༄༅། །མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན་གྱིས《མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་དང་མཁར་གྲོང་གི་འཚོ་བའི་བཙོག་ཆུ་བཅོས་སྐྱོང་མ་ལག་འཛུགས་སྐྲུན་བྱེད་པའི་ལག་བསྟར་ཇུས་གཞི》དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར།

ཡོང་ཁུངས། 2026ལོའི《མཚོ་སྔོན་སྲིད་དོན》འདོན་ཐེངས8པ།

༄༅། །མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན་གྱིས《མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་དང་

མཁར་གྲོང་གི་འཚོ་བའི་བཙོག་ཆུ་བཅོས་སྐྱོང་མ་ལག་འཛུགས་སྐྲུན་བྱེད་པའི་ལག་བསྟར་ཇུས་གཞི》དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར།

མཚོ་སྲིད་གཞུང་ལས་ཐིན﹝2026﹞ཨང13པ།

གྲོང་ཁྱེར་དང་རང་སྐྱོང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང་། ཞིང་ཆེན་སྲིད་གཞུང་གི་ཨུ་ཡོན་ལྷན་ཁང་དང་གཞུང་ལས་ཁང་། ཐིན། ཅུས་སོ་སོ་བཅས་ལ། 

《མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་དང་མཁར་གྲོང་གི་འཚོ་བའི་བཙོག་ཆུ་བཅོས་སྐྱོང་མ་ལག་འཛུགས་སྐྲུན་བྱེད་པའི་ལག་བསྟར་ཇུས་གཞི》ལ་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཐེངས95བའི་སྟེང་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། ད་ལྟ་ཁྱོད་ཚོར་དཔར་འགྲེམ་བྱས་པ་ཡིན་པས། ནན་ཏན་གྱིས་ལག་བསྟར་རྩ་འཛུགས་བྱ་དགོས། 

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན། 

2026ལོའི་ཟླ5བའི་ཚེས28ཉིན།

༄༅། །མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་དང་མཁར་གྲོང་གི་འཚོ་བའི་བཙོག་ཆུ་བཅོས་སྐྱོང་མ་ལག་འཛུགས་སྐྲུན་བྱེད་པའི་ལག་བསྟར་ཇུས་གཞི།

ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་སྐྲུན་པའི་བྱ་བའི་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་ཅིང་། ས་གཙང་དང་ཆུ་དྭངས་སྲུང་བའི་གཡུལ་འཐབ་གཏིང་ཟབ་ཏུ་སྤེལ་ནས།  འཚོ་བའི་གད་སྙིགས་དང་བཙོག་ཆུ་བཅོས་སྐྱོང་མ་ལག་ཆ་ཚང་བར་འཛུགས་པ་དང་།  མི་སྡོད་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་ཆེད།  རང་ཞིང་གི་དོན་དངོས་དང་ཟུང་དུ་སྦྲེལ་ནས་ཇུས་གཞི་འདི་བཟོས་པ་ཡིན།

གཅིག  སྤྱིའི་བླང་བྱ།

ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ཐོག  ཏང་གི་ཚོགས་ཆེན་ཉི་ཤུ་བ་དང་སྐབས་ཉི་ཤུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་།   ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་བརྟན་པོ་འཛུགས་པ་དང་།  སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་ཅིང་།  གནད་དོན་གྱིས་ཁ་ཕྱོགས་སྟོན་པ་དང་།  གཅིག་འདོམས་ཀྱིས་འཆར་འགོད་བྱེད་པ། གོ་རིམ་དབྱེ་ནས་ལག་ཏུ་བསྟར་བ་བཅས་རྒྱུན་འཁྱོངས་བྱས་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་དང་མཁར་གྲོང་གི་བཙོག་ཆུ་གཙང་བཟོ་སྒྲིག་བཀོད་འཛུགས་སྐྲུན་དང་འཁོར་སྐྱོད་ཐད་ཀྱི་ཞན་ཆ་མགྱོགས་མྱུར་གྱིས་གསབ་སྟེ། བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བའི་ཆུ་ཚད་རིམ་བཞིན་ཇེ་མཐོར་གཏང་དགོས།  

གཉིས། བྱ་བའི་དམིགས་འབེན།

(གཅིག)འཚོ་བའི་གད་སྙིགས་ཀྱི་གཙང་བཅོས་མ་ལག་ཆ་ཚང་བཟོ་དགོས། 2030ལོར་སླེབས་སྐབས།     ཞིང་ཆེན་ཡོངས་སུ་མེར་སྲེག་གཙོ་བོ་དང་། འཕྲོད་བསྟེན་ས་སྦས་ཕལ་བ་ཡིན་པའི་འཚོ་བའི་གད་སྙིགས་གནོད་མེད་ཅན་དུ་གཏོང་བའི་གཙང་བཟོ་མ་ལག་གཞི་རྩའི་ཆ་ནས་བསྐྲུན་དགོས་པ་དང་། གྲོང་ཁྱེར་དང་རྫོང་མཁར་གྱི་འཚོ་བའི་གད་སྙིགས་རིགས་དབྱེ་དང་སྒྲིག་བཀོད་བགོས་སྤྲོད་ལ་སྤུས་འདེགས་ནུས་སྐྱེད་ཐུབ་པ་བྱེད་ཅིང་། དག་གཙང་ཕན་མཐོའི་ངང་རིགས་དབྱེ་བསྡུ་ལེན་དང་སྐྱེལ་འདྲེན་མ་ལག་སྐྲུན་པ་དང་། ས་ཁུལ་གཞན་དག་གི་བསྡུ་གསོག་དང་བརྒྱུད་འདྲེན་མ་ལག་རྒྱུན་མཐུད་ངང་འཐུས་ཚང་དུ་གཏོང་ཞིང་། མེར་སྲེག་གཙང་བཟོ་ལག་རྩལ་དང་། ཆེད་ལས་གཉེར་སྐྱོང་མ་དཔེ།  གྲོན་དངུལ་འགན་སྲུང་དང་ལྟ་སྐུལ་དཔྱད་ཞིབ་རྐྱེན་སྲོལ་བཅས་གཞི་རྩའི་ཆ་ནས་ཆ་ཚང་དུ་གཏང་དགོས།    གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་ཐོན་ཁུངས་ཅན་དུ་བེད་སྤྱོད་བྱེད་ཕྱོད76%ཡན་ལ་སླེབས་པར་བརྩོན་དགོས།  གྲོང་ཁྱེར་དང་རྫོང་མཁར་གྱི་འཚོ་བའི་གད་སྙིགས་གནོད་མེད་ཅན་དུ་གཙང་བཟོ་བྱེད་ཕྱོད99%ཡན་སླེབས་པར་བྱས་ཏེ།  མེར་སྲེག་གཙང་བཟོ་བྱེད་ནུས་ཀྱིས་གཞི་རྩའི་ཆ་ནས་དགོས་མཁོ་སྐོང་ཐུབ་པར་བྱ་དགོས།  ཤང་དང་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་གནོད་མེད་ཅན་དུ་གཙང་བཟོ་བྱེད་ཕྱོད70%ཡན་ལ་སླེབས་པ་དང་།  བསྡུ་གསོག་དང་བརྒྱུད་འདྲེན་བྱེད་པའི་ནུས་པ་མངོན་གསལ་གྱིས་ཇེ་ཆེར་གཏང་དགོས།  ཞིང་སྡེ་དང་འབྲོག་ཁུལ་གྱི་འཚོ་བའི་གད་སྙིགས་བསྡུ་གསོག་དང་བརྒྱུད་འདྲེན་བྱེད་པའི་སྒྲིག་བཀོད་ཁེབས་ཕྱོད་མངོན་གསལ་གྱིས་མཐོ་རུ་བཏང་སྟེ།  ཚད་ལྡན་མིན་པའི་གད་སྙིགས་སྤུངས་ས་བཅོས་སྒྲིག་སྲ་བརྟན་བྱེད་ཕྱོད100%རུ་སྲུང་འཛིན་བྱ་དགོས། 

