༄༅། །མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན་གྱིས《མཚོ་སྔོན་ཞིང་ཆེན་གྱི་དམངས་ཁྲོད་མ་འཇོག་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་བའི་ཐབས་བཀོད་འགའ》དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར།

ཡོང་ཁུངས། 2026ལོའི《མཚོ་སྔོན་སྲིད་དོན》འདོན་ཐེངས8པ།

༄༅། །མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན་གྱིས《མཚོ་སྔོན་ཞིང་ཆེན་གྱི་དམངས་ཁྲོད་མ་འཇོག་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་བའི་ཐབས་བཀོད་འགའ》དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར།

མཚོ་སྲིད་གཞུང་ལས་ཐིན﹝2026﹞ཨང10བ།

གྲོང་ཁྱེར་དང་རང་སྐྱོང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང་། ཞིང་ཆེན་སྲིད་གཞུང་གི་ཨུ་ཡོན་ལྷན་ཁང་དང་གཞུང་ལས་ཁང་། ཐིན། ཅུས་སོ་སོ་བཅས་ལ།

དམངས་ཁྲོད་མ་འཇོག་གི་གསོན་ཤུགས་སྐུལ་སྤེལ་གཏོང་བ་དང་། དམངས་ཁྲོད་མ་འཇོག་གི་བསྡུར་ཚད་ཇེ་མཐོར་གཏོང་བ། མ་འཇོག་འཕར་སྣོན་གྱི་སྒུལ་ཤུགས་ཇེ་དྲག་ཏུ་གཏོང་བ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་གྱི《དམངས་ཁྲོད་མ་འཇོག་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་བའི་སྐོར་གྱི་ཐབས་བཀོད་འགའ》དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་བ་བཅས་བྱེད་ཆེད། རང་ཞིང་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གཤམ་གསལ་གྱི་ཐབས་བཀོད་འགའ་བཟོས་པ་ཡིན། 

གཅིག ཁྲོམ་རར་ཞུགས་འཐུས་རྒྱ་བསྐྱེད་དགོས།

(གཅིག)དམངས་ཁྲོད་ཀྱི་མ་རྩ་གཙོ་གནད་ཁྱབ་ཁོངས་སུ་ཞུགས་པར་སྐུལ་མ་གཏང་དགོས། ཞིང་ཆེན་རིམ་པས་ཞིབ་མཆན(བཤེར་འཁྲོལ)དགོད་དགོས་ཤིང་ཁེ་ཕན་ངེས་ཅན་ལྡན་པའི་ལྕགས་ལམ་དང་ཆུ་གློག ཐད་རྒྱུག་གློག་འདྲེན་རྒྱུ་ལམ། སྣུམ་རླངས་སྦུག་ལམ། ནང་འདྲེན་གཤེར་འགྱུར་རང་བྱུང་སོལ་རླངས་བསྡུ་ལེན་དང་གསོག་འཇོག་སྐྱེལ་འདྲེན་སྒྲིག་བཀོད། ཆུ་འདོན་སོགས་ཁྱབ་ཁོངས་ཀྱི་ལས་གཞི་ལ། དམངས་ཁྲོད་མ་རྩ་ཞུགས་པའི་བྱེད་རུང་རང་བཞིན་ལ་ཆེད་དམིགས་དཔྱད་སྒྲུབ་བྱེད་པ་མ་ཟད། བྱེད་རུང་རང་བཞིན་གྱི་ཞིབ་འཇུག་སྙན་ཞུ(ལས་གཞིའི་རེ་འདུན་ཞུ་ཡིག) རུ་ཆེད་དམིགས་གསལ་བཤད་བྱ་དགོས། དམངས་ཁྲོད་ཀྱི་མ་རྩ་ཞུགས་པར་སྐུལ་མ་དང་རྒྱབ་སྐྱོར་བྱེད་ཅིང་། ལས་གཞིའི་ཁེ་ཕན་དངོས་དང་དམངས་གཉེར་ཁེ་ལས་ཞུགས་འདོད་སོགས་དང་ཟུང་འབྲེལ་བྱས་ནས་ཞིབ་ཕྲའི་ལས་གཞིའི་མ་རྐང་འཛིན་པའི་བསྡུར་ཚད་གྲོས་མོལ་བྱེད་ཅིང་། རིམ་པ་སོ་སོའི་ལས་གཞིར་ཞིབ་མཆན(བཤེར་འཁྲོལ)འགོད་མཁན་སྡེ་ཁག་གིས་དབང་ཚད་ལྟར་དམངས་ཁྲོད་མ་འཇོག་ཞུགས་ཚུལ་ལ་ཞིབ་དཔྱད་བྱེད་པ་དང་། མ་རྐང་བཟུང་བའི་བསྡུར་ཚད་གཏན་འཁེལ་བྱ་དགོས། (འགན་ཁུར་སྡེ་ཚན་ནི་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་ཞིང་ཆེན་ནུས་ཁུངས་ཅུས། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་བཅས་ཡིན། གཤམ་གསལ་གྱི་ཐབས་བཀོད་ཁག་ནི་གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་གིས་དོན་འཁྱོལ་བྱ་དགོས་པས་བསྐྱར་དུ་མི་འགོད)

