༄༅། །མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས《མཚོ་སྔོན་ཞིང་ཆེན་གྱི་ཞབས་ཕྱིའི་ལས་རིགས་ཀྱི་ནུས་སྐྱེད་སྤུས་འདེགས་ལ་སྐུལ་འདེད་གཏོང་བའི་ལག་བསྟར་བསམ་འཆར》དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར།

ཡོང་ཁུངས། 2026ལོའི《མཚོ་སྔོན་སྲིད་དོན》འདོན་ཐེངས8པ།

༄༅། །མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས《མཚོ་སྔོན་ཞིང་ཆེན་གྱི་ཞབས་ཕྱིའི་ལས་རིགས་ཀྱི་ནུས་སྐྱེད་སྤུས་འདེགས་ལ་སྐུལ་འདེད་གཏོང་བའི་ལག་བསྟར་བསམ་འཆར》དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར།

མཚོ་སྲིད〔2026〕ཨང31པ།

གྲོང་ཁྱེར་དང་རང་སྐྱོང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང་། ཞིང་ཆེན་སྲིད་གཞུང་གི་ཨུ་ཡོན་ལྷན་ཁང་དང་གཞུང་ལས་ཁང་། ཐིན། ཅུས་སོ་སོ་བཅས་ལ།

《མཚོ་སྔོན་ཞིང་ཆེན་གྱི་ཞབས་ཕྱིའི་ལས་རིགས་ཀྱི་ནུས་སྐྱེད་སྤུས་འདེགས་ལ་སྐུལ་འདེད་གཏོང་བའི་ལག་བསྟར་བསམ་འཆར》ལ་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཐེངས95བའི་སྟེང་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་།  ད་ལྟ་ཁྱོད་ཚོར་དཔར་འགྲེམ་བྱས་པ་ཡིན་པས།  ནན་ཏན་གྱིས་ལག་བསྟར་དོན་འཁྱོལ་དམ་འཛིན་བྱ་དགོས།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།

2026ལོའི་ཟླ5བའི་ཚེས28ཉིན།

༄༅། །མཚོ་སྔོན་ཞིང་ཆེན་གྱི་ཞབས་ཕྱིའི་ལས་རིགས་ཀྱི་ནུས་སྐྱེད་སྤུས་འདེགས་ལ་སྐུལ་འདེད་གཏོང་བའི་ལག་བསྟར་བསམ་འཆར།

ཞིང་ཆེན་ཡོངས་ཀྱི་ཞབས་ཕྱིའི་ལས་རིགས་མགྱོགས་མྱུར་གྱིས་ནུས་སྐྱེད་སྤུས་འདེགས་བྱེད་པ་དང་།  ཞབས་ཕྱིའི་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། 《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཞབས་ཕྱིའི་ལས་རིགས་ཀྱི་ནུས་སྐྱེད་སྤུས་འདེགས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར》གཞིར་བཟུང་ཞིང་།  ཞིང་ཆེན་གྱི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ཏེ།  ལག་བསྟར་བསམ་འཆར་འདི་བཟོས་པ་ཡིན།

