ཁ་ཆེ་རུ་འགྲོ་བ་མ་ཟད། གཅིན་པ་མངར་འགྱུར་གྱི་ནད་རིགས་2ཕོག་པའི་ཉེན་ཁའང་ཆེ་རུ་འགྲོ་བས་མཁལ་མའི་བདེ་ཐང་ལ་གནོད་ངེས་རེད།

《2022ལོའི་ཀྲུང་གོའི་གྲོང་མིའི་བཟའ་བཅའི་ཕྱོགས་སྟོན་》གྱི་བསམ་འཆར་ལ་གཞིགས་ན། ཉིན་རེར་གཟུགས་པོའི་ནང་མངར་ཆ་འཇུ་ལེན་བྱེད་ཚད་ཁེ་50ཡི་ནང་ཚུན་དུ་ཚོད་འཛིན་བྱེད་དགོས་པ་དང་། རབ་བྱུང་ན་ཁེ་25ལས་བརྒལ་མི་རུང་། དེ་དང་ཆབས་ཅིག་བཏུང་བྱ་མངར་མོའི་རིགས་དང་ཐཱན་སྐྱུར་བཏུང་བྱའི་རིགས། དེ་བཞིན་ཤིང་འབྲས་ཀྱི་ཁུ་བའི་རིགས་ཉུང་ཙམ་བསྟེན་དགོས།

3 རྩྭ་སྐྱུར་(草酸)འདུས་ཚད་མཐོ་བའི་ཟས་རིགས།

རྩྭ་སྐྱུར་ཀལ་གྱི་རྡེའུ་སྐྲན་ནི་མཁལ་མའི་རྡེའུ་སྐྲན་དང་གཅིན་པའི་རྡེའུ་སྐྲན་ཁྲོད་རྒྱུན་དུ་མཐོང་མང་བའི་རིགས་ཤིག་ཡིན།  རྩྭ་སྐྱུར་དང་ཀལ་གཉིས་ཟུང་འབྲེལ་བྱས་ནས་རྩྭ་སྐྱུར་ཀལ་གྱི་ཉིང་བཅུད་ཆགས་ཀྱི་ཡོད། གཅིན་པའི་ནང་དུ་རྩྭ་སྐྱུར་འདུས་ཚད་མཐོ་དྲགས་ན། གཅིན་པ་ཁེངས་པའི་རྣམ་པར་གནས་ཏེ། རྩྭ་སྐྱུར་ཀལ་གྱི་ཉིང་བཅུད་དང་མཉམ་དུ་འདྲེས་ནས་མཐར་རྡེའུ་སྐྲན་དུ་འགྱུར་གྱི་ཡོད། དེས་ན་རྩ་སྐྱུར་འདུས་ཚད་མཐོ་བའི་ཟས་རིགས་དཔེར་ན། པོ་ཚལ་དང་། ཁུར་སྲབ།(苋菜)ཁོག་སྟོང་ཚོད་མ། ཀོའུ་རྩྭ།(茭白)དགུན་སྨྱུག་སོགས་མ་ཟོས་པའི་སྔོན་ལ་ཆུ་བཙོས་བརྒྱབ་ནས་རྩྭ་སྐྱུར་ཕལ་ཆེ་བ་མེད་པ་བཟོ་དགོས།

4 སྐར་ཁམ།(杨桃)

སྐར་ཁམ་བྲོ་བ་ཞིམ་པོ་ཡོད་ཀྱང་རྩྭ་སྐྱུར་འདུས་ཚད་མཐོ་བ་མ་ཟད། ད་དུང་དབང་རྩའི་དུག་རྒྱུ་ཞིག་ཡོད་པ་དེ་མཁལ་མ་བརྒྱུད་ནས་ཕྱིར་འབུད་བྱེད་དགོས་ཀྱི་ཡོད། མཁལ་མ་ཡག་པོ་ཡོད་ན་གཅིན་པ་བརྒྱུད་ནས་དབང་རྩའི་དུག་རྒྱུ་དེ་ཕྱིར་འབུད་བྱེད་ཐུབ་པས་སྐར་ཁམ་རེ་གཅིག་རེ་གཉིས་ཟོས་ན་སྐྱོན་མེད། འོན་ཀྱང་མཁལ་མ་ཡག་པོ་མེད་པའི་མི་ལ་མཚོན་ན་སྐར་ཁམ་ཟོས་ན་ལུས་པོར་དུག་ཕོག་སྲིད་པས་རབ་བྱུང་ན་མ་ཟོས་ན་ལེགས།

5 ཆང་རག

ཚད་ལས་བརྒལ་བའི་ཆང་བཅུད་ཀྱིས་མཆིན་པ་དང་སྙིང་། རྒྱུ་མ། རུས་པའི་ཤ་གནད་སོགས་ལ་ཤུགས་རྐྱེན་ཐེབས་པ་མ་ཟད། དེ་དང་མཉམ་དུ་མཁལ་མར་ནད་གཞི་སློང་སྲིད་པས་ཆང་རག་མང་པོ་འཐུང་རྒྱུ་མེད།

6 རུས་ཐང་དང་རྒྱ་ཁོག་ཐང་།

རུས་ཐང་དང་རྒྱ་ཁོག་ཐང་ནི་དུས་ཚོད་རིང་པོ་བསྐོལ་ནས་ཏིག་པ་ཞིག་ཡིན་ཞིང་། དེའི་ནང་སྤྲི་དཀར་འདུས་ཚད་མཐོ་བས་མཁལ་མའི་བྱེད་ནུས་ཉམས་པའི་མི་ལ་མཚོན་ན་མཁལ་མར་དེ་བས་གནོད་འཚེ་ཆེན་པོ་ཡོད།

ད་དུང་དུས་རྒྱུན་འཚོ་བའི་ནང་ཆུ་འཐུང་རྒྱུར་མི་དགའ་བ་དང་། སྨན་གང་བྱུང་མང་བྱུང་བཟའ་བ། གཅིན་པ་སྐུམ་པ། མཚན་འཁྱོངས་གཏོང་བ། ཐ་མག་འཐེན་པ་བཅས་མཁའ་མའི་བདེ་ཐང་ལ་གནོད་པའི་གོམས་གཤིས་ངན་པ་འདི་དག་རིང་དུ་སྤོངས་ཤིག་གོ །

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།