(གཉིས)ཕྱོགས་ཡོངས་ནས་འཚོ་བའི་བཙོག་ཆུ་བཅོས་སྐྱོང་གི་ཆུ་ཚད་ཇེ་མཐོར་གཏང་དགོས། 2030ལོར་སླེབས་སྐབས།  གྲོང་ཁྱེར་དུ་བསྐྲུན་པའི་ཁུལ་གྱི་འཚོ་བའི་བཙོག་ཆུ་ཐད་ཀར་འབུད་སྒོ་དང་བསྡུ་གསོག་དང་གཙང་བཟོའི་སྒྲིག་བཀོད་མེད་པའི་སྟོང་ཆ་ཕྱོགས་ཡོངས་ནས་གསབ་སྟེ།  གྲོང་ཁྱེར་དང་རྫོང་མཁར་གྱི་བཙོག་ཆུ་གཙང་བཟོ་བྱེད་པའི་ནུས་པས་གཞི་རྩའི་ཆ་ནས་དགོས་མཁོ་སྐོང་ཐུབ་པར་བྱ་དགོས།   གྲོང་ཁྱེར་གྱི་འཚོ་བའི་བཙོག་ཆུ་གཅིག་བསྡུས་ཀྱིས་བསྡུ་གསོག་བྱེད་ཕྱོད75%ཡན་ལ་སླེབས་པ་དང་། རྫོང་མཁར་གྱི་འཚོ་བའི་བཙོག་ཆུ་གཙང་བཟོ་བྱེད་ཕྱོད98%ཡན་ལ་སླེབས་པ།    གྲོང་ཁྱེར་གྱི་འདམ་རྫབ་གནོད་མེད་ཅན་དུ་གཙང་བཟོ་བྱེད་ཕྱོད92%(ས་ཁུལ་རིམ་པའི་གྲོང་ཁྱེར་དུ97%ལས་བརྒལ་བ)ལ་སླེབས་པ་བཅས་བྱེད་པ་དང་།  གྲོང་སྲིད་ཀྱི་སླར་སྐྱེ་ཆུ་བེད་སྤྱོད་བྱེད་ཚད་བརྟན་པོའི་ངང་ཇེ་མཐོར་གཏང་དགོས།   གྲོང་རྡལ་ཁུལ་གྱི་རྒྱུན་སྡོད་མི་འབོར་ཁྲི5ཡན་ཡོད་པའི་སྒྲིག་ཁོངས་གྲོང་རྡལ་དུ་བསྐྲུན་པའི་ཁུལ་ལ་སྦུག་དྲ་མེད་པའི་སྟོང་ཆ་གསབ་དགོས་པ་དང་།  མི་འབོར་ཁྲི1ཡན་ཡོད་པའི་སྒྲིག་ཁོངས་གྲོང་རྡལ་དང་རྨ་ཆུའི་འབབ་རྒྱུད་ཀྱི་སྒྲིག་ཁོངས་གྲོང་རྡལ་དུ་བསྐྲུན་པའི་ཁུལ་ཡོད་ཚད་ལ་བཙོག་ཆུ་གཙང་བཟོ་བྱེད་པའི་ནུས་པ་ཁྱོན་ཡོངས་སུ་ཁེབས་པར་བྱ་དགོས།

གསུམ། ལས་འགན་གཙོ་བོ།

(གཅིག)འཚོ་བའི་གད་སྙིགས་བཅོས་སྐྱོང་མ་ལག་གི་འཛུགས་སྐྲུན་དང་དོ་དམ་ལ་ཤུགས་བསྣན་དགོས། 

“འབྱུང་རྩ་ནས་རིགས་དབྱེ་བ་དང་། ས་ཁོངས་ལ་གཅིག་འདོམས་བྱེད་པ།  མེར་སྲེག་པ་སྔོན་དུ་འཇོག་པ། འཛུགས་སྐྲུན་དང་དོ་དམ་གཞི་གཅིག་བྱེད་པ”བཅས་ཀྱི་སྤྱིའི་རིག་ལམ་གཞིར་བཟུང་ནས།  ཞིང་ཆེན་ཡོངས་ཀྱི་གད་སྙིགས་གཙང་བཟོ་དེ་ས་རུ་སྦས་ནས་མེར་སྲེག་པའི་ཕྱོགས་སུ་རིགས་སྒྱུར་བར་སྐུལ་འདེད་གཏང་དགོས།  འཚོ་བའི་གད་སྙིགས་ས་ཁོངས་ཅན་དང་།  སྡེ་ཚོགས་ཅན།  གཞི་ཁྱོན་ཅན་བཅས་ཀྱི་སྒོ་ནས་ཐག་གཅོད་པར་སྐུལ་འདེད་གཏོང་ཞིང་།  ཁྲོམ་ར་ཅན་གྱི་འཁོར་རྒྱུག་དང་མ་ལག་ཅན་གྱི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས། གད་སྙིགས་སྒྲིག་བཅོས་ནུས་ལྡན་གོ་ཆོད་ཡིན་པ་ཁག་ཐེག་བྱ་དགོས། 

1. གད་སྙིགས་རིགས་དབྱེ་མ་ལག་ཆ་ཚང་དུ་གཏང་དགོས། ཏང་འཛུགས་སྐྱོང་གི་ཁྲིད་སྟོན་བྱེད་ཤུགས་ཇེ་དྲག་ཏུ་བཏང་ཐོག   སྡེ་ཁུལ་གྱི་ཏང་འཛུགས་སྐྱོང་དང“དམར་པོ་གཞིས་ལས”ཀྱི་སྤྱི་འདོམས་ནུས་པ་འདོན་སྤེལ་བྱེད་ཅིང་།  ཏང་ཡོན་གྱིས་སྣེ་ཁྲིད་དེ་དྲིལ་བསྒྲགས་དང་།   མཛུབ་སྟོན།  ལྟ་སྐུལ་བཅས་བྱས་ནས།   སྤྱི་པའི་ལས་ཁུངས་ཀྱིས་དཔེ་སྟོན་སྣེ་ཁྲིད་བྱེད་པར་སྐུལ་འདེད་གཏོང་བ་དང་། མི་སྣ་ཡོངས་ཐེ་ཞུགས་བྱེད་པའི་ཁོར་ཡུག་བསྐྲུན་དགོས། གད་སྙིགས་རིགས་དབྱེའི་ཚད་གཞི་དང་སྦྲེལ་ཐག་ཧྲིལ་བོའི་དོ་དམ་ལམ་ལུགས་འཐུས་ཚང་དུ་བཏང་ནས། ཐོན་སྐྱེད་དང་འཁོར་རྒྱུག  འཛད་སྤྱོད།  འཕེན་གཏོང་བཅས་ཀྱི་ལྷུ་ཚིགས་སོ་སོར་འགོག་སྡོམ་བྱེད་ཤུགས་ཆེ་རུ་གཏང་དགོས།   ལྟ་སྐུལ་དོ་དམ་ལམ་ལུགས་ཆ་ཚང་དུ་གཏོང་བ་དང་།   ཞུ་གཏུག་ཐབས་ལམ་ཤར་བགྲོད་ཐུབ་པར་བྱས་ཏེ།   ཞིང་སྡེ་དང་འབྲོག་ཁུལ་གྱི་རིགས་དབྱེ་ཚུར་བསྡུའི་བྱ་དགའི་རྐྱེན་སྲོལ་འཚོལ་ཞིབ་བྱ་དགོས།  གད་སྙིགས་རིགས་དབྱེའི་སྒྲིག་བཀོད་ཀྱི་ཞན་ཆ་གསབ་པ་དང་།  རིགས་དབྱེ་སྡུད་གསོག་གི་སྒྲིག་བཀོད་དང་སྐྱེལ་འདྲེན་རླངས་འཁོར་ཆ་ཚང་བར་སྒྲིག་ཅིང་། བསྡུ་རུང་དངོས་རྫས་སྡུད་འགྲེམ་བྱ་ཡུལ་དང་།  དབྱེ་གསེད་ལྟེ་གནས།   གད་སྙིགས་གཙང་བཟོ་བཟོ་གྲྭ་ཆེ་གྲས་བཅས་གཅིག་འདོམས་ཀྱིས་བསྐྲུན་ནས། རིན་ཐང་དམའ་བའི་བསྡུ་རུང་དངོས་རྫས་བེད་སྤྱོད་བྱེད་པར་སྐུལ་འདེད་གཏང་དགོས།   དུས་མཚུངས་སུ་འཛུགས་སྐྲུན་གད་སྙིགས་ཕྱོགས་བསྡུས་བེད་སྤྱོད་བྱེད་པར་བརྟན་བརླིང་ངང་སྐུལ་འདེད་ཧུར་ཐག་གཏང་དགོས།  ﹝གྲོང་ཁྱེར་རམ་ཁུལ་དང་རྫོང(གྲོང་ཁྱེར་དང་ཆུས)སོ་སོའི་སྲིད་གཞུང་དང་། ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན།  ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན།  ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན།  ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན། ཞིང་ཆེན་ཚོང་དོན་ཐིན། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། ཞིང་ཆེན་ཐད་གཏོགས་ལས་ཁུངས་ལས་དོན་དོ་དམ་ཅུས།  ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་བཅས་ཀྱིས་ལས་ཁུར་དབྱེ་བགོས་ལྟར་འགན་འཁུར་དགོས།  གཤམ་གྱི་འགན་ཚང་མ་གྲོང་ཁྱེར(ཁུལ)དང་། རྫོང(གྲོང་ཁྱེར་དང་ཆུས)མི་དམངས་སྲིད་གཞུང་གིས་ཁུར་ནས་དོན་འཁྱོལ་བྱ་དགོས་པས་བསྐྱར་དུ་མི་འགོད﹞

