སྐོམ་ཆུ་མང་འཐུང་བྱེད་མི་རུང་།
དབྱར་དུས་སུ་མི་མང་པོ་ཞིག་གིས་སྐོམ་ཆུ་འཁྱགས་པ་དང་སྐོམ་ཆུ་ཀ་ར་ཅན་འཐུང་རྒྱུར་དགའ་བ་མ་ཟད། སྐོམ་ཆུ་གཞན་པ་མང་པོ་ཞིག་ཀྱང་འཐུང་རྒྱུར་དགའ་སྟེ། དཔེར་ན་ཝུ་ཆང་འཁྱགས་པ་དང་བྱ་སྒྲོའི་ཆང་སོགས་བཟི་རིགས་སྐོམ་ཆུ་ཡིན།
ཉེ་ཆར། ལོ་སོ་ལྔར་བུད་པའི་ན་གཞོན་ཇུས་འགོད་པ་སྐུ་ཞབས་ཏུང་གིས་ཟླ་ཕྱེད་ལྷག་ལ་ཆང་འཐུང་རྗེས་རྐང་ལག་འདར་བ་དང་སོང་ན་འཁྱོར་བ། མིག་རབ་རིབ་ཏུ་གྱུར་བ། དྲན་པ་མི་གསལ་པ་སོགས་ཀྱི་སྣང་ཚུལ་བྱུང་པས་སྨན་པར་སྟོན་དུ་སོང་དུས་ཁོར་ཀླད་སྐྱོན་བྱུང་འདུག
ལྷོ་ཕྱོགས་གྲོང་ཁྱེར་ཚགས་པར་ཁང་གིས་བཀོད་པའི་གནས་ཚུལ་ལྟར་ན། ཧྲིན་ཀྲིན་གྱི་ལོ་སོ་ལྔར་བུད་པའི་སྐུ་ཞབས་ཏུང་ནི་འཆར་འགོད་པ་ཞིག་ཡིན་པ་དང་། དུས་རྒྱུན་ཆང་འཐུང་བ་ཧ་ཅང་ཉུང་མོད། ཟླ་བཞི་པའི་ཟླ་དཀྱིལ་ལ་ཕྱིར་ཕ་ཡུལ་དུ་ལོག་སྟེ་བསྟུད་མར་ཟླ་ཕྱེད་ལྷག་ལ་ཆང་འཐུང་ནས་ཆང་དུ་སྦངས།
ཟླ4པའི་ཚེས15ཉིན། གཉེན་སྟོན་གྱི་ཉིན་དེར་བྱ་སྒྲོའི་ཆང་དང་ཆང་དཀར། ཝུ་ཆང་བཅས་ཚང་མ་བསྲེས་ནས་ནམ་གུང་དུས་ཚོད3ཀྱི་སྟེང་ཉལ་རྗེས་དུས་ཚོད5ཡི་སྟེང་ཡར་ལངས།
ཟླ4པའི་ཚེས16ཉིན། མུ་མཐུད་དུ་སྨན་ཆང་དང་ཆང་དཀར་འཐུང་ནས་ནམ་གུང་ལ་ཐོན།
ཟླ4པའི་ཚེས19ཉིན། སློབ་གྲོགས་ཚོ་དང་མཉམ་དུ་བསྟུད་མར་ཆང་དཀར་དང་ཝུ་ཆང་འཐུང་།
ཟླ4པའི་ཚེས23ཉིན། ཆང་དཀར།+ཝུ་ཆང་། +KTV སོགས་སུ་རྩེད་ནས་ནམ་གུང་ཆུ་ཚོདགསུམ་བར་བསྡད།
ཟླ4པའི་ཚེས24ཉིན། ཆང་འཐུང་རྗེས་གོམ་པ་འཁྱོར་བ་དང་ཐང་ལ་འགྱེལ་པ། ལག་པ་འདར་བ་སོགས་ཀྱི་སྣང་ཚུལ་བྱུང་ཡང་མུ་མཐུད་དུ་འཐུང་།
ཟླ4པའི་ཚེས29ཉིན། གཉིད་མ་ཁུག་པས་ཆང་དཀར་དང་བྱ་སྒྲོའི་ཆང་གིས་སྐྱོར་མ་མཛད་ཀྱང་ནམ་གང་བོར་གཉིད་མ་ཐུབ།
