སྨེ་བ་གང་དུ་སྐྱེས་ན་ཉེན་ཁ་ཡོད་དམ། འཚོ་བའི་ཁྲོད་ཇི་ལྟར་བརྟག་དགོས་ཞེས་ན། རིགས་གཅིག་མཁས་ཅན་གྱི་གསལ་འགྲེལ་གསོན་དང་།སྨེ་བ་གཡུང་གཤིས་ཡིན་ནམ་ངན་གཤིས་ཡིན་པ་བརྡར་ཤ་ཇི་ལྟར་གཅོད་དགོས་སམ། སྨེ་བ་བཟང་མིན་ངན་མིན་གཏན་འཁེལ་བྱེད་དགོས། སྤྱིར་བཏང་དུ་སྨེ་བའི་ཕྱི་ཚུལ་གྱི་ཁྱད་ཆོས་དང་། སྐྱེ་འཚར་གྱི་མྱུར་ཚད་དང་འགྱུར་ལྡོག ནད་རྟགས་སོགས་ལ་བརྟེན་ནས་བརྡར་ཤ་རགས་ཙམ་གཅོད་ཐུབ། ཕྱི་ཚུལ་གྱི་ཁྱད་ཆོས་ལ་བལྟས་ན། གཡུང་གཤིས་སྨེ་བ་ནི་རྒྱུན་པར་ཁ་དོག་སྙོམས་པ་དང་། མང་ཆེ་བ་རྫ་མདོག་དང་ནག་པོ་ཡིན་ཞིང་། དབྱིབས་དང་ཆགས་སྟངས་མང་ཆེ་བ་རྒྱུན་པར་སྒོར་དབྱིབས་དང་འཇོང་དབྱིབས་ཡིན་པ་མ་ཟད། ཆ་འགྲིག་གི་རང་བཞིན་ལེགས་པ་དང་མཐའ་མཚམས་གསལ་པོར་ཡོད། ངན་གཤིས་སྨེ་བའི་ཁ་དོག་སྙོམས་པོ་མེད་པ་དང་། ཁ་དོག་མང་པོ་མཉམ་བསྲེས་འདྲ་བ་དཔེར་ན། རྫ་མདོག་དང་། ནག་པོ། སྔོན་པོ། དམར་པོ། ཐ་ན་མདོག་རྒྱུ་ཉམས་ནས་སྐྱི་པགས་དཀར་པོར་འགྱུར་སྲིད། རྒྱུན་པར་དབྱིབས་ངེས་མེད་ཡོང་བ་དང་ཆ་འགྲིག་མིན་པ། མཐའ་མཚམས་རབ་རིབ་བཅས་ཡོད།
སྐྱེ་འཚར་མྱུར་ཚད་དང་འགྱུར་བའི་ངོས་ནས་བལྟས་ན། གཡུང་གཤིས་སྨེ་བའི་ཚངས་ཐིག་སྤྱིར་བཏང་ཧའོ་སྨི་6ལས་མི་བརྒལ་ལ། སྐྱེ་འཚར་མྱུར་ཚད་རྒྱུན་པར་ཅུང་དལ་བས། ལོ་མང་རིང་ལ་འགྱུར་ལྡོག་ཆེན་པོ་མེད། ངན་གཤིས་སྨེ་བ་ནི་རྒྱུན་པར་ཚངས་ཐིག་ཅུང་ཆེ་བ་དང་། ཧའོ་སྨི་6ལས་བརྒལ་བ་མ་ཟད། སྐྱེ་འཚར་མྱུར་ཚད་མགྱོགས་པས། དུས་ཡུན་ཐུང་ངུའི་ནང་མངོན་གསལ་ཇེ་ཆེར་འགྲོ་སྲིད། སྨེ་བའི་དབྱིབས་དང་། ཁ་མདོག ཆེ་ཆུང་། ཁྲ་རིས་བཅས་དུས་ཡུན་ཐུང་ངུའི་ནང་མངོན་གསལ་འགྱུར་ལྡོག་ཡོང་མིན་ལ་དོ་སྣང་བྱེད་དགོས། ལྷག་པར་དུ་ན་ཟུག་དང་ཟ་འཕྲུག་ལྡང་བ་དང་། ཁྲག་ཐོན་པ། རྨ་ཤུན་ཆགས་པའམ་ཡང་ན་ཕྱི་ངོས་རུལ་བ་སོགས་ཀྱི་སྣང་ཚུལ་ཡོང་བས། སྨེ་བ་ངན་གཤིས་སུ་འགྱུར་སྲིད་པར་དོགས་ཟོན་ཧ་ཅང་ཆེན་པོར་བྱེད་དགོས། ནད་རྟགས་ལ་བལྟས་ན། ཕྱི་རྨས་མ་དང་འགོས་ནད་ཕོག་ན་མ་གཏོགས། གཡུང་གཤིས་སྨེ་བར་རྒྱུན་དུ་ནད་རྟགས་མེད། ངན་གཤིས་སྨེ་བ་ཡིན་ན་ཟ་འཕྲུག་ལང་བ་དང་། ན་ཟུག་འབྱུང་བ། ཁྲག་ཐོན་པ། རྨ་ཤུན་ཆགས་པའམ་ཡང་ན་ཕྱི་ངོས་རུལ་བ་སོགས་ཀྱི་ནད་རྟགས་འབྱུང་སྲིད། དེ་ནི་སྨེ་བའི་ནང་ཕྲ་ཕུང་རྒྱུན་ལྡན་མིན་པའི་འགུལ་ཚུལ་དང་འབྲེལ་བ་ཡོད། སྨན་པས་དྲན་སྐུལ་བྱས་པར་ལྟར་ན། སྒེར་རམ་ཁྱིམ་རྒྱུད་ལ་མདོག་རྒྱུ་ནག་པོའི་སྐྲན་ནད་སོགས་པགས་པའི་སྐྲན་ནད་ངན་པ་ཕོག་པ་ཡོད་ན། གཟུགས་པོར་བརྟག་དཔྱད་བྱེད་སྐབས། སྨེ་བར་བརྟག་དཔྱད་བྱ་རྒྱུར་སྔར་ལས་མཐོང་ཆེན་བྱེད་དགོས་པར་མ་ཟད། དུས་བཀག་ལྟར་བསྐྱར་ཞིབ་བྱས་ཏེ། ངན་གཤིས་ཀྱི་ནད་དུ་འགྱུར་ཚུལ་དུས་ཐོག་ཏུ་ཤེས་རྟོགས་དང་བཅོས་ཐབས་བྱེད་དགོས།
འདི་དག་ལ་སྨེ་བ་སྐྱེས་ན་དོ་སྣང་བྱེད་དགོས། 1. བརྡར་སླ་བའི་གནས་སུ་སྐྱེས་པའི་སྨེ་བ་དང་། 2. ཕྱི་རུ་མངོན་པའི་སྨེ་བ། 3. མཛུབ་མོའི་རྩེ་དང་རྐང་མཛུབ་ཀྱི་རྩེ་རུ་སྐྱེས་པའི་སྨེ་བ། 4. འབྱར་སྐྱིའི་གནས་སུ་སྐྱེས་པའི་སྨེ་བ་བཅས་ཡིན།