2.གད་སྙིགས་སྡུད་གསོག་དང་སྐྱེལ་འདྲེན་བྱེད་པའི་མ་ལག་འཐུས་ཚང་དུ་གཏང་དགོས། གྲོང་ཁྱེར་དང་རྫོང་མཁར་གྱི་སྡུད་གསོག་དང་བརྒྱུད་འདྲེན་གྱི་སྒྲིག་བཀོད་གསར་སྒྱུར་དང་། ཆག་གྲུམ་ཤོར་བའི་སྒྲིག་བཀོད་རྙིང་པ་སྒྱུར་བཀོད་བྱས་ཏེ། སིམ་འཚག་གཤེར་ཁུ་གཙང་བཟོ་དང་། དྲི་ངན་གཙང་སེལ། འཛེར་སྒྲ་ཆུང་གཏོང་སོགས་ཀྱི་གནད་དོན་ཐག་བཅད་ནས་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་ཚད་ཇེ་ཆུང་དུ་གཏང་དགོས། ས་ཁོངས་ཀྱི་དགོས་མཁོ་ལྟར་སྡུད་གསོག་སྒྲིག་བཀོད་ལུགས་མཐུན་གྱིས་སྡེབ་སྒྲིག་བྱེད་ཅིང་།  ཤང་དང་གྲོང་རྡལ་གྱི་ཞིང་སྡེའི་སྡུད་གསོག་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ་དང་།  ཤར་རྒྱུད་ཀྱི་མི་འབོར་མང་འདུས་ས་ཁུལ་དུ་སྡེ་བ་སྡེ་ཚན་དུ་བྱས་ཏེ་དམ་བསུམ་རྣམ་པའི་སྡུད་གསོག་ས་ཚིགས་གཟུག་དགོས་པ་དང་། ནུབ་རྒྱུད་དང་མཚོ་སྔོན་ལྷོ་རྒྱུད་ཀྱི་མི་འབོར་ཁ་ཐོར་ས་ཁུལ་དུ་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། འོས་འཚམ་གྱི་ས་ཁོངས་སུ་སྒོ་སྡོམ་རྣམ་པའི་སྡུད་གསོག་ས་ཚིགས་གཟུག་དགོས། དབྱེ་གསེད་དང་ཚགས་སྡོམ། གསོག་ཉར་བཅས་ཀྱི་རྩོལ་ནུས་གཞི་གཅིག་ཡིན་པའི་བརྒྱུད་འདྲེན་ས་ཚིགས་ཆེ་འབྲིང་འཛུགས་པར་ཡུལ་བབ་དང་བསྟུན་ནས་སྐུལ་འདེད་གཏོང་བ་མ་ཟད། ཚགས་སྡོམ་བརྒྱུད་འདྲེན་རླངས་འཁོར་ཆ་འགྲིག་བསྒྲིག་དགོས། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་སྡུད་གསོག་དང་སྐྱེལ་འདྲེན་མ་དཔེ་ཁྱབ་སྤེལ་གཏོང་བ་དང་། སྲིད་གཞུང་གིས་ཞབས་ཕྱི་ཉོ་སྒྲུབ་བྱེད་པར་བརྟེན་ནས་ཕྱོགས་གསུམ་པའི་གཉེར་སྐྱོང་ལེགས་འདེམས་བྱས་ཏེ། སྲིད་གཞུང་གིས་གཙོ་ཁྲིད་དང་། ཁེ་ལས་ཀྱིས་གཉེར་སྐྱོང་། དམངས་ཡོངས་ཐེ་ཞུགས་བཅས་བྱེད་པའི་བཅོས་སྐྱོང་རྐྱེན་སྲོལ་གཟུག་དགོས། (ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན་དང་། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་བཅས་ཀྱིས་ལས་ཁུར་དབྱེ་བགོས་ལྟར་འགན་འཁུར་དགོས)

3.གཙང་བཟོ་སྒྲིག་བཀོད་འཛུགས་སྐྲུན་བྱེད་པར་གོམ་ཁ་བརྟན་པོས་སྐུལ་འདེད་གཏང་དགོས། གད་སྙིགས་མེར་བསྲེགས་ནས་གཙང་བཟོ་བྱེད་པའི་སྒྲིག་བཀོད་བརྒྱུད་རིམ་ལྡན་པའི་སྒོ་ནས་འཛུགས་སྐྲུན་བྱས་ཏེ། ཉིན་རེར་འཚོ་བའི་གད་སྙིགས་ཏུན100ཡན་གཙང་སེལ་སྐྱེལ་འདྲེན་བྱེད་པའི་ས་ཁུལ་དུ་རྩ་དོན་ཐོག་གད་སྙིགས་སྦས་གནས་གསར་སྐྲུན་མི་བྱེད་པར། མེར་སྲེག་གཙང་བཟོ་སྒྲིག་བཀོད་ལོགས་སུ་འཛུགས་ཆོག  ཉིན་རེར་འཚོ་བའི་གད་སྙིགས་ཏུན100མན་གཙང་སེལ་སྐྱེལ་འདྲེན་བྱེད་པའི་ས་ཁུལ་དུ་ས་ཁོངས་ལས་བརྒལ་ཏེ་གཅིག་གྱུར་འཆར་འགོད་བྱེད་པ་སོགས་ཀྱི་ཐབས་ལ་བརྟེན་ནས་གད་སྙིགས་མེར་སྲེག་གི་སྒྲིག་བཀོད་ཆུང་གྲས་སྐྲུན་པ་དང་། སྐྱ་ཐལ་གཙང་བཟོ་བྱེད་པའི་ལས་གཞི་ཆ་འགྲིག་སྒྲིག་སྦྱོར་བྱས་ནས།    ཐལ་རྡུལ་དང་སྙིགས་རོ་གཙང་བཟོའི་བྱ་བ་ཚད་ལྡན་དུ་གཏང་དགོས། འབུད་གཏོང་གི་ཚད་ལོངས་མེད་པ་དང་། འཁོར་སྐྱོད་བརྟན་པོ་མིན་པ། ཡུན་རིང་ལ་སྐྱེལ་འདྲེན་བྱེད་མཚམས་བཞག་པ་བཅས་ཀྱི་མེར་སྲེག་གི་སྒྲིག་བཀོད་ཆུང་གྲས་བརྒྱུད་རིམ་ལྡན་པའི་ངང་གསེས་འདོར་བྱ་དགོས། གད་སྙིགས་ས་སྦས་སྒྲིག་བཀོད་ལུགས་མཐུན་གྱིས་འཆར་འགོད་དང་འཛུགས་སྐྲུན་བྱས་ཐོག   སྐྱེ་ཁམས་སྲུང་སྐྱོབ་ཐིག་དམར་གྱི་ཕྱི་རོལ་དང་མེ་སྲེག་གཙང་བཟོ་བྱེད་འཐུས་རང་བཞིན་མི་འདང་བའི་ས་ཁུལ་དུ་ཚད་གཞིའི་བླང་བྱ་དང་མཐུན་པའི་སྦས་གནས་སོར་འཇོག་གམ་གསར་སྐྲུན་བྱེད་ཆོག་ལ། ནམ་རྒྱུན་གྱི་ལྟ་འཇལ་དང་སིམ་འཚག་གཤེར་ཁུ་གཙང་བཟོ་བྱེད་པར་ཤུགས་བསྣན་ནས། ཁོར་ཡུག་ལ་ཉེན་ཁ་བཟོ་བའི་མངོན་མེད་རྐྱེན་ངན་འགོག་སྡོམ་ནུས་ལྡན་བྱ་དགོས། (ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན་དང་། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན།  ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན།  ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན། ཞིང་ཆེན་ནོར་སྲིད་ཐིན་བཅས་ཀྱིས་ལས་ཁུར་དབྱེ་བགོས་ལྟར་འགན་འཁུར་དགོས)