བསམ་ཡུལ་ལས་འདས་པ་ཞིག་ལ། སྐུ་ཞབས་ཏུང་གིས་ལག་པ་འདར་བ་དང་གོམ་པ་འཁྱོར་བ་ནི་བཟི་རྟགས་ཡིན་པ་འདོད་མོད། དེའི་མི་ཚད་ད་དུང་འདུ་ཤེས་མག་མོག་ཡིན་པ། ཁ་ལྕེ་ལྐུགས་པ། དྲན་པ་མི་གསལ་བ། མིག་རབ་རིབ་ཏུ་གྱུར་བ། མིག་གིས་ཕྱོགས་གཅིག་ལ་ལྟོས་བསྡད་ན་མ་གཏོགས་མཐོང་མི་ཐུབ། རྗེས་སུ་ད་དུང་རྣ་ལམ་ལ་སྒྲ་སྣ་ཚོགས་གྲགས་འོང་སྟེ། མི་གཞན་གྱིས་སྒོ་རྡུང་བའི་སྒྲ། རྣ་འཇོག་ནང་འུར་ཆེ་བ། ད་དུང་ཆ་ཡོད་མི་ཡིས་སྐད་ཆ་བཤད་པ་ཐོས་པ་སོགས་འཕྲུལ་སྣང་སྣ་ཚོགས་བྱུང་།
ཁོ་དེ་མ་ཐག་སྨན་ཁང་དུ་སོང་ནས་དབང་རྩའི་མ་ལག་ཚན་ཁག་ཏུ་བརྟག་དཔྱད་བྱས་མཐར་སྨན་པས་བཤད་རྒྱུར། ཀླད་པས་གཡས་གཡོན་སྦྲེལ་མཐུད་བྱེད་པའི་དབང་རྩ་མནན་འདུག་ཟེར།
ཅི་ཞིག་ལ་ཀླད་པས་གཡས་གཡོན་སྦྲེལ་མཐུད་བྱེད་པའི་དབང་རྩ་མནན་ཟེར་ཞེ་ན། སྨན་པས་འགྲེལ་བཤད་བྱ་རྒྱུར། གལ་ཏེ་ཀླད་ཆེན་གྲོང་ཁྱེར་ཞིག་ཡིན་པའི་དབང་དུ་བཏང་ན། ཀླད་པའི་གཡས་གཡོན་སྦྲེལ་མཐུད་ཞེས་པ་ནི་དེ་གཉིས་སྦྲེལ་བྱེད་ཀྱི་ཟམ་ཆེན་ལྟ་བུ་ཡིན་ཟེར།
དེ་བས་སྐུ་ཞབས་ཏུང་ལ་ལག་པ་འདར་བ་དང་གོམ་པ་འཁྱོར་བའི་གནད་དོན་བྱུང་།
མི་མང་པོ་ཞིག་གི་བསམ་ངོར་ཆང་འཐུང་ན་མཆིན་པར་གནོད་སྐྱོན་བཟོ་བར་འདོད་མོད། དོན་གྱིས་ཆང་འཐུང་ན་ཀླད་པར་དེ་བས་ཀྱང་གནོད་པ་ཆེ། ཆང་རྒྱུན་འཐུང་བྱེད་པའི་མི་དེ་དག་ལ་ལྟོས་དང་ལག་པ་འདར་བཞིན་ཡོད་ལ། དེ་ནི་ཆང་དུག་གིས་རྒྱུན་པར་ཀླད་པའི་དབང་རྩར་གནོད་སྐྱོན་བཟོས་པས་རེད།
2025ལོར།《དབང་རྩའི་ནད་རིག་རིག་པ》འི་དུས་དེབ་སྟེང་འདས་པོ1781གི་ཀླད་པར་བརྟག་དཔྱད་ཞིབ་འཇུག་ལས་མངོན་པ་ལྟར་ན་ཆང་གིས་ཀླད་པར་གནོད་སྐྱོན་བཟོ་བ་དོན་དངོས་ཡིན་འདུག གཟའ་རེར་ཆང་ཕོར8ཀྱི་ཡན་འཐུང་བའི་མི་ཡི་ཀླད་པའི་ཁྲག་རྩར་སྐྱོན་བྱུང་ཚད་བརྒྱ་ཆའི44%ཡིན་ལ། ཆང་མི་འཐུང་བའི་མི་དང་བསྡུར་ན་ཉེན་ཁ133%མཐོ། ཆང་མི་འཐུང་བའི་མི་དང་བསྡུར་ན་ཤི་ཚད་ལོ13གྱིས་སྔ།