(གཉིས)དམངས་ཁྲོད་མ་འཇོག་ཞུགས་འཐུས་ཀྱི་ཁྱབ་ཁོངས་རྒྱ་བསྐྱེད་དགོས། ཞིང་ཆེན་རིམ་པའི་ལས་རིགས་གཙོ་སྐྱོང་སྡེ་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་དམངས་ཁྲོད་མ་རྩ་ལས་གཞིའི་འཛུགས་སྐྲུན་ནང་ཞུགས་པའི་ཞིབ་ཕྲའི་བླང་བྱ་ཞིབ་མོ་བཟོ་དགོས། ཁྲོམ་ར་ཅན་དུ་བཏང་ཚད་ཅུང་མཐོ་ཞིང་སྤྱི་པའི་ངོ་བོ་ཅུང་ཞན་པའི་གད་སྙིགས་སྲ་སྙིགས་གཙང་བཟོ་དང་གད་སྙིགས་མེར་སྲེག་གློག་འདོན། གླིང་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད། སྤྱི་པའི་རླངས་འཁོར་འཇོག་ས། ཟོང་འགྲུལ་རྨང་གཞིའི་སྒྲིག་བཀོད། ལུས་རྩལ་ཡུལ་སྐོར་སོགས་ལས་གཞི་ལ། དམངས་གཉེར་ཁེ་ལས་ཀྱིས་མ་དངུལ་ཁེར་འཇོག་གམ་མ་རྐང་ཚོད་འཛིན་བྱ་དགོས། རྒྱལ་ཇུས་དམངས་འཚོ་དང་འབྲེལ་ཞིང་སྤྱི་པའི་ངོ་བོ་ཅུང་ཆེ་བའི་བཙོག་ཆུ་གཙང་བཟོ་དང་མཁར་གྲོང་གི་ས་འོག་སྦུག་དྲ། གྲོན་བསྡུའི་གཞུང་ལམ(མ་འཇོག་གཞི་ཁྱོན་ཆེ་ཞིང་འཛུགས་སྐྲུན་བྱེད་དཀའ་བའི་གྲོན་བསྡུའི་གཞུང་ལམ་མི་འདུ)རྒྱལ་ཁབ་རིམ་པའི་འཁྱགས་སྦྲེལ་ཟོང་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད། ལྗང་མདོག་རྩིས་ནུས་ཀྱི་རྨང་གཞིའི་སྒྲིག་བཀོད་སོགས་ལས་གཞི་ལ། དམངས་གཉེར་ཁེ་ལས་ཀྱི་རྐང་དབང་བཟུང་བའི་བསྡུར་ཚད་རྩ་དོན་སྟེང35%ལས་དམའ་མི་རུང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་ཞིང་སྤྱི་པའི་ངོ་བོ་ཆེ་བ། རང་བྱུང་སྒེར་སྡེམ་གྱི་ངོ་བོ་ལྡན་པའི་དམངས་སྤྱོད་སྐྱེལ་འདྲེན་གནམ་ཐང་དང་ཞིང་སྡེའི་གློག་དྲ་སྒྱུར་བཀོད་རིམ་སྤོར། སྣུམ་རླངས་སྦུག་དྲའི་མ་ལམ་གཙོ་བོའམ་ལམ་ལག རྡོ་སྣུམ་དང་རང་བྱུང་སོལ་རླངས་གྲབས་གསོག་སྒྲིག་བཀོད། ཆུ་བེད་དང་ཆུ་གློག་ཆེ་འབྲིང་གྲས་སོགས་ལས་གཞི་ཉུང་ཤས་ལ། ཧུར་ཐག་གིས་ཆ་རྐྱེན་བསྐྲུན་ནས་དམངས་གཉེར་ཁེ་ལས་ཞུགས་པར་རྒྱབ་སྐྱོར་བྱས་ཏེ་དམངས་ཁྲོད་ཀྱི་མ་རྩས་མ་རྐང་འཛིན་པའི་བསྡུར་ཚད10%ཡན་ཟིན་ཆོག་པར་བྱ་དགོས། གསོག་འབོར་གང་འགབ་ཅི་སྤྱོད་དང་སྒྱུར་སྐྲུན་རྒྱས་སྐྲུན་ཟུང་འབྲེལ་དམ་ཚགས་བྱེད་པའི་གྲོང་ཁྱེར་གསར་སྒྱུར་དང་ཕྱོགས་བསྡུས་འགྲིམ་འགྲུལ་ལྟེ་གནས་སྒྱུར་བཀོད་སོགས་ཀྱི་ལས་གཞི་ལ། དམངས་གཉེར་ཁེ་ལས་ཀྱིས་སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་རྩ་མཉམ་ལས་བྱེད་པའི་རྐྱེན་སྲོལ་གསར་བའི་མ་དཔེར་བརྟེན་ནས་ཞུགས་པར་སྐུལ་མ་གཏོང་ཞིང་། དམིགས་བསལ་ཆོག་མཆན་སྤྲད་པའི་གཉེར་སྐྱོང་ཇུས་གཞིའི་ནང་དམངས་ཁྲོད་མ་རྩ་ཞུགས་པའི་ཆ་རྐྱེན་ལུགས་མཐུན་སྒོས་བཀོད་སྒྲིག་བྱ་དགོས། ཞབས་ཕྱིའི་ལས་རིགས་ཀྱི་གཉེར་སྐྱོང་བྱེད་པོ་ཞུགས་འཐུས་ཀྱི་ཚོད་འཛིན་ལུགས་མཐུན་མིན་པ་གཙང་སེལ་བྱ་དགོས། (འགན་ཁུར་སྡེ་ཚན་ནི་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན། ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན། ཞིང་ཆེན་ཆུ་བེད་ཐིན། ཞིང་ཆེན་ཚོང་དོན་ཐིན། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན། ཞིང་ཆེན་ལུས་རྩལ་ཅུས། ཞིང་ཆེན་གཞི་གྲངས་ཅུས། ཞིང་ཆེན་ནུས་ཁུངས་ཅུས་བཅས་ཡིན)

(གསུམ)དམངས་ཁྲོད་མ་རྩ་འཛུགས་སྐྲུན་དང་གཉེར་སྐྱོང་ནང་ཞུགས་པར་སྐུལ་འདེད་གཏང་དགོས། གཞི་ཁྱོན་ཅུང་ཆུང་ཞིང་ཁེ་སྤོགས་ཀྱི་བར་སྟོང་ལྡན་པའི་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་ཁྱབ་ཁོངས་ཀྱི་གསར་སྐྲུན་ལས་གཞི་ལ། དམངས་ཁྲོད་མ་རྩ་དེ་མ་དངུལ་ཧྲིལ་འཇོག་དང་མ་རྩ་མཉམ་འཇོག་མཉམ་ལས། རྒྱུ་ནོར་ཉོ་སྒྲུབ། ཞབས་ཕྱི་ཉོ་སྒྲུབ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་འཛུགས་སྐྲུན་དང་གཉེར་སྐྱོང་ནང་ཞུགས་པར་སྐུལ་མ་གཏང་དགོས། ནུས་ཁུངས་ཀྱི་རྨང་གཞིའི་སྒྲིག་བཀོད་དང་ལྗང་མདོག་རྩིས་ནུས། རིག་གནས་ཡུལ་སྐོར་སོགས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཁྱད་ལྡན་ཐོན་ལས་ལས་གཞི་ལ། དམངས་ཁྲོད་མ་རྩ་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་མ་འཇོག་འཛུགས་སྐྲུན། གཉེར་སྐྱོང་དོ་དམ་བཅས་ནང་ཞུགས་པར་རྒྱབ་སྐྱོར་བྱེད་ཅིང་། གཉེར་སྐྱོང་བྱེད་པོའི་ཁྲོད་དུ་དམངས་གཉེར་ཁེ་ལས་ཀྱིས་བཟུང་བའི་བསྡུར་ཚད20﹪ལས་མི་དམའ་བར་བྱ་དགོས། (འགན་ཁུར་སྡེ་ཚན་ནི་ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན་དང་། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན། ཞིང་ཆེན་གཞི་གྲངས་ཅུས། ཞིང་ཆེན་ནུས་ཁུངས་ཅུས་བཅས་ཡིན) 