གཅིག  སྤྱིའི་བླང་བྱ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞབས་ཕྱིའི་ལས་རིགས་འཕེལ་རྒྱས་ཐད་ལ་གནང་བའི་མཛུབ་སྟོན་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་། རྒྱལ་ཡོངས་ཀྱི་ཞབས་ཕྱིའི་ལས་རིགས་ཚོགས་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་མཐར་ཕྱིན་བྱེད་ཅིང་། གནད་དོན་གྱི་ཕྱོགས་སྟོན་དང་དམིགས་འབེན་གྱི་ཕྱོགས་སྟོན་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། རང་ཞིང་གི་ཞབས་ཕྱིའི་ལས་རིགས་ཀྱི“འདོན་སྤྲོད་མི་འདང་བ་དང་། གྲུབ་ཚུལ་མི་ལེགས་པ། བྱེད་པོ་མི་སྟོབས་པ”སོགས་ཀྱི་འབུར་ཐོན་གནད་དོན་ཤུགས་ཆེན་པོས་ཐག་གཅད་དགོས།   ནུས་ལྡན་ཁྲོམ་ར་དང་སྒྲུབ་གཞོལ་སྲིད་གཞུང་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་ཅིང་། ནུས་སྐྱེད་དང་སྤུས་འདེགས་མཉམ་འཛིན་དང་།  འཕེལ་རྒྱས་དང་ལྟ་སྐུལ་དོ་དམ་གཅིག་འདོམས་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། དགོས་མཁོས་སྣེ་ཁྲིད་དང་བཅོས་སྒྱུར་གྱིས་འགག་སྒྲོལ།  ཚན་རྩལ་གྱིས་ནུས་སྩོལ།  སྒོ་འབྱེད་དང་མཉམ་ལས་བཅས་བྱེད་པ་འབུར་དུ་དོད་དེ། “ལོ་ལྔ་ཚན་བཅོ་ལྔ་བའི”དུས་མཇུག་ཏུ་ཞིང་ཆེན་ཡོངས་ཀྱི་ཞབས་ཕྱིའི་ལས་རིགས་ཀྱི་འཕར་ཐང་སྒོར་དུང་ཕྱུར2500ལས་བརྒལ་བ་དང་། ཞབས་ཕྱིའི་ལས་རིགས་ཀྱིསGDPཟིན་པའི་བསྡུར་ཚད50%ཡན་བཟུང་བར་བརྩོན་ལེན་བྱས་ཏེ། དཔལ་འབྱོར་འཕར་བར་བྱས་རྗེས་འཇོག་ཕྱོད་སྔར་ལས་ཇེ་ཆེར་གཏང་དགོས།

གཉིས།  ལས་འགན་གཙོ་བོ།

(གཅིག)ཐོན་སྐྱེད་རང་བཞིན་གྱི་ཞབས་ཕྱིའི་ལས་རིགས་ཀྱི་ཤོང་སྐྱེད་རིམ་སྤོར་ལ་སྐུལ་འདེད་གཏང་དགོས།

1.ཚན་རྩལ་ཞབས་ཕྱིའི་མཁོ་འདོན་འོས་འཚམ་གྱིས་བཀོད་སྒྲིག་བྱེད་ཤུགས་ཇེ་ཆེར་གཏང་དགོས།

ཞིབ་འཇུག་གསར་སྤེལ་དང་ཇུས་འགོད། ཚྭ་མཚོའི་རྫས་འགྱུར་བཟོ་ལས་ཁེ་ལས་དང་ཚན་ཞིབ་ཁང་གི་ཚན་རྩལ་འགག་སྒྲོལ་ལ་རྒྱབ་སྐྱོར་དང་སྐུལ་འདེད་བཏང་ནས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་བཟོ་ལས་ཇུས་འགོད་ལྟེ་གནས་གསོ་སྐྱོང་བྱ་དགོས། ནུས་ཁུངས་གཙང་མ་དང་ལྷག་པར་དུ་འོད་ཚའི་གློག་འདོན་གསར་གཏོད་ལྟེ་གནས་གཟུག་དགོས།   ཚན་ཞིབ་དཔྱད་ཆས་ཆེ་གྲས་སྒོ་འབྱེད་མཉམ་སྤྱོད་ལ་གདེང་འཇོག་དང་དཔྱད་ཞིབ་བྱེད་པའི་རྐྱེན་སྲོལ་ཆ་ཚང་དུ་བཏང་སྟེ། ཚན་ཞིབ་ཀྱི་རྨང་གཞིའི་སྒྲིག་བཀོད་དང་ཚན་ཞིབ་ཀྱི་དཔྱད་ཆས་ཆེ་གྲས་རྒྱལ་ཁབ་ཀྱི་དྲ་རྒྱའི་དོ་དམ་ལས་སྟེགས་ནང་འཇུག་པར་སྐུལ་འདེད་གཏང་དགོས། ཚན་རྩལ་བློ་འདྲི་དང་ཚན་རྩལ་དཔྱད་དཔོག  ཚན་རྩལ་གདེང་འཇོག་སོགས་ཕྱོགས་གསུམ་པའི་ཞབས་ཕྱིའི་ལས་ཁུངས་གསོ་སྐྱོང་བྱ་དགོས། ལས་གྲྭའི་རྩད་ཞིབ་དང་ཇུས་འགོད།   ལྟ་རྟོག་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས།   བརྒྱུད་རིམ་ཧྲིལ་བོའི་བློ་འདྲི་དང་ཞབས་ཕྱིའི་སྤུས་ཚད་ཇེ་མཐོར་གཏང་དགོས། (འགན་ཁུར་སྡེ་ཚན་ནི་ཞིང་ཆེན་ཚན་རྩལ་ཐིན་དང་།  ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན།   ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན།  ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན།  ཞིང་ཆེན་ཆུ་བེད་ཐིན།  གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་བཅས་ཡིན།   གཤམ་གསལ་ཚང་མ་གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་ལ་འབྲེལ་བ་ཡོད་པས་བསྐྱར་དུ་མི་འགོད)