ཞིབ་འཇུག་ལས་གཏན་འཁེལ་ལྟར་ན་ཆང་ཕོར་གཅིག་གི་ནང་ཆང་བཅུད་ཁེ14ཡོད། དཔེར་ན།
·ཝུ་ཆང་ཧའོ་ཧྲེང500
·རྒུན་ཆང་ཧའོ་ཧྲེང150
·ཆང་ཧའོ་ཧྲེང45(ཆང་དཀར། ཝེ་ཧྲི་ཅི།)
བཟི་རིགས་སྐོམ་ཆུས་ཀླད་པར་གནོད་སྐྱོན་ཐེབས་བཞིན་ཡོད་དམ་ཞེ་ན། ཞིབ་འཇུག་ལས་ཆང་དུག་གིས་འཕར་རྩ་ཆུང་བ་སྲ་མཁྲེགས་ཅན་དང་། ཇེ་ཆུང་ཇེ་མཐུག་ཏུ་བཏང་སྟེ་དུས་ཡུན་རིང་པོ་འགོར་ན། ཁྲག་གི་འཁོར་རྒྱུག་ལ་གནོན་ཤུགས་ཕྱིན་ཚེ་ཀླད་པར་གནོད་སྐྱོན་ཐེབས་ཀྱིན་ཡོད།
ཞིབ་འཇུག་ལས་མངོན་པ་ལྟར་ན། གཟའ་འཁོར་རེར་ཆང་ཕོར་བརྒྱད་ཀྱི་ཡན་འཐུང་མཁན་ལ་ཧོན་ནད་བྱུང་ཚད་ཧ་ཅང་མཐོ།
དབྱར་ཁར་མི་རྣམས་ཀྱིས་ཝུ་ཆང་འཁྱགས་པ་རྒྱ་མ་གང་རེ་འཐུང་ན་སྐྱོན་ཅི་ཡང་མེད་པར་སེམས་བཞིན་ཡོད་མོད། འོན་ཀྱང་དེས་ཤེས་མེད་ཚོར་མེད་ངང་ཁྱོད་ཀྱི་ཀླད་པར་གནོད་སྐྱོན་བཟོ་བཞིན་ཡོད།
དུས་རྒྱུན་མི་མང་པོ་ཞིག་གིས་ཆང་འོས་འཚམ་འཐུང་ན་བདེ་ཐང་ལ་ཕན་པར་འདོད་དེ། ཆང་དམར་ཉུང་ཙམ་འཐུང་ན་ཁྲག་རྩའི་འཁོར་རྒྱུག་དང་ཁམས་ཇེ་དྭངས་སུ་འགྲོ་བ། གཉིད་ཁུགས་རྒྱུར་ཕན་པ་བཅས་ཀྱི་སྨན་མཆོག་ལྟ་བུར་འདོད་མོད། འོན་ཀྱང་ད་ལྟའི་ཞིབ་འཇུག་པ་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཞིབ་འཇུག་ལས་མངོན་པ་ལྟར་ན། ཆང་འཐུང་ཤེས་བྱས་ན་བདེ་ཐང་ལ་གནོད་པ་སྤུ་ཙམ་ཡང་མེད་པའི་ཆང་ཞིག་རྩ་བ་ནས་མེད་པས། ཆང་རྒྱུན་འཐུང་ལ་དགའ་བ་དག་གིས་ཆང་སྔ་མོ་ནས་བཅད་ན་བཟང་།