(བཞི)སྲིད་གཞུང་གི་ཉོ་སྒྲུབ་ཀྱིས་ཁེ་ལས་འབྲིང་ཆུང་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏང་དགོས། ཞིང་ཆེན་ནང་ཁུལ་ནས་ཉོ་སྒྲུབ་བྱས་པ་བཅད་གྲངས་ཀྱི་ཚད་གཞི་ཡན་ཡིན་ཞིང་། སྒོར་ཁྲི200མན་གྱི་ཚོང་ཟོང་དང་ཞབས་ཕྱི་ཉོ་སྒྲུབ་ལས་གཞི་དང་། སྒོར་ཁྲི400མན་གྱི་ལས་གྲྭ་ཉོ་སྒྲུབ་ལས་གཞི་བཅས་ཁེ་ལས་འབྲིང་ཆུང་གིས་འདོན་སྤྲོད་བྱེད་པར་འོས་འཚམ་ཡིན་ཚེ། ཉོ་སྒྲུབ་བྱེད་མཁན་གྱིས་ཆེད་དུ་ཁེ་ལས་འབྲིང་ཆུང་ལ་ཁ་ཕྱོགས་ཏེ་ཉོ་སྒྲུབ་བྱ་དགོས་པ་དང་། ཆེད་དུ་ཁེ་ལས་འབྲིང་ཆུང་ལ་ཁ་ཕྱོགས་ནས་ཉོ་སྒྲུབ་བྱེད་ཐབས་མེད་ན་ལོགས་སུ་གསལ་བཤད་བྱ་དགོས། ཁེ་ལས་འབྲིང་ཆུང་གིས་འདོན་སྤྲོད་བྱེད་པར་འཚམ་པའི་སྒོར་ཁྲི200ཡན་གྱི་ཚོང་ཟོང་དང་ཞབས་ཕྱི་ཉོ་སྒྲུབ་ལས་གཞི་དང་། སྒོར་ཁྲི400ཡན་གྱི་ལས་གྲྭ་ཉོ་སྒྲུབ་ལས་གཞི་ལ། ཉོ་སྒྲུབ་ལས་གཞི་ཁག་དེའི་སྔོན་རྩིས་བསྡོམས་འབོར་གྱི40%ཡན་སྔོན་ཉར་བྱས་ཏེ་ཁེ་ལས་འབྲིང་ཆུང་ལ་ཆེད་དུ་ཁ་ཕྱོགས་ནས་ཉོ་སྒྲུབ་བྱེད་ཅིང་། དེ་ལས་ཁེ་ལས་ཆུང་ཕྲན་ལ་སྔོན་ཉར་བྱས་པའི་བསྡུར་ཚད་དེ60%ལས་དམའ་མི་རུང་། ཉོ་སྒྲུབ་བྱེད་མཁན་གྱིས་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་ཉོ་སྒྲུབ་ལས་གཞིའི་དོན་དངོས་ལ་གཞིགས་ནས། ཉོ་སྒྲུབ་ཡིག་ཆ་དང་གན་རྒྱ་རུ་དམིགས་ཐོབ་བྱུང་བའི(ཚོང་འགྲིག་པ)ཁེ་ལས་འབྲིང་ཆུང་ལ་གན་རྒྱའི་གྲོན་དངུལ་ཁག་ཅིག་སྔོན་སྤྲོད་བྱ་རྒྱུའི་ཁ་ཆད་བཞག་སྟེ། ཉོ་སྒྲུབ་སྡེ་ཚན་གྱིས་དམངས་གཉེར་ཁེ་ལས་ཀྱི་གན་རྒྱའི་གྲོན་དངུལ་སྔོན་སྤྲོད་བྱེད་པའི་བསྡུར་ཚད་དེ་གན་རྒྱའི་དངུལ་གྲངས་ཀྱི30%ཡན་དུ་ཇེ་མཐོར་གཏོང་བར་སྐུལ་མ་གཏང་དགོས། (འགན་ཁུར་སྡེ་ཚན་ནི་ཞིང་ཆེན་ནོར་སྲིད་ཐིན་ཡིན)

གཉིས། གསར་གཏོད་དང་འཕེལ་རྒྱས་ལ་ནུས་སྟོབས་བསྩལ་དགོས། 

(ལྔ)གསར་དར་ཐོན་ལས་དང་ཚན་རྩལ་འགག་སྒྲོལ་ལ་ཞུགས་པར་རྒྱབ་སྐྱོར་བྱ་དགོས། དམངས་ཁྲོད་ཀྱི་མ་རྩ་བརྒྱུད་རིམ་ལྡན་པའི་སྒོ་ནས་དམའ་དབྱིངས་དཔལ་འབྱོར་གྱི་འཕུར་འབབ་བྱེད་གནས་དང་འཕྲིན་གཏོང་། ཕྱོགས་སྟོན། ལྟ་ཞིབ། གནམ་གཤིས་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཞུགས་པར་ཁྲིད་སྟོན་བྱས་ཏེ། ཞིང་ནགས་ལས་སྒྲུབ་དང་སྐོར་ཞིབ་སྐོར་བཤེར། དམའ་དབྱིངས་ཟོང་འགྲུལ། འཚུབ་ཟློག་རོགས་སྐྱོར། སྨན་བཅོས་སྐྱོབ་སྐྱོང་། རིག་གནས་ལུས་རྩལ་ཡུལ་སྐོར་སོགས་ཀྱི་གནས་ལྗོངས་རྒྱ་བསྐྱེད་དང་ཉེར་སྤྱོད་བྱེད་པར་སྐུལ་མ་གཏང་དགོས། དམངས་གཉེར་ཁེ་ལས་རྩ་འཛུགས་བྱས་ནས་རྒྱལ་ཁབ་ཀྱི་གཙོ་གནད་ཞིབ་འཇུག་གསར་སྤེལ་འཆར་གཞི་དང་ཚན་རྩལ་ཆེད་དམིགས་ལས་གཞི་གལ་ཆེན་སོགས་རྒྱལ་ཁབ་རིམ་པའི་ཚན་རྩལ་འགག་སྒྲོལ་ལས་གཞི་རེ་ཞུ་བྱས་ཏེ། དམངས་གཉེར་ཁེ་ལས་ཀྱིས་ཞིང་ཆེན་རིམ་པའི་གཙོ་གནད་ཚན་རྩལ་འགག་སྒྲོལ་ལས་གཞི་གལ་ཆེན་གྱི་སྣེ་ཁྲིད་པའམ་ནང་དུ་ཞུགས་ནས་འགན་འཁུར་བའི་བསྡུར་ཚད་དེ30%ཡན་དུ་ཇེ་མཐོར་གཏང་དགོས། (འགན་ཁུར་སྡེ་ཚན་ནི་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་ཞིང་ཆེན་ཚན་རྩལ་ཐིན་ཡིན) 