ཤེས་བྱའི་བདག་དབང་།   ཞིང་ཆེན་རིམ་པའི་ཚན་རྩལ་ཆེད་དམིགས་ལས་གཞི་གལ་ཆེན་ཁྲོད་ཆེད་ཁེ་གསལ་བསྒྲགས་ལམ་ལུགས་ཚོད་ལྟ་ལག་བསྟར་བྱེད་ཅིང་། ཆེད་ཁེ་ཕྱོགས་སྟོན་ལག་བསྟར་གཏིང་ཟབ་བྱས་ཏེ། རིན་ཐང་ཆེ་བའི་ཆེད་ཁེ་གདམ་གསེས་དང་གསོ་སྐྱོང་བྱ་དགོས།   ཁེ་ལས་ཀྱིས་རྒྱལ་སྤྱིའི་ཐོན་རྫས་བདེན་དཔང་ར་སྤྲོད་དང་མཚམས་ཕྱིའི་ཚོང་རྟགས་ཐོ་འགོད་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། ས་ཁམས་རྟགས་མཚན་དང་ཐུན་མོང་ཚོང་རྟགས་བེད་སྤྱོད་ཞབས་ཕྱི་ལ་ཤུགས་བསྣན་ནས།  ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ལས་ཐོན་རྫས་ཀྱི་རིན་ཐང་ཇེ་ཆེར་གཏོང་བར་རོགས་རམ་བྱ་དགོས།   ཤེས་བྱའི་བདག་དབང་གི་ཆེད་དམིགས་འཇོན་མི་སྐྱེད་སྲིང་བྱས་ནས།   ཤེས་བྱའི་བདག་དབང་ཉེར་སྤྱོད་དང་སྲུང་སྐྱོང་བྱེད་པའི་ཆུ་ཚད་ཇེ་མཐོར་གཏང་དགོས། (འགན་ཁུར་སྡེ་ཚན་ནི་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་དང་།   ཞིང་ཆེན་ཚན་རྩལ་ཐིན།    ཞིང་ཆེན་ཚོང་དོན་ཐིན།   ཞིང་ཆེན་ཁྲིམས་འཛིན་ཐིན།   ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན།  འབྲེལ་ཡོད་སྡེ་ཁག་སོ་སོ་བཅས་ཡིན)

ཚན་རྩལ་གྲུབ་འབྲས་གཞན་སྒྱུར། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་དོན་སྤྱི་ར་སྤྲོད་དང་།   ལག་རྩལ་བྱང་ཆུབ་པ།  བར་ཚོད་རྟེན་གཞི་སོགས་ཚན་རྩལ་ཞབས་ཕྱིའི་རྩ་འཛུགས་གསོ་སྐྱོང་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་།  ཁྲོམ་ར་ཅན་གྱི་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་གྱི་མ་ལག་བཙུགས་ནས།  ཚན་ཞིབ་གྲུབ་འབྲས་རང་ས་ནས་གཞན་སྒྱུར་དང་ཐོན་ལས་ཅན་དུ་སྒྱུར་བར་སྐུལ་འདེད་གཏང་དགོས། ཞིང་ཆེན་རིམ་པའི་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ལས་སྟེགས་ཀྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ནས།  ཚན་རྩལ་ཐོན་ཁུངས་སྒོ་འབྱེད་མཉམ་སྤྱོད་བྱེད་པར་སྐུལ་འདེད་གཏང་དགོས། (འགན་ཁུར་སྡེ་ཚན་ནི་ཞིང་ཆེན་ཚན་རྩལ་ཐིན་དང་འབྲེལ་ཡོད་སྡེ་ཁག་སོ་སོ་ཡིན)

