གྱོད་དཔེ།
མཐོ་འབྲིང་མཐར་ཕྱིན་མ་ཐག་པའི་སྐལ་བཟང་རྫོང་ཐོག་ཏུ་ཞོར་ལས་ལ་སོང་ཞིང་། ཁོ་ལ་གོམས་འདྲིས་སུ་སོང་ཡོད་པའི་གྲོགས་པོ་ཞིག་གིས་རྩེད་ཆས་བཟོ་གྲྭ་ཞིག་ཏུ་བྱ་བ་ངོ་སྤྲོད་བྱས་ཏེ་ལས་ཚོགས་སུ་ཞུགས། ཁོས་བཟོ་གྲྭ་དེ་དང་ལོ་གཅིག་གི་ངལ་རྩོལ་གན་རྒྱ་བཞག་དོན། ལས་བཟོ་པའི་གླ་ཕོགས་ལ་གཞི་རྩའི་གླ་ཕོགས་དང་བྱ་དགའ་གཉིས་འདུས་པ་སྟེ། བྱ་དགའ་ནི་ཐོན་རྫས་ལེགས་པོར་གྲུབ་པའི་ཁ་གྲངས་ལ་བལྟས་ནས་གཏན་འཁེལ་བྱ་རྒྱུ་དང་། ཐོན་རྫས་གཅིག་ལེགས་འགྲུབ་བྱུང་ན་བྱ་དགའ་སྒོར་གཅིག་སྟེར་རྒྱུའི་ཁ་ཆད་བཞག སྐལ་བཟང་ནི་མི་ཧུར་བརྩོན་ཅན་ཞིག་ཡིན་པས་དུས་རྒྱུན་ལས་ཚོགས་གྲོལ་རྗེས་རང་འགུལ་གྱིས་ལས་སྣོན་བྱེད་པར་མ་ཟད། ཚད་ངེས་ཅན་ཞིག་གི་སྟེང་བཟོ་གྲྭའི་ལས་ཕྱོད་ལ་ནུས་པ་མི་དམན་ཞིག་བཏོན་ཡོད། ཡིན་ན་ཡང་གླ་ཕོགས་སྟེར་དུས། སྐལ་བཟང་གི་གླ་ཕོགས་དངོས་ནི་ལས་ཀ་ལས་ཚད་ཀྱི་ཕྱེད་ཀ་མ་གཏོགས་མེད་པས་ཁོའི་སེམས་སུ་ཐོན་རྫས་ཁ་གྲངས་ལེན་མཁན་གྱི་མགོ་བ་ནོར་འཆུག་བྱུང་སོང་སྙམ། ཡིན་ན་ཡང་བཟོ་གྲྭའི་ནོར་དོན་ཁྲུའུ་ཡིས་ཁོ་ལ་བཤད་རྒྱུར། ཁྱོད་ཀྱིས་དང་ཐོག་བཟོ་གྲྭ་དང་བཞག་པའི་ངལ་རྩོལ་གན་རྒྱ་རུ་ལས་སྣོན་གྱི་དོན་ཚན་བཀོད་མེད་པས། དེའི་སྐབས་ཀྱི་ལས་སྣོན་ནི་རང་མོས་ཡིན་པ་ལས་ལས་སྣོན་ལྟར་རྩིས་མི་རྒྱག་ཟེར།
བཅའ་ཁྲིམས་དབྱེ་ཞིབ།
གྱོད་དོན་འདིའི་ཁྲོད་དུ། བཟོ་གྲྭ་འདིས་གླ་ཕོགས་སྤྲོད་སྟངས་ལ་གཏན་འཁེལ་གསལ་པོ་བྱས་ཡོད་པས། གན་རྒྱ་ལྟར་གླ་ཕོགས་སྟེར་དགོས། ཡིན་ན་ཡང་བཟོ་གྲྭ་འདི་གས་སྐལ་བཟང་གིས་རང་མོས་ངང་ལས་སྣོན་བྱས་པར་ཁ་གཡར་ནས་དེ་མཚུངས་ཀྱི་ལས་སྣོན་གླ་ཕོགས་སྤྲད་རྒྱུ་དང་ལེན་མ་བྱས། དེ་ནི་ཁྲིམས་འགལ་གྱི་བྱ་སྤྱོད་ཅིག་ཡིན། རང་རྒྱལ་གྱི《ངལ་རྩོལ་གན་རྒྱའི་བཅའ་ཁྲིམས》ཀྱི་དོན་ཚན30པའི་གཏན་འཁེལ་ལྟར་ན།“མི་ཤུགས་བཀོལ་སྤྱོད་ལས་ཁུངས་ཀྱིས་ངལ་རྩོལ་གན་རྒྱའི་ཁ་ཆད་དང་རྒྱལ་ཁབ་ཀྱི་གཏན་འཁེལ་ལྟར་ངལ་རྩོལ་པར་དུས་ཐོག་ཏུ་ངལ་རྩོལ་གྱི་གླ་ཕོགས་ཆ་ཚང་སྤྲད་དགོས། མི་ཤུགས་བཀོལ་སྤྱོད་ལས་ཁུངས་ཀྱིས་ངལ་རྩོལ་གླ་ཕོགས་ཕྱིར་འགྱངས་བྱས་པའམ་ཆ་ཚང་སྤྲད་མེད་ན། ངལ་རྩོལ་པས་ཁྲིམས་ལྟར་ས་གནས་དེ་གའི་མི་དམངས་ཁྲིམས་ཁང་ལ་གཏོང་སྤྲོད་བཀའ་རྒྱ་རེ་ཞུ་བྱས་ཆོག་པ་དང་། མི་དམངས་ཁྲིམས་ཁང་གིས་ཁྲིམས་ལྟར་གཏོང་སྤྲོད་བཀའ་རྒྱ་གཏང་དགོས”ཞེས་བཀོད་ཡོད། སྐལ་བཟང་གི་གནས་ཚུལ་འདི་ལྟ་བུར་དམིགས་ན། བཟོ་གྲྭ་འདི་གས་གན་རྒྱ་རུ་གཞི་རྩའི་གླ་ཕོགས་སྟེང་བྱ་དགའ་སྣོན་པའི་གླ་ཕོགས་ཚད་གཞི་ལག་བསྟར་བྱ་རྒྱུའི་གཏན་འཁེལ་གསལ་པོ་བྱས་ཡོད་ནའང་། སྐལ་བཟང་ལ་ལས་ཀ་ལས་ཚད་ལྟར་གླ་ཆ་མ་སྤྲད་པས་ཁོས་ཁྲིམས་ལྟར་མི་དམངས་ཁྲིམས་ཁང་ལ་གཏོང་སྤྲོད་བཀའ་རྒྱ་གཏང་དགོས་པའི་རེ་ཞུ་དབུལ་ཆོག