(དྲུག)ཚན་ཞིབ་རྨང་གཞིའི་སྒྲིག་བཀོད་གལ་ཆེན་གྱི་སྒོ་འབྱེད་དགོས། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ཚན་ཞིབ་རྨང་གཞིའི་སྒྲིག་བཀོད་གལ་ཆེན་གྱི་གསལ་ཐོ་རྒྱུན་རྣམ་ལྟར་སྤྱི་བསྒྲགས་བྱེད་པ་མ་ཟད་འགུལ་རྣམ་ལྟར་གསར་སྒྱུར་བྱས་ཏེ། གསལ་ཐོ་ནང་གི་སྒྲིག་བཀོད་དེ་དམངས་གཉེར་ཁེ་ལས་ལ་སྒོ་འབྱེད་བྱས་ཕྱོད100%ལ་སླེབས་པར་བྱེད་ཅིང་། ཞིང་ཆེན་ཚན་ཞིབ་ཡོ་བྱད་ཆེ་གྲས་ཀྱི་མཉམ་སྤྱོད་ལས་སྟེགས་དམངས་གཉེར་ཁེ་ལས་ཀྱི་དྲ་ལམ་དུ་ཞུགས་པའི་སྤྱོད་མཁན་གྱི་ལོ་འཁོར་འཕར་ཕྱོད30%ལས་དམའ་མི་རུང་བ་དང་། དམངས་གཉེར་ཁེ་ལས་ཀྱིས་ཚན་ཞིབ་སྒྲིག་བཀོད་བེད་སྤྱོད་དང་མཉམ་སྤྱོད་བྱེད་པའི་གསབ་དངུལ་སྤྲོད་ཕྱོད100%ལ་སླེབས་པ་དང་། གསབ་དངུལ་གྱི་འགྲོ་ལུགས་སྒྲུབ་པའི་དུས་ཡུན་ལས་ཀའི་ཉིན15ཡི་ནང་ཇེ་ཉུང་དུ་བཏང་སྟེ། ཚན་རྩལ་ཐོན་ཁུངས་བེད་སྤྱོད་བྱེད་པའི་ལས་ཕྱོད་ཇེ་ཆེར་གཏོང་བ་དང་། དམངས་གཉེར་ཁེ་ལས་ཀྱིས་ཞིབ་འཇུག་གསར་སྤེལ་སྒྲིག་ཆས་ལ་མ་གནས་གཏོང་ཚད་ཇེ་ཉུང་དུ་གཏང་དགོས། (འགན་ཁུར་སྡེ་ཚན་ནི་ཞིང་ཆེན་ཚན་རྩལ་ཐིན་ཡིན) 

(བདུན)བར་ཚོད་རྟེན་གཞི་མགྱོགས་མྱུར་གྱིས་འཛུགས་སྐྲུན་བྱ་དགོས། ཁྱད་ཆོས་ལྡན་པའི་ཁྱད་ལྡན་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཤིང་། དམངས་གཉེར་ཁེ་ལས་ཀྱིས་ལས་རིགས་སྐུལ་ཁྲིད་ནུས་པ་ཅུང་ཆེ་ཙམ་ལྡན་པའི་ཆུ་ཚད་མཐོ་བའི་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་གྱི་བར་ཚོད་རྟེན་གཞི་དང་དོན་སྤྱི་ར་སྤྲོད་ལྟེ་གནས་ཁག་ཅིག་མགྱོགས་མྱུར་གྱིས་འཛུགས་སྐྲུན་བྱེད་པར་སྐུལ་མ་དང་རྒྱབ་སྐྱོར་བྱས་ནས། ཚོད་ལྟ་ཁང་གི་ལག་རྩལ་བྱང་ཆུབ་པར་གཏོང་བ་དང་ལས་གྲྭ་ཅན་དུ་ཇེ་ཆེར་སྒྱུར་བ། བློས་འགེལ་ཆོག་པའི་ར་སྤྲོད་བཅས་བྱ་དགོས། ཞིང་ཆེན་ནང་ཁུལ་གྱི་རྒྱལ་དབང་ཁེ་ལས་དང་མཐོ་རིམ་སློབ་གྲྭ། ཚན་ཞིབ་ཁང་བཅས་ཀྱིས་དམངས་གཉེར་ཁེ་ལས་ལ་ཁ་ཕྱོགས་ནས་ཁྲོམ་ར་ཅན་གྱི་བར་ཚོད་ཞབས་ཕྱི་འདོན་སྤྲོད་བྱེད་པར་རྒྱབ་སྐྱོར་བྱ་དགོས། (འགན་ཁུར་སྡེ་ཚན་ནི་ཞིང་ཆེན་ཚན་རྩལ་ཐིན་ཡིན)

(བརྒྱད)གྲངས་འཛིན་ཅན་དུ་རིམ་སྤོར་སྒྱུར་བཀོད་བྱེད་པར་སྐུལ་འདེད་གཏང་དགོས། ཞིང་ཆེན་དང་གྲོང་ཁྱེར(ཁུལ)ཁེ་ལས་བཅས་རིམ་པ་གསུམ་གྱི་མཉམ་འགུལ་རྐྱེན་སྲོལ་ཆ་ཚང་དུ་བཏང་ནས། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་གྲངས་འཛིན་ཅན་དུ་རིགས་སྒྱུར་བའི་དཔྱད་དཔོག་བརྟག་བཅོས་རྒྱུན་མཐུད་ངང་སྤེལ་དགོས། ཞིང་ཆེན་རིམ་པའི་བཟོ་ལས་རིགས་སྒྱུར་རིམ་སྤོར་གྱི་ཆེད་སྤྱོད་མ་དངུལ(ཆ་འཕྲིན་ཅན་གྱི་ཞབས་ཕྱིའི་ཁྱབ་ཁོངས)གྱི་ཁྲིད་སྟོན་ནུས་པ་འདོན་སྤེལ་བྱེད་ཅིང་། རིག་གྲངས་ལག་རྩལ་དེ་ཐོན་ལས་སྦྲེལ་ཕྲེང་དང་མཁོ་སྤྲོད་སྦྲེལ་ཕྲེང་དང་མགྱོགས་མྱུར་ངང་མཉམ་འདྲེས་ཟབ་མོ་ཡོང་བར་བྱེད་པ་དང་། གྲངས་འཛིན་ཅན་དུ་རིགས་སྒྱུར་བའི་གཙོ་གནད་ཁྱབ་ཁོངས་དང་ཉམས་ཞན་ལྷུ་ཚིགས་ལ་དམིགས་ཏེ། ཐོན་ལས་སྦྲེལ་ཕྲེང་དང་མཁོ་སྤྲོད་སྦྲེལ་ཕྲེང་ཁྲོད་གནད་འགག་གི་གོ་གནས་སམ་ལྟེ་བའི་འགྲན་རྩོད་ནུས་པ་ལྡན་པའི་དམངས་གཉེར་ཁེ་ལས་ཀྱིས་ཕྱོགས་བསྡུས་རང་བཞིན་གྱི་གྲངས་འཛིན་ནུས་སྩོལ་ལས་སྟེགས་སྐྲུན་པར་རྒྱབ་སྐྱོར་བྱ་དགོས། དམངས་ཁྲོད་ཀྱི་མ་རྩ་སྔར་བས་མང་པོ་ཐོན་སྐྱེད་རང་བཞིན་གྱི་ཞབས་ཕྱིའི་ལས་རིགས་ཁྱབ་ཁོངས་སུ་གཏོང་བར་རྒྱབ་སྐྱོར་བྱ་དགོས། (འགན་ཁུར་སྡེ་ཚན་ནི་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་ཡིན ) 

