གྱོད་དཔེ།
ཚེ་བྱམས་དང་འཛོམས་སྐྱིད་གཉིས་ལོ་ན་གཞོན་དུས་མཛའ་གྲོགས་བསྒྲིགས་ཏེ་ཟླ་ངོ་འགའ་འགོར། ཡུན་གྱིས་ཕྱོགས་གཉིས་ཀས་ཕན་ཚུན་གྱི་གཤིས་ཀ་མི་མཐུན་པས་མཉམ་དུ་འདུག་ཐབས་མེད་པར་བསམས་ནས་སོ་སོར་བྲལ། དེའི་རྗེས་སུ། ཚེ་བྱམས་དང་འབྲུག་མོ་གཉིས་ངོ་ཤེས་སུ་གྱུར་ལ། ཁོ་གཉིས་བར་གྱི་བརྩེ་དུང་འོ་ཆུ་བཞིན་འདྲེས་པས། ཡུན་རིང་མ་འགོར་བར་ཁོ་གཉིས་ཀྱིས་གཉེན་སྒྲིག་ཐོ་འགོད་བྱས། ཏག་ཏག་ཚེ་བྱམས་དང་འབྲུག་མོ་གཉིས་གཉེན་བསྒྲིགས་ནས་ཅང་མ་འགོར་བར། འཛོམས་སྐྱིད་ཀྱིས་ཚེ་བྱམས་བཙལ་ཏེ་ཚེ་བྱམས་རང་དང་ཁ་གྱེས་ནས་ཡུན་རིང་མ་འདས་པར། མོར་ཚེ་བྱམས་ཀྱི་བུ་ཕྲུག་ཆགས་པ་ཤེས་ལ། ཟླ་ངོ་བཅུའི་རིང་ལ་མངལ་སྦྲུམ་མཐར་བུ་མོ་བདེ་སྐྱིད་སྐྱེས་ཡོད་པར་བཤད། དོན་དག་དེ་ཤེས་རྗེས། ཚེ་བྱམས་ལ་ནོངས་འགྱོད་ཆེན་པོ་སྐྱེས་ཤིང་། རང་ལ་ཟླ་ཕོགས་སྒོར་ཁྲི1རེ་ཡོད་པས། བུ་མོ་བདེ་སྐྱིད་ལ་ཟླ་རེར་གསོ་སྐྱོང་གྲོན་དངུལ་སྒོར2000རེ་བྱིན་ནས་བུ་མོ་ནར་སོན་རག་བར་དུ་གསོ་སྐྱོང་བྱེད་རོགས་བྱ་རྒྱུའི་ཐག་བཅད། ཡིན་ནའང་ཚེ་བྱམས་ཀྱིས་ལོ་ལྔའི་རིང་ལ་གསོ་སྐྱོང་གྲོན་དངུལ་བྱིན་རྗེས་རྦད་དེ་སྟེར་མཚམས་བཞག རྒྱུས་ལོན་པ་ལྟར་ན། ཚེ་བྱམས་ཀྱི་ཆུང་མ་འབྲུག་མོས་ཚེ་བྱམས་ཀྱིས་གསོ་སྐྱོང་གྲོན་དངུལ་སྟེར་བཞིན་པ་ཤེས་རྗེས་ཁོང་ཁྲོ་ཆེན་པོ་ལངས་ཏེ། ཚེ་བྱམས་ཀྱིས་བཟའ་ཟླ་གཉིས་ཀྱི་ཐུན་མོང་རྒྱུ་ནོར་ལས་གསོ་སྐྱོང་གྲོན་དངུལ་སྟེར་མི་ཆོག་པར་སྙམ་པས། ཚེ་བྱམས་ཀྱིས་གསོ་སྐྱོང་གྲོན་དངུལ་སྟེར་མཚམས་མི་འཇོག་ཀ་མེད་བྱུང་། གསོ་སྐྱོང་གྲོན་དངུལ་སྟེར་མཚམས་བཞག་རྗེས་བུ་མོ་བདེ་སྐྱིད་ཀྱིས་ཚེ་བྱམས་ཁྲིམས་ཁང་ལ་གཏུགས་ནས་ཁོས་སྔོན་གྱི་ཁ་ཆད་ལྟར་གསོ་སྐྱོང་གྲོན་དངུལ་སྟེར་དགོས་པའི་རེ་བ་བཏོན།
གྱོད་དོན་དབྱེ་ཞིབ།