4.ད་ཡོད་ཀྱི་གད་སྙིགས་སྦས་གནས་ཚན་རིག་དང་མཐུན་པར་བཅོས་སྐྱོང་བྱ་དགོས། ཤང་དང་གྲོང་རྡལ་གྱི་འཚོ་བའི་གད་སྙིགས་སྦས་གནས་དང་དངོས་ཡོད་སྦས་ཚད་དེ་ཇུས་འགོད་དང་གཙང་བཟོའི་ནུས་པ་ལས་བརྒལ་བའི་གྲོང་ཁྱེར(རྫོང་མཁར)གྱི་འཚོ་བའི་གད་སྙིགས་སྦས་གནས་ལ། ལུགས་མཐུན་གྱི་ཐབས་བཀོད་སྤྱད་དེ་ཕྱོགས་བསྡུས་ཀྱིས་བསྒྱུར་བཀོད་བྱེད་ཅིང་། ཆར་ཆུ་དང་བཙོག་ཆུ་ཁག་བགོས་དང་། ཁོར་ཡུག་བརྟག་འཇལ། སིམ་འཚག་གཤེར་ཁུ་གཙང་བཟོ་གཏིང་ཟབ་བྱེད་པ་སོགས་ཀྱི་སྒྲིག་བཀོད་འཐུས་ཚང་དུ་བཏང་ནས།  སིམ་འགོག་དང་འདྲེན་གཏོང་། ས་འགེབས་པ་བཅས་ཀྱི་ཚད་གཞི་ཇེ་མཐོར་གཏང་དགོས། སྦགས་བཙོག་གི་མངོན་མེད་རྐྱེན་ངན་ཡོད་པའི་གད་སྙིགས་སྦས་གནས་བཅོས་སྐྱོང་བྱས་ནས། སིམ་འཚག་གཤེར་ཁུ་གཙང་བཟོ་ནུས་པ་ཇེ་མཐོར་གཏོང་བ་དང་། ད་ཡོད་ཀྱི་སིམ་འཚག་གཤེར་ཁུའི་གསོག་འབོར་མགྱོགས་མྱུར་གྱིས་ཇེ་ཉུང་དུ་གཏང་དགོས། ཚད་ལྡན་གྱི་བླང་བྱ་གཞིར་བཟུང་ནས། སྐྱེལ་འདྲེན་བྱེད་མཚམས་བཞག་པའམ་ཡང་ན་བཀག་སྡོམ་ཆ་རྐྱེན་འཛོམས་པའི་གད་སྙིགས་སྦས་གནས་ལ་ཚད་ལྡན་ཅན་གྱི་སྒོ་རྒྱག་དང་སྐྱེ་ཁམས་སླར་གསོ་བྱེད་ཅིང་།  བཀག་སྡོམ་བྱས་ཟིན་པའི་གད་སྙིགས་སྦས་གནས་ལ་ཡུན་རིང་བརྟན་བརླིང་ཅན་གྱི་བརྟག་འཇལ་དང་ཉེན་ཁར་དཔྱད་དཔོག་བྱས་ཏེ། དུས་མཇུག་གི་དོ་དམ་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། སྦགས་བཙོག་འགོག་སྡོམ་བྱེད་པའི་ཆུ་ཚད་ཇེ་མཐོར་གཏང་དགོས།  (ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན་དང་། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་བཅས་ཀྱིས་ལས་ཁུར་དབྱེ་བགོས་ལྟར་འགན་འཁུར་དགོས)

5.གད་སྙིགས་སྐྱེལ་འདྲེན་དོ་དམ་མ་ལག་གསར་གཏོད་བྱ་དགོས། རྒྱུ་མང་ཅན་གྱི་མ་འཇོག་ཐབས་ལམ་འཛུགས་པ་དང་།   རྒྱལ་ཁབ་ཀྱི་མ་དངུལ་ཧུར་ཐག་གིས་བརྩོན་ལེན་བྱེད་ཅིང་། དངུལ་བསྡུའི་ཐབས་ལམ་རྒྱ་བསྐྱེད་དེ།  ཀྲུང་དབྱང་ཁེ་ལས་དང་སྤྱི་ཚོགས་ཀྱི་མ་རྩ་སྒྲིག་བཀོད་འཛུགས་སྐྲུན་དང་གཉེར་སྐྱོང་ནང་ཞུགས་པར་བསྔགས་སྐུལ་བྱས་ནས། ཕྱོགས་མང་པོའི་དངུལ་བསྡུའི་མཐུན་སྦྱོར་རྐྱེན་སྲོལ་གཟུག་དགོས།    གྲོང་ཚོ་བདག་སྲུང་རྐྱེན་སྲོལ་འཛུགས་པ་དང་། གཙང་སྦྲ་བྱེད་མཁན་ལ་དོ་དམ་དང་དྲ་མིག་ཅན་ལ་དོ་དམ་བྱེད་པའི་ལམ་ལུགས་ཆ་ཚང་བཙུགས་ནས། ཁོར་ཡུག་འཕྲོད་བསྟེན་དེ་སྡེ་སྲོལ་དམངས་ཆིངས་ནང་འཇུག་པ་དང་། དཔལ་ཡོན་གསར་གཏོད་ཀྱི་བྱེད་སྒོ་སྤེལ་ནས། ཚད་ལྡན་མིན་པའི་གད་སྙིགས་སྤུངས་ས་སྒྲིག་བཅོས་བྱས་པའི་གྲུབ་འབྲས་སྲ་བརྟན་དུ་གཏང་དགོས། སྡེ་ཁུལ་སྡེ་ཚན་དུ་བྱས་ཏེ་གད་སྙིགས་རིགས་དབྱེའི་དྲིལ་བསྒྲགས་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། “ལག་པ་ཆུང་བས་ཆེ་བ་འཐེན་པ”དང་། “གད་སྙིགས་རིགས་དབྱེ་སྡེ་ཁུལ་དུ་སྐྱོད་པ”སོགས་རྣམ་པ་མི་འདྲ་བར་བརྟེན་ནས་དམངས་ཡོངས་གད་སྙིགས་རིགས་དབྱེའི་ནང་ཞུགས་པའི་ཁོར་ཡུག་བཟང་པོ་བསྐྲུན་དགོས།(ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན་དང་། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན། ཞིང་ཆེན་སློབ་གསོ་ཐིན་བཅས་ཀྱིས་ལས་ཁུར་དབྱེ་བགོས་ལྟར་འགན་འཁུར་དགོས)

(གཉིས)འཚོ་བའི་བཙོག་ཆུ་བཅོས་སྐྱོང་བྱེད་པའི་ཕན་ནུས་ཇེ་ཆེར་གཏང་དགོས།

“གྲོང་ཁྱེར་སྤུས་འདེགས་ནུས་སྤེལ་དང་། རྫོང་མཁར་ཚད་འདེགས་ནུས་སྐྱེད། ཤང་དང་གྲོང་རྡལ་སྙོམས་སྒྲིག་ཁ་གསབ”བཅས་ཀྱི་རིག་ལམ་གཞིར་བཟུང་ཏེ། གཅིག་འདོམས་འཆར་འགོད་དང་། གྲོང་ཁྱེར་གྲོང་གསེབ་གཞི་གཅིག་དང་། ཡུལ་བབ་དང་བསྟུན་པ། ཚན་རིག་དང་མཐུན་པའི་ཇུས་བསྟར། འཛུགས་སྐྲུན་དང་དོ་དམ་མཉམ་འཛིན།  ཡུན་ཕན་བདག་སྐྱོང་བཅས་བྱས་ཏེ་མཁར་གྲོང་གི་འཚོ་བའི་བཙོག་ཆུ་སྡུད་གསོག་དང་། གཙང་བཟོ། སྐྱེལ་འདྲེན།  དོ་དམ་བཅས་བྱེད་པའི་མ་ལག་འཐུས་ཚང་དུ་བཏང་ནས། “བཟོ་གྲྭ་དང་དྲ་རྒྱ་གཞི་གཅིག་དང་། འཛུགས་སྐྲུན་དང་སྐྱེལ་འདྲེན་གཞི་གཅིག   གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག”བཅས་ཀྱི་བཅོས་སྐྱོང་མ་དཔེ་གསར་བ་གཟུག་དགོས། 