(དགུ)མ་རྩས་ཐོན་ལས་འཕེལ་རྒྱས་ལ་ནུས་སྟོབས་བསྩལ་དགོས། ལྗང་མདོག་རྩིས་གློག་མཉམ་འདྲེས་དང་ནུས་སྲི་ཁོར་སྲུང་། དམའ་དབྱིངས་དཔལ་འབྱོར། ནུས་གསོག་གསར་གྲས་སོགས་ཐོན་ལས་ལ་དམིགས་ཏེ། ཆ་རྐྱེན་དང་མཐུན་པའི་དམངས་གཉེར་ཁེ་ལས་ཁྲོམ་འགྲེམ་བྱང་འགེལ་བྱེད་པར་རྒྱབ་སྐྱོར་བྱ་དགོས། དམངས་གཉེར་ཁེ་ལས་ཀྱིས་རིམ་པ་མང་བའི་མ་རྩའི་ཁྲོམ་ར་སྤྱད་དེ་མ་དངུལ་བསྡུ་བར་སྐུལ་མ་གཏོང་ཞིང་། ལྗང་མདོག་བུན་འཛིན་དང་ཐཱན་སྙོམ་སྦྱོར་བུན་འཛིན། རིགས་སྒྱུར་བུན་འཛིན་སོགས་གསར་གཏོད་ཐོན་རྫས་ཀྱི་དངུལ་བསྡུའི་ཐབས་ལམ་ཤར་གཏོང་ཐུབ་པར་བྱས་ཏེ། རྨང་གཞིའི་སྒྲིག་བཀོད་ཁྱབ་ཁོངས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་ཡིད་རྟོན་མངག་བཅོལ་ཐེབས་རྩ(REITs)འགྲེམ་སྤེལ་བྱེད་པ་སོགས་ཀྱི་ཐབས་ལ་བརྟེན་ནས་གསོག་འབོར་རྒྱུ་ནོར་གང་འགབ་ཅི་སྤྱོད་བྱ་དགོས། (འགན་ཁུར་སྡེ་ཚན་ནི་ཞིང་ཆེན་ཏང་ཨུའི་དངུལ་རྩ་གཞུང་ལས་ཁང་དང་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན། མཚོ་སྔོན་དངུལ་འཛིན་ལྟ་སྐུལ་དོ་དམ་ཅུས་བཅས་ཡིན)

གསུམ། གཙོ་རྒྱུ་འགན་སྲུང་བྱེད་ཤུགས་ཇེ་ཆེར་གཏང་དགོས། 

(བཅུ)ནུས་ཁུངས་སྤྱོད་པའི་དགོས་མཁོ་འགན་སྲུང་བྱ་དགོས། དྲ་རྒྱའི་རྣམ་པའི་རྨང་གཞིའི་སྒྲིག་བཀོད་འཁོར་སྐྱོད་བཀོད་གཏོང་ལ་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་བསྣན་ནས། གློག་ཤུགས་དྲ་སྦྲེལ་འཁོར་སྐྱོད་དང་སྣུམ་རླངས་སྦུག་དྲའི་སྒྲིག་བཀོད་བེད་སྤྱོད། སྐྱེལ་འདྲེན་ནུས་ཤུགས་ཐོན་ཁུངས་བཀོད་སྒྲིག་སོགས་ཐད་ཀྱི་དམངས་གཉེར་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱ་དགོས། རླངས་འདོན་དང་ཆུ་འདོན། དྲོད་འདོན་སོགས་སྤྱི་སྤྱོད་བྱ་གཞག་གི་རིན་གོང་འགུལ་རྣམ་ལྟར་ལེགས་སྒྲིག་བྱེད་པའི་རྐྱེན་སྲོལ་ཆ་ཚང་དུ་བཙུགས་ནས། ཁེ་ལས་ཀྱི་རིན་གོང་དང་འཁོར་སྐྱོད་མ་གནས་གོ་འཛོལ་བྱུང་བའི་གནད་དོན་འོས་འཚམ་གྱིས་ཐག་གཅད་དགོས། (འགན་ཁུར་སྡེ་ཚན་ནི་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་ཞིང་ཆེན་ནུས་ཁུངས་ཅུས་ཡིན) 

(བཅུ་གཅིག) སྤྱོད་ས་འདོན་སྤྲོད་བྱེད་ཤུགས་ཇེ་ཆེར་གཏང་དགོས། དམངས་ཁྲོད་ཀྱི་མ་འཇོག་ལས་གཞི་ལ་གསོག་འབོར་འཛུགས་སྐྲུན་སྤྱོད་ས་སྔོན་འཇོག་གིས་བེད་སྤྱོད་པར་ཁྲིད་སྟོན་བྱེད་པ་དང་། གསར་འཕར་སྤྱོད་སའི་དམིགས་ཚད་ལ་གཅིག་འདོམས་ཀྱིས་འགན་སྲུང་བྱ་དགོས། གསར་འཕར་བཟོ་ལས་སྤྱོད་ས“ཚད་གཞི་ཅན་གྱི་ས་ཞིང”ལྟར་འདོན་སྤྲོད་བྱེད་པར་སྐུལ་འདེད་བཏང་ནས་ཡུན་རིང་བོར་བོགས་མར་གཏོང་བ་དང་། སྔོན་ལ་བོགས་གཏོང་དང་རྗེས་སུ་བཤུག་སྤྲོད། ངེས་མེད་ལོ་ཡུན་ནང་བཤུག་སྤྲོད་བྱེད་པ་སོགས་སྟབས་བསྟུན་གྱི་བྱེད་ཐབས་སྤྱད་ནས་ས་ཞིང་འདོན་སྤྲོད་བྱ་དགོས། གྲོང་ཁྱེར་རིམ་པ་དང་རྫོང(གྲོང་ཁྱེར)རིམ་པའི་སྲིད་གཞུང་གིས་རྒྱལ་དབང་འཛུགས་སྐྲུན་སྤྱོད་ཞིང་གི་སྤྱོད་དབང་རིན་གོང་ལ་བརྟེན་ནས་མ་དངུལ་གཏོང་བའམ་མ་རྐང་ནང་ཞུགས་ཏེ། སྤྱི་ཚོགས་ཀྱི་མ་རྩ་དང་མཉམ་ལས་བྱས་ནས་འཛུགས་སྐྲུན་བྱ་དགོས། ནགས་རྩྭའི་སྤྱོད་ཞིང་གི་མཉམ་འབྲེལ་ཞིབ་བཤེར་དང་མཉམ་འབྲེལ་མཆན་འགོད་རྐྱེན་སྲོལ་འཛུགས་ཤིང་། ས་ཞིང་དང་ནགས་ཚལ། རྩྭ་ཐང་། བརླན་ས་བཅས་སྤྱོད་པའི་མཉམ་འགུལ་ཞིབ་བཤེར་མཆན་འགོད་ཁྱབ་སྤེལ་བྱས་ཏེ། རྒྱལ་ཁོངས་བར་སྟོང་འཆར་འགོད་དང་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་གི་བླང་བྱ་དང་མཐུན་པའི་དམངས་ཁྲོད་མ་འཇོག་ལས་གཞི་ལ། བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་དེའི་རྩྭ་ཐང་དུ་སྤྱོད་སའི་དགོས་མཁོ་འགན་སྲུང་བྱ་དགོས། (འགན་ཁུར་སྡེ་ཚན་ནི་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་དང་ཞིང་ཆེན་ནགས་རྩྭ་ཅུས་ཡིན)