ཚེ་བྱམས་ལ་དོན་དམ་དུ་བུ་མོ་བདེ་སྐྱིད་ལ་གསོ་སྐྱོང་གྲོན་དངུལ་སྟེར་བའི་འོས་འགན་ཡོད་དམ། 《དམངས་དོན་ཁྲིམས་གཞུང》གི་དོན་ཚན1071པའི་གཏན་འབེབས་ལྟར་ན། གཉེན་མ་བསྒྲིགས་པར་སྐྱེས་པའི་བུ་ཕྲུག་ལ་གཉེན་བསྒྲིགས་ནས་སྐྱེས་པའི་བུ་ཕྲུག་དང་འདྲ་མཉམ་གྱི་ཁེ་དབང་ཡོད་པས། རྩ་འཛུགས་དང་མི་སྒེར་གང་རུང་གིས་དེར་གནོད་འཚེ་གཏོང་བ་དང་མཐོང་ཆུང་བྱེད་མི་རུང་། བུ་ཕྲུག་ཐད་ཀར་སྙོར་སྐྱོང་བྱེད་ཀྱིན་མེད་པའི་ཕ་མ་ངོ་མས་ནར་མ་སོན་པའི་བུ་ཕྲུག་དང་ཡང་ན་ཁེར་ཚུགས་སུ་འཚོ་བ་རོལ་མི་ཐུབ་པའི་ནར་སོན་པའི་བུ་ཕྲུག་ལ་གསོ་སྐྱོང་གྲོན་དངུལ་སྟེར་བའི་འགན་འཁུར་དགོས། བུ་མོ་བདེ་སྐྱིད་སྐྱེས་སྐབས། ཚེ་བྱམས་དང་འཛོམས་སྐྱིད་གཉིས་གཉེན་བསྒྲིགས་མེད་མོད། ཡིན་ཡང་བདེ་སྐྱིད་ནི་དངོས་གནས་ཚེ་བྱམས་ཀྱི་ཤ་ལས་ཆད་པའི་བུ་ཕྲུག་ངོ་མ་ཡིན་ལ། བདེ་སྐྱིད་སྐབས་དེར་ད་དུང་ནར་སོན་མེད་པས་རང་ཁ་རང་གསོ་བྱེད་མི་ཐུབ། བདེ་སྐྱིད་ཀྱི་ཨ་ཕ་ངོ་མ་ཡིན་པའི་ཆ་ནས་ཚེ་བྱམས་ཀྱིས་བདེ་སྐྱིད་ལ་གསོ་སྐྱོང་གྲོན་དངུལ་སྟེར་བའི་འགན་འཁུར་དགོས། དེ་ཡང་ཚེ་བྱམས་ཀྱིས་ཟླ་རེར་བུ་མོ་བདེ་སྐྱིད་ལ་གསོ་སྐྱོང་གྲོན་དངུལ་སྒོར2000རེ་བྱིན་ན་མང་ཡོད་དམ་ཞེ་ན། གསོ་སྐྱོང་གྲོན་དངུལ་སྒོར2000སྟེར་རྒྱུ་ནི་ཚེ་བྱམས་དང་འཛོམས་སྐྱིད་གཉིས་ཀྱིས་གྲོས་བྱས་ནས་ཐག་བཅད་པ་ཡིན་ཞིང་། འཛོམས་སྐྱིད་ཀྱིས་ཚེ་བྱམས་ལ་བཙན་ཚུགས་ཀྱིས་གསོ་སྐྱོང་གྲོན་དངུལ་འབོར་ཆེན་སྟེར་དགོས་པའི་རེ་བ་བཏོན་མེད་པ་དང་། ཚེ་བྱམས་ལ་ཟླ་རེར་ཟླ་ཕོགས་སྒོར་ཁྲི1རེ་ཡོད་པས། ཟླ་རེར་གསོ་སྐྱོང་གྲོན་དངུལ་སྒོར2000རེ་སྟེར་རྒྱུ་དེ་ཚེ་བྱམས་ལ་མཚོན་ན་དཔལ་འབྱོར་གྱི་ཁུར་བོ་ལྕི་མོ་ཞིག་མ་རེད། འབྲུག་མོས་ཚེ་བྱམས་ཀྱིས་བཟའ་ཟླའི་ཐུན་མོང་རྒྱུ་ནོར་ལས་གསོ་སྐྱོང་གྲོན་དངུལ་སྟེར་བར་བཀག་འགོག་བྱས་པ་དེར་བཅའ་ཁྲིམས་ཀྱི་གཞི་འཛིན་ས་ཡོད་དམ་ཞེ་ན། 