དྲ་ལམ་རོལ་རྩེད་ཨང་གྲངས་སྟེང་གི་སྒོར་མོ་མེད་པར་གྱུར་ན་ཇི་ལྟར་བྱ། བློ་མཐུན་རྩོམ་སྒྲིག་པ་ལགས། ང་ནི་དགའ་ཕྱོགས་ཁོ་ནས་མགོ་རྨོངས་པར་བྱས་པ་ཡིན་ནམ། རྟག་ཏུ་ལས་གང་ལའང་འཇུག་མི་འདོད་པར་ཉི་མ་འཁྱོལ་ཐབས་ཙམ་གྱིས་དྲ་ལམ་རོལ་རྩེད་ལ་ཞུགས་པས་ད་ལྟ་གོམས་གཤིས་ངན་པ་དེར་བཅོས་བསྒྱུར་བྱེད་ཐབས་ཡེ་ནས་མི་འདུག ཉིན་ཞིག་ངས་རོལ་རྩེད་དེ་ལས་མི་ཆ་མེད་ཅིག་ལ་འགྲན་བཙུགས་ནས་གནས་བབ་ཤིན་ཏུ་ཛ་དྲག་ཡིན་དུས། གློ་བུར་རོལ་རྩེད་ཀྱི་ཨང་གྲངས་ལས་སྒོར་མོ་ཚར་ཏེ་མུ་མཐུད་དུ་འགྲན་སྡུར་རྒྱུན་སྐྱོང་མ་ཐུབ་པས། ངས་འཕྲལ་དུ་ཨང་གྲངས་སྟེང་སྒོར་སྟོང3བཞག་སྟེ་རྟོག་བཟོའི་དམག་ཆས་གྱ་ནོམ་པ་ཞིག་ཉོས། ཉེ་ལམ་ངའི་རོལ་རྩེད་ཀྱི་ཨང་གྲངས་གཞན་གྱིས་བརྐུས་སོང་བའི་ཁར་རྟོག་བཟོའི་རྒྱུ་ནོར་དག་ཀྱང་གར་སོང་ཆ་མ་འཚལ། དེ་བས་ངས་དྲ་ལམ་རོལ་རྩེད་ཀུང་སི་དེ་གར་རང་ཉིད་ཀྱི་ཨང་གྲངས་སླར་གསོ་བྱ་དགོས་པའི་རེ་བ་བཏོན་པ་ན། ཀུང་སི་དེ་གས་རང་གི་ཨང་གྲངས་ལ་རང་གིས་བདག་པོ་རྒྱག་དགོས་པའི་གནས་ལུགས་བཤད་དེ་ཨང་གྲངས་སླར་གསོ་བྱ་རྒྱུར་གཏན་ནས་ཁས་མ་བླངས། འདིར་ཁྱེད་བཅའ་ཁྲིམས་བློ་སྟོན་ཁང་ལ་དྲི་རྒྱུ་ཞིག་ཡོད་པ་ནི་ངའི་རོལ་རྩེད་ཨང་གྲངས་སྟེང་གི་སྒོར་མོ་འདི་ལྟར་གར་སོང་ཆ་མ་འཚལ་ན་ཇི་ལྟར་བྱ། ཞེས་བྱམས་པ་ཡིས། བློ་མཐུན་བྱམས་པ་ལགས། རང་རྒྱལ་གྱི་དམངས་དོན་ཁྲིམས་གཞུང་གི་གཏན་འཁེལ་ལ་གཞིགས་ན། དྲ་ལམ་རྟོག་བཟོའི་རྒྱུ་ནོར་ལ་བཅའ་ཁྲིམས་ཀྱིས་སྲུང་སྐྱོབ་འཐོབ་ངེས། རོལ་རྩེད་ཀུང་སི་དེ་ག་ཞབས་ཕྱི་མཁོ་འདོན་མཁན་ཡིན་པའི་ངོས་ཐད་ནས་རོལ་རྩེད་ལ་ཞུགས་མཁན་དག་གི་ཨང་གྲངས་དང་རྟོག་བཟོའི་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱེད་པའི་འོས་འགན་ཡོད། དེར་བརྟེན། ཁྱོད་ཀྱིས་རོལ་རྩེད་ཀུང་སི་དེ་གས་བདེ་འཇགས་འགན་ལེན་འོས་འགན་མ་ཐེག་པ་གནས་ལུགས་སུ་བཟུང་སྟེ། རོལ་རྩེད་ཀུང་སི་དེ་གར་ཁ་ཆད་དང་འགལ་བའི་འགན་འཁྲི་འཁུར་དགོས་པ་དང་།རྟོག་བཟོའི་རྒྱུ་ནོར་སླར་གསོ་དང་ཁྱོད་ཀྱི་གྱོང་གུད་ལ་སྐྱིན་ཚབ་གཞལ་དགོས་པའི་རེ་བ་གདོན་ཆོག ཅེས་འདི་གའི་བཅའ་ཁྲིམས་བློ་སྟོན་ཁང་གིས།