(བཅུ་གཉིས)ཁོར་ཡུག་དཔྱད་འཇོག་གི་ཞིབ་མཆན་འགོད་པའི་ཞབས་ཕྱི་ལེགས་སྒྱུར་བྱ་དགོས།  སྐྱེ་ཁམས་ཁོར་ཡུག་གི་ཞུགས་འཐུས་ཁྲིད་སྟོན་ལ་ཤུགས་བསྣན་ཐོག  སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེའི་འགོག་སྡོམ་གྲུབ་འབྲས་དོན་ཐོག་ཏུ་འཁྱོལ་ཞིང་ཉེ་བར་སྤྱོད་པར་མགྱོགས་མྱུར་གྱིས་སྐུལ་འདེད་གཏོང་ཞིང་། ཉེར་སྤྱོད་ལས་སྟེགས་ཀྱི་རྩོལ་ནུས་རྒྱུན་མཐུད་ངང་འཐུས་ཚང་དུ་གཏོང་བ་དང་། ཁོར་ཡུག་འགོག་སྡོམ་ཚན་པ་སོ་སོའི་སྐྱེ་ཁམས་ཁོར་ཡུག་གི་ཞུགས་འཐུས་བླང་བྱ་སྤྱི་བསྒྲགས་བྱས་ནས། དམངས་གཉེར་ཁེ་ལས་ལ་འདྲི་རྟོག་དང་ཁོར་ཡུག་གི་ལག་བསྟར་བྱེད་རུང་བའི་དཔྱད་གཅོད་ཞབས་ཕྱི་འདོན་སྤྲོད་བྱ་དགོས། ཁོར་ཡུག་དཔྱད་འཇོག་ལ“དོ་རྒྱག”ཚུལ་དུ་ཞིབ་མཆན་འགོད་པ་དང་། ཁོར་ཡུག་དཔྱད་འཇོག་དང་བཙོག་འབུད་ཆོག་འཐུས་ཀྱི“དཔང་གཉིས་ཞིབ་མཆན་ཆིག་སྒྲིལ”བྱེད་པའི་ཚོད་ལྟ་ཁྱབ་སྤེལ་བྱས་ཏེ། དམངས་ཁྲོད་མ་འཇོག་ལས་གཞིའི་ཁོར་ཡུག་དཔྱད་འཇོག་གི་ཞིབ་མཆན་འགོད་པའི་འགྲོ་ལུགས་མགྱོགས་མྱུར་གྱིས་བསྒྲུབ་དགོས། (འགན་ཁུར་སྡེ་ཚན་ནི་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་ཡིན) 

(བཅུ་གསུམ) སྲིད་གཞུང་མ་འཇོག་གི་ཁྲིད་སྟོན་ནུས་པ་འདོན་སྤེལ་བྱ་དགོས། དམངས་གཉེར་ཁེ་ལས་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལག་བསྟར་དང་གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་ནུས་པ་འཛུགས་སྐྱོང་། གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་སྒྱུར། འཛད་རྫས་རྙིང་ཚབ་གསར་བརྗེ་བཅས་ལ་ཧུར་ཐག་གིས་ཞུགས་པར་རྒྱབ་སྐྱོར་བྱས་ཏེ། ཀྲུང་དབྱང་གི་སྔོན་རྩིས་ནང་གི་མ་འཇོག་དེས་ཆ་རྐྱེན་དང་མཐུན་པའི་དམངས་ཁྲོད་ཀྱི་མ་འཇོག་ལས་གཞི་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏང་དགོས། སྲིད་ཇུས་རང་བཞིན་གྱི་དངུལ་རྩའི་ཡོ་བྱད་གསར་གྲས་བེད་སྤྱོད་ཡག་པོ་བྱས་ནས་ནུས་ཁུངས་གཙང་མ་དང་གྲངས་འཛིན་དཔལ་འབྱོར། མི་ཐབས་རིག་ནུས། འཛད་སྤྱོད་རྨང་གཞིའི་སྒྲིག་བཀོད་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་དམངས་ཁྲོད་མ་འཇོག་ལས་གཞི་ལ་རྒྱབ་སྐྱོར་བྱས་ཏེ། ལས་གཞིའི་རང་བཏང་མ་དངུལ་ཁ་གསབ་བྱ་དགོས། (འགན་ཁུར་སྡེ་ཚན་ནི་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་། མི་དམངས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་། རྒྱལ་ཁབ་གསར་སྤེལ་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་། ཞིང་ལས་འཕེལ་རྒྱས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་བཅས་ཡིན)

(བཅུ་བཞི) དངུལ་རྩའི་ཡིད་རྟོན་དངུལ་བུན་གྱིས་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏང་དགོས། “གསར་གཏོད་སྐར་བསགས་ལམ་ལུགས”ཁྱབ་གདལ་དུ་གཏོང་ཞིང་། ཚན་རྩལ་རྣམ་པའི་དམངས་གཉེར་ཁེ་ལས་ཀྱི་གསར་གཏོད་ནུས་པའི་ཚད་འབེབས་གདེང་འཇོག་མ་ལག་འཐུས་ཚང་དུ་བཏང་སྟེ། ཚན་རྩལ་རྣམ་པའི་དམངས་གཉེར་ཁེ་ལས་ཀྱི་ཚོད་དཔྱད་བསྡུར་ཚད80﹪རུ་ཇེ་མཐོར་གཏོང་བར་སྐུལ་འདེད་གཏང་དགོས། ཚན་རྩལ་དང་འཛད་སྤྱོད། ཕྱི་ཕྱོགས་ཉོ་ཚོང་སོགས་གཙོ་གནད་ཁྱབ་ཁོངས་དང་ཉམས་ཞན་ལྷུ་ཚིགས་ལ་དམིགས་ནས། དམངས་གཉེར་ཁེ་ལས་ལ་ཐོག་མའི་དངུལ་བུན་དང་ཡིད་རྟོན་དངུལ་བུན། དུས་ཡུན་རིང་འབྲིང་གི་དངུལ་བུན་གཏོང་ཤུགས་ཇེ་ཆེར་གཏང་དགོས། གཉེར་སྐྱོང་བྱེད་པོ་ཆུང་ཕྲན་འཕེལ་རྒྱས་གཏོང་བར་རོགས་འདེགས་བྱེད་པའི“དཔྱིད་ཆར་མྱུག་གསོའི”ཆེད་དམིགས་འགུལ་སྐྱོད་སྤེལ་ཏེ། དངུལ་ཁྲལ་མཉམ་འགུལ་ལ་སྐུལ་འདེད་བཏང་ནས་ཁྲལ་འཇལ་ཡིད་རྟོན་དེ་དངུལ་བསྡུ་ཡིད་རྟོན་དུ་བསྒྱུར་དགོས། དངུལ་ཁང་ལས་ཁུངས་ཀྱིས་འགན་སྒྲུབ་འགན་འདེད་མི་གཏོང་བའི་གནས་ཚུལ་ཞིབ་ཕྲ་བཟོ་བར་ཁྲིད་སྟོན་བྱས་ཏེ། འགན་འདེད་མི་གཏོང་བའི་རྐྱེན་སྲོལ་དང་བསམ་འཆར་མི་འདྲ་བའི་རྒྱུ་མཚན་ཞུ་འབུལ་བྱེད་པའི་ཐབས་ལམ་གཟུག་དགོས། (འགན་ཁུར་སྡེ་ཚན་ནི་ཞིང་ཆེན་ཏང་ཨུའི་དངུལ་རྩ་གཞུང་ལས་ཁང་དང་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན། ཞིང་ཆེན་ཚན་རྩལ་ཐིན། མི་དམངས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས། མཚོ་སྔོན་དངུལ་རྩ་ལྟ་སྐུལ་དོ་དམ་ཅུས་བཅས་ཡིན) 