《དམངས་དོན་ཁྲིམས་གཞུང》གི་དོན་ཚན1062པའི་ཁོད་ཚན་དང་པོའི་ཚན་པ་དང་པོའི་གཏན་འབེབས་ལྟར་ན། བཟའ་ཟླའི་བར་གཉེན་སྒྲིག་གི་འབྲེལ་བ་ཡོད་པའི་དུས་ཡུན་ནང་གི་གླ་ཕོགས་དང་བྱ་དགའི་དངུལ་སོགས་ཡོངས་རྫོགས་བཟའ་ཟླའི་ཐུན་མོང་རྒྱུ་ནོར་དུ་གཏོགས་པ་ཡིན། ཚེ་བྱམས་དང་འབྲུག་མོ་གཉིས་ཀས་ཕྱོགས་གཉིས་ཀའི་རྒྱུ་ནོར་གྱི་བདག་དབང་ཐད་ཆེད་དུ་ཁ་ཆད་བཞག་མེད་པས། ཁོ་གཉིས་ཀྱི་གཉེན་སྒྲིག་གི་འབྲེལ་བ་ཡོད་པའི་དུས་ཡུན་ནང་གི་གླ་ཕོགས་དང་བྱ་དགའི་དངུལ་སོགས་བཟའ་ཟླ་ཐུན་མོང་གི་རྒྱུ་ནོར་དུ་གཏོགས་པ་ཡིན། བཟའ་ཟླ་གཉིས་ཀར་ཐུན་མོང་གི་རྒྱུ་ནོར་ལ་འདྲ་མཉམ་གྱི་ཐག་གཅོད་དབང་ཆ་ཡོད་ནའང་། ཁྱོ་གའམ་ཡང་ན་ཆུང་མ་སུ་ཡིན་རུང་གསོ་སྐྱོང་གི་འོས་འགན་ལག་བསྟར་བྱེད་པའི་དགོས་མཁོ་བསྐང་ཆེད་ལུགས་མཐུན་ངང་ཡོང་སྒོ་ཐག་གཅོད་བྱེད་པའི་དབང་ཆ་ཡོད་དེ། དེའི་ཐད་ཕྱོགས་གཉིས་ཀའི་བསམ་འཆར་གཅིག་མཐུན་མ་བྱུང་བར་རྐྱེན་བྱས་ཏེ་བཟའ་ཟླའི་ཐུན་མོང་རྒྱུ་ནོར་གྱི་དབང་ཆར་གནོད་འཚེ་བཏང་ཡོད་པར་ངོས་འཛིན་མི་རུང་སྟེ། དེ་ཡང་ཕྱོགས་གཅིག་གིས་བྱིན་པའི་གསོ་སྐྱོང་གྲོན་དངུལ་གྱི་གྲངས་འབོར་དེ་མངོན་གསལ་གྱིས་གང་དེའི་ནུས་པ་ལས་བརྒལ་བའམ་ཡང་ན་བཟའ་ཟླའི་ཐུན་མོང་རྒྱུ་ནོར་སྤོ་སྒྱུར་བྱེད་པའི་བྱ་སྤྱོད་ཡོད་པ་ཕུད། ཚེ་བྱམས་ཀྱིས་ཟླ་རེར་གསོ་སྐྱོང་གྲོན་དངུལ་སྒོར2000རེ་སྟེར་བ་དེ་ཁོར་མཚོན་ན་ཁུར་བོ་ལྕི་མོ་ཞིག་མིན་ལ། ཚེ་བྱམས་ལ་བཟའ་ཟླའི་ཐུན་མོང་རྒྱུ་ནོར་སྤོ་སྒྱུར་བྱེད་པའི་བྱ་སྤྱོད་ཡང་མེད་པས། འབྲུག་མོས་ཚེ་བྱམས་ཀྱིས་བུ་མོ་བདེ་སྐྱིད་ལ་གསོ་སྐྱོང་གྲོན་དངུལ་སྟེར་བར་བཀག་འགོག་བྱེད་མི་ཆོག །