ཤེས་མེད་ཚོར་མེད་ངང་ལྔ་གཅིག་གུང་གསེང་མཇུག་རྫོགས་སོང་། ཕྱི་རོལ་ན་ད་དུང་རྩེད་བཞིན་པའི་གྲོགས་པོ་རྣམས་ཀྱང་ད་ལྟ་ཕྱིར་ལོག་མགོ་བརྩམས་ཡོད་ཕྱིར། བདེ་འཇགས་ཤེས་བྱར་སློབ་སྦྱོང་རེ་བྱ་རྒྱུ་སེམས་སུ་ཟུངས། ཟི་ལིང་འགྲིམ་འགྲུལ་ཉེན་རྟོག་པས་རྒྱ་ཆེའི་ཁ་ལོ་བ་རྣམས་ཀྱིས་ལམ་ལ་མ་ཆས་གོང་དུ་ལམ་ཐིག་ལ་འཆར་འགོད་བྱས་ནས་བདེ་འཇགས་ངང་ཕྱིར་ལོག་པར་དྲན་སྐུལ་བྱེད་བཞིན་མཆིས། བདེ་འཇགས་དྲན་སྐུལ། ལམ་ལ་མ་ཆས་གོང་དུ་གྲ་སྒྲིག་ལེགས་པོ་བྱོས། ཕྱིར་ལམ་ལ་མ་ཆས་གོང་དུ་རླངས་འཁོར་གྱི་བདེ་འཇགས་ལ་ཞིབ་བཤེར་བྱས་ཏེ། སྣུམ་དང་གློག་འདང་ངེས་ཡོང་བའི་འགན་ལེན་བྱེད་དགོས་ལ། མྱུར་བགྲོད་གཞུང་ལམ་དུ་མ་ཞུགས་པའི་སྔོན་ལ་གཞུང་ལམ་གྱི་གནས་ཚུལ་ལ་རྒྱུས་ལོན་བྱས་ནས་ལམ་ཐིག་ལ་འཆར་འགོད་བྱེད་དགོས། ཆང་འཐུང་བ་དང་ཤོང་ཚད་ལས་བརྒལ་ནས་རླངས་འཁོར་མ་སྐོར། མྱུར་ཚད་ལས་བརྒལ་བ་དང་ཤོང་ཚད་ལས་བརྒལ་བ། ཐེག་ཚད་ལས་བརྒལ་བ། ངལ་དུབ་ངང་རླངས་འཁོར་བསྐོར་བ་སོགས་འགྲིམ་འགྲུལ་དོན་རྐྱེན་འབྱུང་སླ་བའི་ཁྲིམས་འགལ་བྱ་སྤྱོད་ལ་རང་རྟོགས་ཀྱིས་བཀག་འགོག་བྱེད་དགོས་ལ། རླངས་འཁོར་དུ་སྡོད་མཁན་གྱིས་སྐྱོབ་ཐག་འཆིང་དགོས་ཤིང་། གཉེན་ཉེ་དང་གྲོགས་པོ་ལྷན་འཛོམས་བྱེད་སྐབས། ཆང་འཐུང་ནས་རླངས་འཁོར་མི་བསྐོར་བ་དང་། རླངས་འཁོར་བསྐོར་ན་ཆང་མི་འཐུང་བ་སེམས་སུ་དམ་པོར་འཛིན་དགོས། ཁྲིམས་ལ་བརྩི་སྲུང་བྱས་ནས་རླངས་འཁོར་བསྐོར་དགོས། སེམས་ཁམས་བརྟན་པོ་བྱས་ནས་ཁོང་ཁྲོའི་ངང་རླངས་འཁོར་མི་བསྐོར་བ་དང་། གང་འདོད་དུ་ལམ་མི་བསྒྱུར་བ། སེམས་གཡེང་ནས་རླངས་འཁོར་མི་བསྐོར་བཅས་བྱེད་དགོས་པ་དང་། གཞུང་ལམ་སྟེང་དལ་མོར་བགྲོད་དགོས་ལ་གཞུང་ལམ་སྟེང་རླངས་འཁོར་འགགས་ཚེ་གོ་རིམ་ལྡན་པའི་ངང་གྲལ་བསྒྲིགས་ནས་ལམ་མ་འཕྲོག་པར་བགྲོད་དགོས། སྐྱོབ་ཐག་འཆིང་ན་ཚེ་སྲོག་ལ་བདག་སྐྱོང་བྱས་པ་ཡིན། རླངས་འཁོར་ལ་བསྡད་ནས་ཕྱི་ལ་འགྲོ་དུས་སྐྱོབ་ཐག་འཆིང་དགོས་ལ། རླངས་འཁོར་དུ་བྱིས་པ་ཁྲིད་ནས་འགྲོ་སྐབས། བྱིས་པར་འཚམས་པའི་བདེ་འཇགས་འདུག་སྟེགས་སུ་སྡོད་དུ་འཇུག་དགོས་པ་ལས། བྱིས་པ་པང་དུ་འཛིན་པའམ་ཡང་ན་བྱིས་པ་ཁ་ལོ་བ་གཞོན་པའི་འདུག་གནས་སུ་སྡོད་དུ་འཇུག་མི་རུང་། ཁྲིམས་མཐུན་གྱི་སྐྱེལ་འདྲེན་རླངས་འཁོར་འདེམ་དགོས། གལ་ཏེ་གུང་གསེང་ནས་ཕྱིར་ལོག་པའི་ལམ་དུ་གཞུང་ལམ་འགྲུལ་སྐྱེལ་འདེམས་དགོས་ན། ཚད་ལྡན་གྱི་འགྲུལ་སྐྱེལ་ས་ཚིགས་སུ་སོང་ནས་ཁྲིམས་མཐུན་གྱི་གཉེར་སྐྱོང་ཐོབ་ཐང་ཡོད་པའི་རླངས་འཁོར་ལ་འདུག་དགོས། ས་ཚིགས་ཕྱི་རོལ་དང་གཞུང་ལམ་འགྲམ་དུ་གང་འདོད་ལྟར་རླངས་འཁོར་གཞན་ལ་གཏན་ནས་འདུག་མི་རུང་། འགྲིམ་འགྲུལ་དོན་རྐྱེན་བྱུང་ཚེ་འཚུབ་ཆ་ལངས་མི་དགོས། མྱུར་བགྲོད་གཞུང་ལམ་དུ་འགྲིམ་འགྲུལ་དོན་རྐྱེན་བྱུང་ཚེ། རླངས་འཁོར་ལམ་འགྲམ་དུ་བཞག་རྗེས། རླངས་འཁོར་ནང་གི་མི་མྱུར་དུ་ཡུལ་དངོས་དང་ཁ་ཐག་རིང་བོར་སོང་རྗེས་ད་གཟོད་གྱོད་དོན་སྙན་སེང་ཞུ་དགོས། གྲོང་ཁུལ་གྱི་བགྲོད་ལམ་དུ་འགྲིམ་འགྲུལ་དོན་རྐྱེན་ཆུང་བ་རེ་བྱུང་བ་ཡིན་ན། བདེན་དཔང་བླངས་རྗེས་གང་མགྱོགས་ངང་རླངས་འཁོར་གནས་གཞན་དུ་བསྣུར་ནས། མགྱོགས་མྱུར་ངང་སྐྱིན་ཚབ་འཇལ་པའི་གོ་རིམ་བརྒྱུད་དེ། འགྲིམ་འགྲུལ་ཤུགས་རྐྱེན་མི་འབྱུང་བར་བྱ་དགོས།