6.མཁར་གྲོང་གི་འཚོ་བའི་བཙོག་ཆུ་སྡུད་གསོག་དང་གཙང་བཟོ་བྱེད་པའི་ཕན་ནུས་ཆེ་རུ་གཏང་དགོས། “བཟོ་དྲ་མཉམ་འཛིན་དང་།  སྐྱོན་འཚོལ་ཆད་གསབ། འོས་འཚམ་སྔོན་བརྒལ། སྤུས་འདེགས་རིམ་སྤོར”བཅས་ཀྱི་རྩ་དོན་བརྩི་སྲུང་བྱས་ཏེ། སྒྲིག་བཀོད་དོ་མི་མཉམ་པ་དང་ཆ་མི་ཚང་བའི་གནད་དོན་ཐག་གཅོད་བྱ་དགོས། གྲོང་སྲིད་དང་སྡོད་ཁང་གཞིས་ཁུལ་གྱི་ཆུ་འབུད་སྦུག་དྲའི་ཉེན་ཁའི་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་ལེབ་བཤེར་བྱེད་པ་དང་། གྲོང་ཁྱེར་དང་རྫོང་མཁར་གྱི་ས་འོག་སྦུག་དྲའི་ཡོངས་བཤེར་དང་མངོན་མེད་རྐྱེན་ངན་ལེབ་བཤེར་ལེགས་འགྲུབ་བྱས་ནས། སྦུག་དྲའི་འབྱུང་རྩ་གསལ་རྟོགས་དང་བཙོག་ཆུ་སྡུད་གསོག་སྒྲིག་བཀོད་ཀྱི་ཞན་ཆ་གསལ་བོ་བཟོ་བ་དང་། ཆུ་འབུད་སྦུག་དྲའི“དཔེ་རིས་གཅིག”གི་མ་ལག་བསྐྲུན་ཏེ། ཆ་འཕྲིན་ཅན་གྱི་དོ་དམ་མངོན་འགྱུར་ཡོང་བར་བྱ་དགོས། ཆུ་འབུད་སྦུག་དྲ་འཛུགས་སྐྲུན་དང་སྒྱུར་བཀོད་བྱེད་པར་སྐུལ་འདེད་གཏོང་བ་དང་། འཚོ་བའི་བཙོག་ཆུ་མིན་པའི་བཙོག་ཆུ་ཡིས་ཆུ་འབུད་སྦུག་དྲར་ཤུགས་རྐྱེན་ཐེབས་ཚད་ཇེ་ཉུང་དུ་བཏང་ནས། མཁར་ཁུལ་རྙིང་པའི་སྦུག་དྲ་གཙོ་བོ་སྔོན་ལ་སྒྱུར་བཀོད་བྱེད་ཅིང་། ཆར་ཆུ་དང་བཙོག་ཆུ་ཁག་བགོས་སྒྱུར་བཀོད་བྱས་མེད་པའི་མཉམ་རྒྱུག་ལམ་ལུགས་མ་ལག་ལ་བཞུར་རྒྱུན་གཅོད་པ་དང་གསོག་འཇོག་སྙོམ་སྒྲིག་སོགས་ཀྱི་ཐབས་བཀོད་སྤྱད་དེ། མཐུད་ནོར་བྱུང་བ་དང་།  བསྲེས་མཐུད་བྱས་པ།  མཐུད་ལུས་ཤོར་བ།  སྦུག་དྲ་རྙིང་པ་བཅས་གསར་སྒྱུར་དང་སྒྱུར་བཀོད་བྱས་ཚར་ནས།  བཙོག་ཆུ་གཙང་བཟོ་བཟོ་གྲྭའི་ཕན་ནུས་རྒྱུན་ཆད་མེད་པར་ཇེ་ཆེར་གཏང་དགོས། (ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན་དང་། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གྱིས་ལས་ཁུར་དབྱེ་བགོས་ལྟར་འགན་འཁུར་དགོས)

7.འཚོ་བའི་བཙོག་ཆུ་གཙང་བཟོ་སྒྲིག་བཀོད་ཀྱི་ཞན་ཆ་གསབ་དགོས། ད་ཡོད་བཙོག་ཆུ་གཙང་བཟོའི་ནུས་པ་མི་འདང་བའི་ས་ཁུལ་དུ་བཙོག་ཆུ་གཙང་བཟོ་སྒྲིག་བཀོད་གསར་སྐྲུན་དང་སྒྱུར་སྐྲུན། རྒྱས་སྐྲུན་བཅས་རིགས་དབྱེ་ནས་ལག་བསྟར་བྱེད་པ་དང་། ས་སྦས་རྣམ་པའི་བཙོག་ཆུ་གཙང་བཟོ་དང་དེ་བཞིན་གསོག་སྙོམ་སྒྲིག་བཀོད་གསར་སྐྲུན་བྱེད་པར་བསྔགས་སྐུལ་བྱས་ཏེ། གྲོང་ཁྱེར་གྱི་རྩོལ་ནུས་སྣ་རྐྱང་ཅན་གྱི་ཁོར་ཡུག་སྲུང་སྐྱོབ་སྒྲིག་བཀོད་དེ་ཁོར་ཡུག་ཕྱོགས་བསྡུས་གཟུགས་སུ་རིགས་སྒྱུར་བར་སྐུལ་འདེད་གཏོང་བ་དང་།  རྫོང་མཁར་གྱི་བཙོག་ཆུ་གཙང་བཟོ་སྒྲིག་བཀོད་ཀྱི་གཞི་ཁྱོན་དང་ཚད་གཞི་ཇེ་མཐོར་གཏོང་བར་སྐུལ་འདེད་གཏང་དགོས། འདམ་རྫབ་གནོད་མེད་ཅན་དུ་གཙང་བཅོས་བྱེད་པའི་སྒྲིག་བཀོད་དང་སླར་སྐྱེ་ཆུའི་བེད་སྤྱོད་སྒྲིག་བཀོད་འཛུགས་པར་སྐུལ་འདེད་གཏོང་ཞིང་། གྲོང་ཁྱེར་དང་རྫོང་མཁར། སྒྲིག་ཁོངས་གྲོང་རྡལ་བཅས་ཀྱིས་བཙོག་ཆུ་གཙང་བཟོ་སྒྲིག་བཀོད་གཅིག་འདོམས་ཀྱིས་འཆར་འགོད་དང་འཛུགས་སྐྲུན་བྱས་ནས། ཚད་གཞི་ལོངས་མེད་པའི་འདམ་རྫབ་སྦས་པ་གཏན་འགོག་བྱ་དགོས།  རྨ་ཆུའི་འབབ་རྒྱུད་ཀྱི་གྲོང་ཁྱེར་གཙོ་གནད་དུ་བཟུང་སྟེ། བཟོ་ལས་ཐོན་སྐྱེད་དང་སྐྱེད་ཚལ་ལྗང་སྒྱུར། གཞུང་ལམ་གཙང་བཀྲུ།  རླངས་འཁོར་བཤལ་བཀྲུ། ཨར་ལས་རྒྱག་པ་སོགས་ཀྱི་ཁྱབ་ཁོངས་སུ་སླར་སྐྱེ་ཆུ་སྔོན་ལ་བེད་སྤྱོད་བྱེད་པར་སྐུལ་འདེད་གཏང་དགོས། ཆ་རྐྱེན་འཛོམས་པའི་ས་ཁུལ་གྱིས་སླར་སྐྱེ་ཆུ་བེད་སྤྱོད་སྒྲིག་བཀོད་དང་ཆ་འགྲིག་སྦུག་དྲ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས།   སླར་སྐྱེ་ཆུ་བེད་སྤྱོད་བྱེད་པའི་ཆུ་ཚད་རྒྱུན་མཐུད་ངང་ཇེ་མཐོར་གཏང་དགོས། བཙོག་ཆུ་གཙང་བཟོ་བཟོ་གྲྭའི་འཚུབ་ཟློག་མཉེན་གཤིས་ནུས་པ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་སྟེ།  གཉེར་སྐྱོང་དུས་ཡུན་རིང་བའི་བཙོག་ཆུ་གཙང་བཟོ་བཟོ་གྲྭ་ཁག་ཅིག་བརྒྱུད་རིམ་ལྡན་པའི་ངང་བསྒྱུར་བཀོད་བྱ་དགོས།  (ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན་དང་། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན།  ཞིང་ཆེན་ཆུ་བེད་ཐིན། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན།  ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་བཅས་ཀྱིས་ལས་ཁུར་དབྱེ་བགོས་ལྟར་འགན་འཁུར་དགོས)