ཅང་སུའུ་དབྱང་ཀྲོའུ་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོའི་འཇུ་བྱེད་ཁོག་ནད་ཚན་ཁག་གི་ཀྲུའུ་རེན་གཞོན་པ་ཀྲི་ཅེ་ཧྭ་ཡིས2023ལོར་མི་དམངས་ཉིན་རེའི་ཚགས་པར་གྱི་བདེ་ཐང་དུས་དེབ་ཏུ་བཀོད་པའི་རྩོམ་ཡིག་ལས་དྲན་སྐུལ་བྱ་རྒྱུར།ལུས་སྟེང་དུ་ཕྱོགས་འདི་བཞི་ནས་ན་བ་ཡིན་ན། ཆང་གཅོད་དགོས་པའི་ཉེན་བརྡའི་བརྡ་རྟགས་རེད།
བརྡ་རྟགས་དང་པོ། མཆིན་པ་ན་བ།
མཆིན་པ་ནི་ཆང་དུག་ཕོག་སའི་གནས་གཙོ་བོ་ཡིན། ཆང་རྒྱུན་འཐུང་བྱས་ན་མཆིན་པ་ན་བ་དང་མི་བདེ་བ། མཆིན་པའི་བྱེད་ནུས་རྒྱུན་ལྡན་མ་ཡིན་པ་བཅས་ཀྱི་རྟགས་མངོན་ཡོང་། དཔེར་ན། སྦས་པ་དང་འཚང་བ། ན་ཟུག་བསྐྱེད་པ་བཅས་ནི་མཆིན་པ་ན་བའི་རྒྱུན་མཐོང་གི་ནད་རྟགས་གཙོ་བོ་ཡིན།
བརྡ་རྟགས་གཉིས་པ། ཕོ་ཁ་ན་བ།
ཆང་གིས་ཕོ་བའི་འབྱར་སྐྱིའི་ངོས་དཀྲུགས་པ་དང་བསྟུན་ཕོ་སྐྱུར་ལངས་ན་རིམ་བཞིན་ཕོ་ཁའི་ནད་དང་ཕོ་ཁའི་རུལ་ནད་བྱུང་། ཕོ་ཁ་ན་བའི་རྒྱུན་མཐོང་ནད་རྟགས་ནི་གསུས་སྟོད་ན་བ་དང་ཕོ་ཁའི་ནང་ཚ་ལངས་པ། སྐྱུག་མེར་ལངས་པ། སྐྱུག་པ་སོགས་ཡིན།
བརྡ་རྟགས་གསུམ་པ། སྙིང་ལ་ཟུག་གཟེར་བསྐྱེད་པ།
ཆང་རྒྱུན་འཐུང་བྱས་ན་མཆིན་པར་གནོད་པ་ཁོ་ན་ཙམ་མ་ཡིན་པར་སྙིང་ལ་གནོད་སྐྱོན་ཐེབས་པའང་ཡོད། གཙོ་བོ་སྙིང་ལ་ཆང་དུག་ཕོགས་ནས་སྙིང་གི་འཕར་ལྡིང་རྒྱུན་ལྡན་མིན་པ་སོགས་ཀྱི་གནད་དོན་དང་འབྲེལ་ཡོད། དཔེར་ན། ཆང་རྒྱུན་འཐུང་བྱས་པའི་མི་ལ་སྙིང་མི་བདེ་བའི་ནད་རྟགས་མངོན་ཚུལ་ནི་སྙིང་ལ་ཟུག་གཟེར་བསྐྱེད་པ་དང་བྲང་ཁ་ན་བ། དབུགས་འཚང་བ། དབུགས་ལེན་དཀའ་བ་སོགས་ཡོད།
ཤ་གནད་དང་རུས་ཚིགས་ན་བ།
ཆང་དུག་གིས་ལུས་གསེང་གི་ཆུ་མང་པོ་ཤོར་ཡོད་པས་ཤ་གནད་དང་རུས་ཚིགས་ལ་གནོན་ཤུགས་སྟེར་གྱིན་ཡོད།
ཤ་གནད་ན་བ་དང་རུས་ཚིགས་ན་བ། དྲེག་སོགས་ཀྱི་གནད་དོན་རྒྱུན་པར་ཆང་འཐུང་དག་གི་སྟེང་དུ་མངོན་ཡོང་། དེའི་ནད་རྟགས་གཙོ་བོ་ནི་ཤ་གནད་བ་དང་རུས་ཚིགས་སྐྲངས་པའམ་ན་བ་སོགས་ཡོད།