བཞི། འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སྒྱུར་བྱ་དགོས།

(བཅོ་ལྔ) དམིགས་འགུག་དམིགས་འཇོག་ཁྱབ་ཁོངས་སུ་དྲང་གཞག་ངང་འགྲན་རྩོད་བྱེད་པར་འགན་སྲུང་བྱ་དགོས། གློག་རྡུལ་འགན་ཡིག་དང་སྒུལ་བདེའི་གྲངས་འཛིན་དཔང་ཡིག་རྒྱལ་ཡོངས་སུ་ཕན་ཚུན་ཁས་ལེན་བྱེད་པ་ཁྱབ་གདལ་དུ་བཏང་ནས་དམངས་གཉེར་ཁེ་ལས་ཀྱི་ཁུར་པོ་ཇེ་ཡང་དུ་གཏང་དགོས། དམིགས་འགུག་མཁན་གྱི་བྱེད་པོའི་འགན་ཁུར་དོན་འཁྱོལ་བྱེད་ཅིང་། ལས་ཚབ་ལས་ཁུངས་ཀྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་། དམིགས་འགུག་དམིགས་འཇོག་ཁྱབ་ཁོངས་ཀྱི་དྲང་གཞག་འགྲན་རྩོད་ལ་ཞིབ་བཤེར་བྱེད་པའི་ལམ་ལུགས་ལག་བསྟར་ནན་མོ་བྱས་ཏེ། སྒྲིག་འགལ་གྱིས་དམངས་གཉེར་ཁེ་ལས་ལ་ཚོད་འཛིན་བྱེད་པ་སོགས་ཀྱི་གནས་ཚུལ་འབྱུང་རྩ་ནས་སྔོན་འགོག་བྱ་དགོས། ཆ་འཕྲིན་ཡོངས་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ། བླང་བྱ་ལྟར་དམིགས་འགུག་སྤྱི་བསྒྲགས་སུ་ལས་རིགས་ལྟ་སྐུལ་དོ་དམ་སྡེ་ཁག་གི་ཆ་འཕྲིན་དང་དམིགས་ཐོབ་འདེམ་སྒུག་འོས་མིའི་འབྲེལ་ཡོད་ནང་དོན་ཡོངས་བསྒྲགས་བྱེད་ཅིང་། ཞུ་གཏུག་ཐེར་འདོན་གྱི་ཐབས་ལམ་ཤར་གཏོང་བྱས་ནས། དམངས་གཉེར་ཁེ་ལས་ཁྲིམས་མཐུན་ངང་དམིགས་འགུག་དམིགས་འཇོག་ནང་ཞུགས་པར་བཀག་འགོག་བྱེད་པའི་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་གཏང་དགོས། (འགན་ཁུར་སྡེ་ཚན་ནི་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་གཞི་གྲངས་ཅུས་ཡིན)

(བཅུ་དྲུག)སྲིད་དོན་ཞབས་ཕྱིའི་ནུས་འབྲས་ཇེ་ཆེར་གཏང་དགོས། རིམ་པ་གསུམ་གྱི་གནད་དོན་མཐུན་སྦྱོར་རྐྱེན་སྲོལ་གྱི་ནུས་པ་རྒྱུན་མཐུད་ངང་འདོན་སྤེལ་བྱས་ཏེ། “ཕན་མཐོའི་ངང་དོན་གཅིག་འགྲུབ་པར་བྱེད་པར”དམིགས་ནས་རང་ཞིང་གི་གཙོ་གནད་དོན་ཚན་ཁག་གཉིས“དྲ་ཐོག་གཙོ་བོར་འཛིན་པ་དང་། དྲ་ཕྱིར་མཐའ་སྐྱོང་བྱེད་པ། གཅིག་བསྡུས་ཀྱིས་སྒྲུབ་པ”མངོན་འགྱུར་ཡོང་བར་སྐུལ་འདེད་གཏང་དགོས། རིམ་པ་སོ་སོའི་སྲིད་དོན་ཞབས་ཕྱིའི་ལྟེ་གནས་ཀྱིས་ཁེ་ལས་དང་འབྲེལ་བའི་ཞབས་ཕྱིའི་ཐོན་ཁུངས་ཟླ་སྒྲིལ་བྱེད་ཅིང་། “ཁེ་ལས་ཀྱི་ཁྱིམ་གཞིས”དང“ཁེ་ལས་ལ་རོགས་སྐྱོར་བྱེད་པའི་ཞབས་ཕྱིའི་ས་ཚིགས”དང“ཁེ་ལས་ལ་ཕན་པའི་སྲིད་ཇུས་ཀྱི་ཕྱོགས་བསྡུས་ཞབས་ཕྱིའི་སྒེའུ་ཁུང”སོགས་ཁེ་ལས་དང་འབྲེལ་བའི“བྱ་གཞག་རིགས་གཅིག”གི་ཞབས་ཕྱིའི་ཆེད་སྤྱོད་ཁུལ་བསྐྲུན་ཏེ། དམངས་གཉེར་ཁེ་ལས་ལ་གནས་ཡུན་ཧྲིལ་པོར་ཞིབ་མཆན་འགོད་པའི་ཞབས་ཕྱི་དང་། དེ་བཞིན་སྲིད་ཇུས་དང་དངུལ་རྩ། བཅའ་ཁྲིམས། འཇོན་མི་སོགས་ཕྱོགས་མཐའ་ཀུན་གྱི་འཕར་ཐང་ཞབས་ཕྱི་འདོན་སྤྲོད་བྱ་དགོས། (འགན་ཁུར་སྡེ་ཚན་ནི་ཞིང་ཆེན་གཞི་གྲངས་ཅུས་ཡིན) 