8.སྒྲིག་ཁོངས་གྲོང་རྡལ་གྱི་སྒྲིག་བཀོད་འཛུགས་སྐྲུན་དང་སྒྱུར་བཀོད་བྱེད་པར་ཤུགས་བསྣན་དགོས།  “ཚན་རིག་དང་མཐུན་པར་འཆར་འགོད་དང་། ལུགས་མཐུན་གྱིས་བཀོད་སྒྲིག་ཕྱོགས་ཡོངས་ནས་ཁྱབ་པ། བརྟན་འཇགས་ངང་འཁོར་སྐྱོད”བཅས་བྱེད་པའི་རྩ་དོན་ལྟར།  སྒྲིག་ཁོངས་གྲོང་རྡལ་གྱི་བཙོག་ཆུ་གཙང་བཟོ་སྒྲིག་བཀོད་འཛུགས་སྐྲུན་ཚན་རིག་དང་མཐུན་པར་འཆར་འགོད་དང་བཀོད་སྒྲིག་བྱ་དགོས།  རྫོང་མཁར་ཉེ་འཁོར་གྱི་སྒྲིག་ཁོངས་གྲོང་རྡལ་དག་མཁར་གྲོང་གི་བཙོག་ཆུ་གཙང་བཟོ་སྒྲིག་བཀོད་ནང་བཅུག་ནས་གཅིག་བསྡུས་ཀྱིས་གཙང་བཟོ་བྱེད་པ་དང་། མི་འབོར་འདུས་ཚད་ཆེ་ཞིང་བཙོག་ཆུ་མང་བའི་སྒྲིག་ཁོངས་གྲོང་རྡལ་དུ་གཅིག་བསྡུས་ཀྱིས་བཙོག་ཆུ་གཙང་བཟོ་བྱེད་སྟངས་སྤྱོད་པ་དང་། སྦུག་དྲའི་འཛུགས་སྐྲུན་ཐད་ས་དབྱིབས་ཆ་རྐྱེན་གྱི་ཚོད་འཛིན་ཐེབས་པའི་སྒྲིག་ཁོངས་གྲོང་རྡལ་དུ་ལྟོས་བཅས་ཀྱིས་གཅིག་སྡུད་དང་ཁ་འགྲེམ་ཁ་གསབ་ཟུང་འབྲེལ་བྱེད་པའི་བཙོག་ཆུ་གཙང་བཟོ་མ་དཔེ་སྤྱོད་ཆོག    ཆ་འགྲིག་སྦུག་དྲ་འཛུགས་སྐྲུན་བྱེད་པར་ཧུར་ཐག་གིས་སྐུལ་འདེད་བཏང་ནས་སྦུག་དྲ་མེད་པའི་སྟོང་ཆ་གསབ་དགོས། ཕྲལ་འདྲེན་ལམ་ལུགས་ཀྱི་ཆུ་འབུད་མ་ལག་འཐུས་ཚང་དུ་གཏོང་བ་དང་། ལུད་རྫིང་རིམ་བཞིན་མེད་པར་བཟོས་ནས་སྦུག་དྲ་གེགས་མེད་ཡིན་པ་འགན་སྲུང་བྱ་དགོས།   ཆུའི་ཚོར་སྐྱེན་ས་ཁུལ་གྱི་སྒྲིག་ཁོངས་གྲོང་རྡལ་གྱི་བཙོག་ཆུ་གཙང་བཟོ་སྒྲིག་བཀོད་འཛུགས་སྐྲུན་དང་བསྒྱུར་བཀོད་གཙོ་གནད་དུ་བཟུང་ནས་ཤུགས་བསྣན་ཏེ། ད་ཡོད་ཀྱི་བཙོག་ཆུ་གཙང་བཟོ་སྒྲིག་བཀོད་ལ་མཐིལ་རྟོགས་བརྟག་དཔྱད་ལེགས་འགྲུབ་བྱེད་པ་དང་། ཚད་གཞི་མ་ལོངས་པའི་གཙང་བཟོ་སྒྲིག་བཀོད་སྤྱོད་མཚམས་འཇོག་པ་དང་ཕྱིར་འབུད་བྱེད་པའི་རིགས་དབྱེ་སྒྲིག་བཅོས་ལེགས་འགྲུབ་བྱ་དགོས།  ཙོང་ཆུའི་འབབ་རྒྱུད་དང་། མཚོ་སྔོན་པོའི་མཐའ་སྐོར་གྱི་ས་ཁུལ། རྨ་ཆུའི་འབབ་རྒྱུད་བཅས་ཀྱི་སྒྲིག་ཁོངས་གྲོང་རྡལ་བསྐྲུན་ཁུལ་གྱི་བཙོག་ཆུ་སྡུད་གསོག་དང་གཙང་བཟོ་ནུས་པ་རིམ་བཞིན་ཡོངས་སུ་ཁེབས་པར་བྱ་དགོས།(ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན་དང་། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན།  ཞིང་ཆེན་ཆུ་བེད་ཐིན། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་བཅས་ཀྱིས་ལས་ཁུར་དབྱེ་བགོས་ལྟར་འགན་འཁུར་དགོས)

9.སྒྲིག་བཀོད་འཛུགས་སྐྲུན་དང་གཉེར་སྐྱོང་མ་དཔེ་གསར་གཏོད་བྱ་དགོས། གྲོང་ཁྱེར་དང་ཁུལ་སྡེ་ཚན་དུ་བྱས་ཏེ།   གྲོང་ཁྱེར་དང་གྲོང་གསེབ་ཀྱི་བཙོག་ཆུ་སྒྲིག་བཀོད་ཟླ་སྒྲིལ་བྱེད་པ་དང་། ཆེད་ལས་ཁེ་ལས་ནང་འདྲེན་བྱས་ནས་གཅིག་གྱུར་གྱིས་འཛུགས་སྐྲུན་དང་དོ་དམ་བྱས་ཏེ། འཛུགས་སྐྲུན་དང་དོ་དམ་སྦྲེལ་མཐུད་ནུས་ལྡན་ཡོང་བར་བྱ་དགོས། བྱས་འབྲས་ལྟར་གྲོན་དངུལ་སྤྲོད་པའི་དོ་དམ་ལམ་ལུགས་ལག་བསྟར་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་དཔྱད་ཞིབ་བྱེད་ཐབས་དང་འཁོར་སྐྱོད་སྲུང་སྐྱོང་གི་ཚད་གཞི་གཏན་འབེབས་བྱེད་ཅིང་། འདྲེན་ཆུའི་གར་ཚད་དང་། རྫོད་དངོས་ཉུང་འཕྲི་གཏོང་ཚད།  འབུད་ཆུའི་སྤུས་ཚད།  འདམ་རྫབ་གཙང་བཟོ་བཅས་ལྟེ་བའི་དམིགས་ཚད་དུ་བཟུང་སྟེ།  རྫོད་དངོས་ཉུང་འཕྲི་བྱས་འབྲས་ཕྱོགས་སྟོན་དུ་འཛིན་པའི་ཕན་འབྲས་ལྟར་གྲོན་དངུལ་སྤྲོད་པའི་རྐྱེན་སྲོལ་གཟུག་དགོས། “བཟོ་དྲ་གཞི་གཅིག”གི་འཁོར་སྐྱོད་སྲུང་སྐྱོང་ཁྱབ་སྤེལ་བྱེད་པ་དང་། བཟོ་དྲར་གཅིག་གྱུར་གྱིས་དོ་དམ་བྱེད་པར་སྐུལ་འདེད་དང་རིག་ལྡན་ཅན་གྱི་ལས་སྟེགས་འཛུགས་པར་སྐུལ་འདེད་བྱ་དགོས་ལ།  དུས་ཐོག་ཏུ་སྦུག་དྲ་དང་ཆུ་འཐེན་ས་ཚིགས། བཙོག་ཆུ་གཙང་བཟོ་བཟོ་གྲྭ་བཅས་ཀྱི་འཁོར་སྐྱོད་གཞི་གྲངས་ལ་དུས་ཐོག་ཏུ་བརྟག་འཇལ་བཅས་བྱེད་པ་དང་། དུས་ཐོག་ཏུ་བརྟག་འཇལ་དང་ཉེན་ཁར་སྔོན་ཟོན། འགུལ་རྣམ་བཀོད་གཏོང་བཅས་མངོན་འགྱུར་ཡོང་བར་བྱེད་ཅིང་། མཉམ་བཤེར་མཉམ་སྡོམ་རྐྱེན་སྲོལ་ཆ་ཚང་བཟོས་ནས། མ་ལག་རང་བཞིན་གྱི་ཉེན་ཁ་འགོག་པའི་ནུས་པ་ཕྱོགས་ཡོངས་ནས་ཇེ་ཆེར་གཏང་དགོས། ཆུ་འདོན་ཆུ་འབུད་གཞི་གཅིག་ཅན་དུ་འགྱུར་བར་སྐུལ་འདེད་བཏང་སྟེ། ཆུ་འདོན་ཆུ་འབུད་ལ་མཉམ་སྡེབ་ཀྱིས་དོ་དམ་བྱེད་པར་སྐུལ་སྤེལ་གཏང་དགོས།  (ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན་དང་། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་ཀྱིས་ལས་ཁུར་དབྱེ་བགོས་ལྟར་འགན་འཁུར་དགོས)

10.གཉེར་སྐྱོང་སྡེ་ཚན་གྱི་བྱེད་པོའི་འགན་ཁུར་ནན་དཀྲི་བྱ་དགོས།    གཉེར་སྐྱོང་སྡེ་ཚན་གྱིས་བཙོག་ཆུ་གཙང་བཟོ་བཟོ་གྲྭའི་སྦགས་བཙོག་བཅོས་སྐྱོང་གི་བྱེད་པོའི་འགན་ཁུར་འཁུར་དགོས་པ་དང་།   ལག་ཁྱེར་ཡོད་བཞིན་བཙོག་འབུད་དང་ཚད་ལོངས་གཏོང་འབུད་བྱེད་པའི་འོས་འགན་བསྒྲུབས་ཏེ།  རང་འགུལ་བརྟག་འཇལ་སྒྲིག་ཆས་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པ་འགན་སྲུང་བྱ་དགོས་ཤིང་།  གཉེར་སྐྱོང་སྡེ་ཚན་གྱིས་གནས་ཚུལ་དངོས་ལ་གཞིགས་ནས། རང་ངོས་ཀྱིས་འཁོར་སྐྱོད་སྲུང་སྐྱོང་བྱེད་པའམ་ཡང་ན་ཕྱོགས་གསུམ་པའི་ཞབས་ཕྱིའི་ལས་ཁུངས་ལ་མངག་བཅོལ་བྱས་ནས་རང་འགུལ་བརྟག་འཇལ་སྒྲིག་ཆས་ཀྱི་འཁོར་སྐྱོད་སྲུང་སྐྱོང་ཞབས་ཕྱི་འདོན་སྤྲོད་བྱེད་དུ་འཇུག་རྒྱུ་འདེམ་ཆོག     གཉེར་སྐྱོང་སྡེ་ཚན་གྱིས་རང་འགུལ་བརྟག་འཇལ་སྒྲིག་བཀོད་ཀྱི་ཕྱོགས་གསུམ་པའི་འཁོར་སྐྱོད་སྲུང་སྐྱོང་ལས་ཁུངས་ཀྱིས་གཞི་གྲངས་འཚོལ་བསྡུ་དང་བརྒྱུད་གཏོང་གི་ཚད་གཞི་ལག་བསྟར་ནན་མོ་བྱེད་པར་ལྟ་སྐུལ་བྱས་ཏེ།  དྲ་ཐོག་གི་བརྟག་འཇལ་གཞི་གྲངས་བདེན་པ་ཡང་དག་དང་།  ཆ་ཚང་ནུས་ལྡན་བཅས་ཡིན་པར་ཁག་ཐེག་བྱ་དགོས།  (ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན་དང་།  ཞིང་ཆེན་སྐྱེ་ཁམས་ཁོར་ཡིག་ཐིན་གྱིས་ལས་ཁུར་དབྱེ་བགོས་ལྟར་འགན་འཁུར་དགོས)

བཞི། འགན་སྲུང་ཐབས་བཀོད།

(གཅིག)སྲིད་ཇུས་ཀྱིས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏང་དགོས། རྒྱལ་ཁབ་ཀྱི་རིན་གོང་དང་ནོར་ཁྲལ། ས་ཞིང་སོགས་འབྲེལ་ཡོད་སྲིད་ཇུས་ཀྱི་གཏན་འབེབས་ལྟར། མཚོ་སྔོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ས་གནས་ཀྱི་སྲིད་ཇུས་མ་ལག་ཆ་ཚང་དུ་གཏོང་བ་དང་། ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་མ་གནས་ཇེ་དམའ་རུ་གཏང་དགོས།  འཚོ་བའི་གད་སྙིགས་དང་བཙོག་ཆུ་གཙང་བཟོ་སྒྲིག་བཀོད་ཀྱི་འཆར་འགོད་འཛུགས་སྐྲུན་ལས་གཞིའི་བཀོད་པ་དང་གཞི་ཁྱོན་ལ་གཅིག་འདོམས་བྱ་རྒྱུ་དེ་རིམ་པ་གཅིག་མཚུངས་ཀྱི་རྒྱལ་ཁོངས་བར་སྟོང་གི་སྤྱིའི་འཆར་འགོད་ནང་བཅུག་ནས།   ལས་གཞི་ལ་ལུགས་མཐུན་སྒོས་ས་ཞིང་སྤྱོད་པའི་དགོས་མཁོ་འགན་སྲུང་བྱ་དགོས།  ཞིང་ཆེན་རིམ་པའི་སྡེ་ཁག་སོ་སོས་ཀྲུང་དབྱང་གི་ཆེད་སྤྱོད་མ་དངུལ་ཧུར་ཐག་གིས་བརྩོན་ལེན་བྱེད་པ་དང་ད་ཡོད་ཀྱི་མ་དངུལ་ཐབས་ལམ་ལ་གཅིག་འདོམས་བྱས་ཏེ། འཚོ་བའི་གད་སྙིགས་དང་བཙོག་ཆུ་ལས་གཞིར་རྒྱབ་སྐྱོར་བྱ་དགོས།  གྲོང་ཁྱེར (ཁུལ)དང་རྫོང(གྲོང་ཁྱེར་དང་ཆུས)སོ་སོས་མ་དངུལ་འཇོག་པའི་འགན་སྲུང་རྐྱེན་སྲོལ་འཛུགས་པ་དང་། ས་གནས་སྲིད་གཞུང་གི་དོན་དབང་དང་རྒྱབ་སྐྱོར་འགན་ཁུར་དོན་འཁྱོལ་བྱེད་ཅིང་། ལོ་འཁོར་གྱི་སྔོན་རྩིས་ནང་དུ་ལས་གཞི་འཛུགས་སྐྲུན་དང་སྒྱུར་བཀོད་ཀྱི་མ་དངུལ་དང་གཉེར་སྐྱོང་ཞབས་ཕྱིའི་གྲོན་དངུལ་ལུགས་མཐུན་སྒོས་བཀོད་སྒྲིག་བཅས་བྱས་ཏེ། སྒྲིག་བཀོད་རྒྱུན་ལྡན་ལྟར་འཁོར་སྐྱོད་ཐུབ་པ་འགན་སྲུང་བྱ་དགོས། ཀྲུང་དབྱང་ཁེ་ལས་དང་རྒྱལ་དབང་ཁེ་ལས་སོགས་སྤྱི་ཚོགས་ཀྱི་མ་རྩ་འཛུགས་སྐྲུན་དང་དོ་དམ་ནང་ཞུགས་པར་འགུག་ཐབས་བྱས་ནས་ས་གནས་ནོར་སྲིད་ཀྱི་གནོན་ཤུགས་ཇེ་ཆུང་དུ་གཏང་དགོས། 