(བཅུ་བདུན)དམངས་ཁྲོད་མ་རྩར་རྒྱུན་མཐུད་ངང་ལས་གཞི་འོས་སྦྱོར་བྱ་དགོས། མཚོ་སྔོན་ཞིང་ཆེན་གྱི་མ་འཇོག་ལས་གཞིའི་དྲ་ཐོག་ཞིབ་མཆན་ལྟ་སྐུལ་དོ་དམ་ལས་སྟེགས་ལ་བརྟེན་ནས་རིམ་པ་སོ་སོའི་ཚོང་ཚོགས་ཀྱི་སྦྲེལ་ཟམ་དང་སྦྲེལ་ཐག་ལྟ་བུའི་ནུས་པ་འདོན་སྤེལ་བྱེད་ཅིང་། ལས་གཞི་དྲིལ་བསྒྲགས་འོས་སྦྱོར་དང་གནད་འཕིག་སྦྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དམངས་ཁྲོད་མ་རྩར་གཙོ་གནད་ལས་གཞི་རྒྱུན་རྣམ་ལྟར་ཡོངས་བསྒྲགས་ཀྱིས་འོས་སྦྱོར་བྱེད་ལ། ལས་གཞིའི་གསལ་ཐོ་དང་ས་གནས་ཀྱི་རྒྱབ་སྐྱོར་སྲིད་ཇུས། ཚོང་འགུག་འོས་སྦྱོར་བྱེད་སྒོ དེ་བཞིན་ལས་གཞི་སྐུལ་སྤེལ་ལས་རིམ་སོགས་ཀྱི་ཆ་འཕྲིན་དུས་ཐོག་ཏུ་འགུལ་རྣམ་ལྟར་གསར་སྒྱུར་བྱས་ཏེ། མ་འཇོག་ཞབས་ཕྱིའི་འགན་སྲུང་རྒྱུན་མཐུད་ངང་ལེགས་སྒྱུར་བྱེད་པ་དང་། དམངས་ཁྲོད་མ་རྩ་ཞིང་ཆེན་ཡོངས་ཀྱི་གཙོ་གནད་ཁྱབ་ཁོངས་ཀྱི་ལས་གཞི་ནང་ཞུགས་པར་ནུས་ཤུགས་ཡོད་རྒུས་འགུག་པ་དང་ཁྲིད་སྟོན་བྱ་དགོས། (འགན་ཁུར་སྡེ་ཚན་ནི་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཡིན)

(བཅོ་བརྒྱད)བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་ཁེ་ལས་དང་འབྲེལ་བའི་ཞིབ་བཤེར་བྱ་དགོས། ཁེ་ལས་དང་འབྲེལ་བའི་སྲིད་འཛིན་ཞིབ་བཤེར་དོན་ཚན་གྱི་གསལ་ཐོ་འགུལ་རྣམ་ལྟར་ལེགས་སྒྲིག་བྱེད་པའི་རྐྱེན་སྲོལ་བཙུགས་ནས། ལོ་འཁོར་གྱི་ཁེ་ལས་དང་འབྲེལ་བའི་སྲིད་འཛིན་ཞིབ་བཤེར་དོན་ཚན་གྱི་གསལ་ཐོ་དང་འཆར་གཞི་བཟོ་དགོས། ཞིབ་བཤེར་ཡིག་ཆ་བེད་སྤྱོད་བྱེད་པ་ཚད་ལྡན་དུ་གཏོང་ཞིང་། “ཨང་བཤེར་བྱས་ཏེ་ཁེ་ལས་སུ་ཞུགས་པ”ཕྱོགས་ཡོངས་ནས་སྐུལ་སྤེལ་བྱེད་པ་དང་། ཞིབ་བཤེར་དང་ཞིབ་མཆན་འགོད་པ་དང་། ལས་སྔོན་དུ་གསལ་བཤད་བྱེད་པ། ཨང་བཤེར་བྱས་ནས་ནང་དུ་ཞུགས་པ། བརྒྱུད་རིམ་ཧྲིལ་པོ་ཐོ་འགོད་བྱེད་པ་བཅས་ཀྱི་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ནས། ཁེ་ལས་དང་འབྲེལ་བའི་ཁྲིམས་བསྟར་ཞིབ་བཤེར་གྱི་ལས་རིམ་ཚད་ལྡན་ཅན་དང་བྱ་སྤྱོད་ཚད་གཞི་ཅན། རྗེས་ཤུལ་གྲངས་འཛིན་ཅན་བཅས་སུ་མངོན་འགྱུར་བྱ་དགོས། སྲིད་འཛིན་ཁྲིམས་བསྟར་མི་སྣས་ལག་ཁྱེར་བཟུང་ནས་ལས་གནས་སུ་ཞུགས་པའི་ལམ་ལུགས་ལག་བསྟར་ནན་མོ་བྱས་ཏེ། སྤྱི་ཚོགས་ཀྱི་ལྟ་སྐུལ་རང་འགུལ་ངང་དང་ལེན་བྱ་དགོས། (འགན་ཁུར་སྡེ་ཚན་ནི་ཞིང་ཆེན་ཁྲིམས་འཛིན་ཐིན་ཡིན)

ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་དམངས་ཁྲོད་མ་འཇོག་ལ་མཛུབ་སྟོན་དང་ཞབས་ཕྱི། ཚད་ལྡན་གྱིས་དོ་དམ་བཅས་བྱེད་པར་ཤུགས་བསྣན་ནས། དམངས་གཉེར་ཁེ་ལས་ཀྱིས་ཡིད་རྟོན་ཁྲིམས་སྲུང་སྒོས་གཉེར་སྐྱོང་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་མ་འཇོག་ཇུས་ཆོད་འདོན་པ། སྤྱི་ཚོགས་ཀྱི་འགན་ཁུར་ཧུར་ཐག་གིས་སྒྲུབ་པ། ཉེན་ཁ་སྣ་ཚོགས་ངེས་པ་དོན་གྱིས་སྔོན་འགོག་བྱེད་པ་བཅས་ལ་ཁྲིད་སྟོན་བྱས་ཏེ། དམངས་ཁྲོད་མ་འཇོག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏང་དགོས། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གྱིས་འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་དང་ལྷན་དུ་སྲིད་ཇུས་ཀྱི་མཛུབ་སྟོན་དང་གཅིག་འདོམས་ཀྱིས་མཐུན་སྦྱོར། དོན་འཁྱོལ་ལ་སྐུལ་འདེད་བཅས་བྱེད་པར་ཤུགས་བསྣན་ཏེ། གནས་ཚུལ་གལ་ཆེན་བྱ་རིམ་ལྟར་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་ལ་དགོངས་སྐོར་སྙན་སེང་ཞུ་དགོས།།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན། 

2026ལོའི་ཟླ4བའི་ཚེས21ཉིན། 

◎པདྨ་ཚེ་འཛོམས་ཀྱིས་བསྒྱུར།

མགོན་པོ་འཚོ་དང་འབྲུག་བྱམས་ཚེ་རིང་གིས་ཞུས།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།