(གཉིས)དངུལ་བསྡུའི་སྲིད་ཇུས་འཐུང་ཚང་དུ་གཏང་དགོས།   འཚོ་བའི་གད་སྙིགས་ཐད“སུས་གད་སྙིགས་བཟོས་ན་དེས་རིན་དངུལ་སྤྲོད་པ་དང་།  གད་སྙིགས་མང་པོ་བཟོས་ན།  རིན་དངུལ་མང་པོ་སྤྲོད་པའི”རྩ་དོན་ལྟར།  རིགས་དབྱེ་ནས་རིན་གོང་རྩིས་པ་དང་ཚད་བཅལ་ནས་གྲོན་དངུལ་བསྡུ་བའི་ཐབས་ལམ་འཚོལ་ཞིབ་བྱ་དགོས། གད་སྙིགས་ཀྱི་རིགས་དབྱེ་ནས་ཁྱད་པར་ཡོད་པའི་དངུལ་བསྡུ་སྲིད་ཇུས་འཚོལ་ཞིབ་བྱས་ཏེ་སྐུལ་འདེད་གཏོང་བར་བསྔགས་སྐུལ་བྱས་ནས། བསྡུ་ལེན་བྱེད་ཚད་ནུས་ལྡན་གྱིས་ཇེ་མཐོར་གཏང་དགོས། འཚོ་བའི་གད་སྙིགས་ཀྱི་བརྒྱུད་འདྲེན་འགྲོ་གྲོན་དེ་གྲོང་ཁྱེར(ཁུལ)དང་། རྫོང(གྲོང་ཁྱེར་དང་ཆུས)གིས་མཉམ་དུ་ཁུར་པའི་རྐྱེན་སྲོལ་བཙུགས་ཏེ། འཚོ་བའི་གད་སྙིགས་ས་ཁོངས་ལས་བརྒལ་ནས་གཙང་བཟོ་བྱེད་པའི་ཁ་གསབ་རྐྱེན་སྲོལ་འཚོལ་ཞིབ་བྱས་ནས་གཟུག་དགོས། འཚོ་བའི་བཙོག་ཆུ་ཐད་ནས་བཙོག་ཆུ་གཙང་བཟོ་དང་འཁོར་རྒྱུག་མ་གནས་ཁ་གསབ་བྱེད་པའི་རྩ་དོན་ལྟར། བཙོག་ཆུ་གཙང་བཟོའི་འགྲོ་གྲོན་གྱི་ཚད་གཞི་ལུགས་མཐུན་ངང་བཟོ་ཞིང་།   བཙོག་ཆུ་ཕྱིར་འབུད་ཀྱི་ཚད་གཞི་ཇེ་མཐོར་གཏོང་བ་དང་འདམ་རྫབ་གནོད་མེད་ཅན་དུ་གཙང་བཟོ་བྱེད་པ་སོགས་མ་གནས་འཕར་བའི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་ཀྱིས་བསམ་གཞིགས་བྱས་ནས་འགུལ་རྣམ་ལྟར་ལེགས་སྒྲིག་བྱེད་པ་དང་། བཙོག་ཆུ་གཙང་བཟོའི་འགྲོ་གྲོན་བསྡུ་ཤུགས་ཆེ་རུ་བཏང་ནས་བསྡུ་འོས་ཡོངས་སྡུད་ཐུབ་པར་བྱ་དགོས།    བཙོག་ཆུ་གཙང་བཟོ་བཟོ་གྲྭའི་འདྲེན་ཆུའི་རྫོད་དངོས་ཀྱི་གར་ཚད་དང་རྫོད་དངོས་ཉུང་འཕྲི་བྱས་ཚད་སོགས་ལ་གཞིགས་ནས་གཉེར་སྐྱོང་ཞབས་ཕྱིའི་འགྲོ་གྲོན་སྤྲོད་རྒྱུ་ཁྱབ་གདལ་དུ་གཏང་དགོས།

(གསུམ)དངུལ་བསྡུའི་ཐབས་ལམ་རྒྱ་བསྐྱེད་དགོས།  ཀྲུང་དབྱང་མ་དངུལ་གྱི་རྒྱབ་སྐྱོར་ནུས་ཤུགས་ཡོད་རྒུས་བརྩོན་ལེན་བྱེད་ཅིང་། ས་གནས་ནོར་སྲིད་ཀྱི་མ་དངུལ་འཇོག་ཤུགས་ཆེ་རུ་གཏོང་བ་དང་། ནོར་སྲིད་ཀྱི་མ་དངུལ་འཇོག་པ་དང་སྤྱི་ཚོགས་ཀྱི་མ་རྩ་སོགས་རྒྱ་ཁྱབ་ངང་ཞུགས་པའི་རྒྱུ་མང་ཅན་གྱི་དངུལ་བསྡུའི་རྐྱེན་སྲོལ་བཙུགས་ཏེ། མ་དངུལ་བེད་སྤྱོད་ཀྱི་ནུས་འབྲས་ཆེ་རུ་གཏོང་བ་དང་། འཚོ་བའི་གད་སྙིགས་དང་བཙོག་ཆུ་སྡུད་གསོག་དང་གཙང་བཟོ་བྱེད་པའི་སྒྲིག་བཀོད་ལས་གཞི་འཛུགས་སྐྲུན་ལ་འགག་གཏོར་དང་སྐུལ་སྤེལ་བྱ་དགོས།  མཉམ་ལས་བྱེད་སྟངས་གསར་བ་བརྒྱུད་རིམ་ལྡན་པའི་ངང་ཁྱབ་གདལ་བཏང་སྟེ། ཆེད་ལས་ཅན་དང་གཞི་ཁྱོན་ཅན་གྱི་འཛུགས་སྐྲུན་དང་། གཉེར་སྐྱོང་ལེགས་ཆ་འདོན་སྤེལ་གང་ལེགས་བྱ་དགོས།  སྲིད་གཞུང་གི་མ་འཇོག་ཐེབས་རྩ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་ལས་གཞི་འཛུགས་སྐྲུན་གྱི་མ་དངུལ་ཁྱབ་གདལ་དུ་སྡུད་གསོག་བྱེད་པར་བསྔགས་སྐུལ་བྱས་ཏེ། ས་གནས་སྲིད་གཞུང་གི་བུ་ལོན་ཉེན་ཁ་ནན་འགོག་བྱ་དགོས། ལས་གཞིའི་ཁེ་སྤོགས་དབང་ཆ་དང་དམིགས་བསལ་གཉེར་སྐྱོང་དབང་ཆ་སོགས་གཏའ་འཇོག་དངུལ་བསྡུའི་འགན་ལེན་ཧུར་ཐག་གིས་འཚོལ་ཞིབ་བྱ་དགོས།

(བཞི)ལྟ་སྐུལ་དོ་དམ་བྱེད་པར་ཤུགས་བསྣན་དགོས། འཚོ་བའི་གད་སྙིགས་དང་བཙོག་ཆུ་སྡུད་གསོག་དང་བརྒྱུད་འདྲེན་བྱེད་པའི་གཙང་བཟོ་ལས་གཞིའི་བསྒྲུབ་སྔོན་དང་། སྒྲུབ་སྒང་། བསྒྲུབས་རྗེས་བཅས་ཀྱི་ལྟ་སྐུལ་དོ་དམ་ཚད་ལྡན་དུ་བཏང་ནས། བརྒྱུད་རིམ་ལ་གཟབ་ནན་གྱིས་ཞིབ་བཤེར་མཆན་འགོད་བྱ་དགོས། མཁར་གྲོང་གི་གྲོང་སྲིད་སྤྱི་སྤྱོད་རྨང་གཞིའི་སྒྲིག་བཀོད་བདེ་འཇགས་ངང་འཁོར་སྐྱོད་བྱེད་པར་སྐོར་ཞིབ་བྱེད་ཤུགས་ཆེ་རུ་གཏོང་ཞིང་། ཡུལ་དངོས་སུ་རྟོག་འདོམས་བགྱིད་པ་དང་། ཆེད་དམིགས་ཞིབ་བཤེར་བྱེད་པ། དུས་བཅད་ལྟར་བསྒྲགས་བརྡ་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ། མཁར་གྲོང་གི་འཚོ་བའི་གད་སྙིགས་དང་བཙོག་ཆུ་གཙང་བཟོ་སྒྲིག་བཀོད་ཀྱི་འཛུགས་སྐྲུན་དང་འཁོར་སྐྱོད་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས། གནད་དོན་དུས་ཐོག་ཏུ་ཤེས་རྟོགས་དང་ཐག་གཅོད་བྱ་དགོས། ཁོར་ཡུག་བཅོས་སྐྱོང་གི་དཔྱད་ཞིབ་བྱས་འབྲས་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བྱ་དགའ་ཆད་གཅོད་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས་གཉེར་སྐྱོང་སྡེ་ཚན་གྱི་ཚད་ལྡན་ཅན་གྱི་དོ་དམ་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏང་དགོས། བཤེར་ཞིབ་དང་སྐོང་འདོམས་སོགས་ཀྱི་བྱེད་ཐབས་སྤྱད་དེ་ས་གནས་དང་སྡེ་ཁག་གིས་འཚོ་བའི་གད་སྙིགས་དང་བཙོག་ཆུ་བཅོས་སྐྱོང་གི་འགན་ཁུར་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏང་དགོས།།

◎མགོན་པོ་འཚོས་བསྒྱུར།

པདྨ་ཚེ་འཛོམས་དང་འབྲུག་བྱམས་ཚེ་རིང་གིས་ཞུས།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།