2.དེང་རབས་ཀྱི་ཟོང་འགྲུལ་གྱི་ཕྱོགས་བསྡུས་ཞབས་ཕྱིའི་མ་ལག་འཐུས་ཚང་དུ་གཏང་དགོས།  

ཚོང་ཟོང་སྐྱེལ་འདྲེན། སྣ་མང་མཉམ་འདྲེན་རྩ་འཛུགས་མ་ལག་ཆ་ཚང་དུ་གཏོང་བ་དང་།  གཞུང་ལམ་དང་ལྕགས་ལམ་དང་།  གཞུང་ལམ་དང་མཁའ་ལམ།  ལྕགས་ལམ་དང་ཆུ་ལམ་སོགས་ཀྱི་མཉམ་འདྲེན་ལས་སྒོ་ཧུར་ཐག་གིས་སྤེལ་ནས།  “ཐོ་གཅིག་ལམ་ལུགས”དང“སྒམ་གཅིག་ལམ་ལུགས”འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་སྟེ།  ཚོང་ཟོང་འབོར་ཆེན་བརྒྱུད་འདྲེན་བྱེད་པའི་ནུས་འབྲས་ཇེ་མཐོར་གཏང་དགོས། འགྲིམ་འགྲུལ་ཟོང་འགྲུལ་དང་བཟོ་གཏེར་ཚོང་དོན་ཁེ་ལས་མཉམ་འདྲེས་འཕེལ་རྒྱས་ཡོང་བར་ཤུགས་ཆེན་པོས་སྐུལ་འདེད་བཏང་ནས།  ཟོང་འགྲུལ་གྱི་མ་གནས་ཇེ་དམའ་རུ་གཏང་དགོས།    ཞིང་ཆེན་ནང་ཁུལ་གྱི་མཁའ་འགྲུལ་ཟོང་འགྲུལ་ཕྱོགས་གཉིས་སུ་མཉམ་འགུལ་བྱེད་པར་སྐུལ་འདེད་བཏང་ནས།  རྒྱལ་སྤྱིའི་མཁའ་འགྲུལ་ཟོང་འགྲུལ་གྱི་བགྲོད་ལམ་གསར་བ་ཧུར་ཐག་གིས་གཏོད་དགོས།    གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྐུར་སྐྱེལ་ཞབས་ཕྱིའི་དྲ་རྒྱ་འཐུས་ཚང་དུ་གཏང་དགོས། (འགན་ཁུར་སྡེ་ཚན་ནི་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་དང་།  ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན།  ཞིང་ཆེན་ཚོང་དོན་ཐིན།   ཞིང་ཆེན་སྦྲག་སྲིད་དོ་དམ་ཅུས།  ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཀུང་སི།   མཚོ་སྔོན་གནམ་ཐང་ཀུང་སི་བཅས་ཡིན)

ཆེད་ལས་ཟོང་འགྲུལ།  ཤེས་རིག་ཟོང་འགྲུལ་ཤུགས་ཆེན་པོས་འཕེལ་རྒྱས་སུ་བཏང་ནས།  གཙོ་གནད་བཟོ་ལས་གླིང་ཁུལ་གྱིས་ཕྱོགས་བསྡུས་རང་བཞིན་དང་ཆེད་ལས་རང་བཞིན་གྱི་ཟོང་འགྲུལ་ཞབས་ཕྱིའི་ཁེ་ལས་ཆ་འགྲིག་སྒོས་ནང་འདྲེན་བྱེད་པར་རྒྱབ་སྐྱོར་བྱ་དགོས།    འཁྱག་སྦྲེལ་ཟོང་འགྲུལ་མ་ལག་མགྱོགས་མྱུར་གྱིས་བསྐྲུན་ནས། ཞིང་ཕྱུགས་ལས་ཐོན་རྫས་ཞིང་ཆེན་ཕྱི་རུ་འདོན་སྤྲོད་དང་ཁྲོམ་ར་འཚམ་སྦྱོར་བྱེད་ཤུགས་ཆེ་རུ་གཏང་དགོས།   ན་གོར་མོ་གྲོང་ཁྱེར་གྱིས་ཕྱོགས་བསྡུས་ཟོང་སྐྱེལ་གནད་འགག་མ་ལག་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱ་དགོས།   རྒྱལ་ཟོང་རྒྱལ་འདྲེན་གྱི་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་།  སྐམ་སའི་དབུས་ཁུལ་གྱི་རྒྱལ་སྤྱིའི་ཟོང་འགྲུལ་བགྲོད་ལམ་ཤར་གཏོང་བྱས་ཏེ།  རྒྱལ་མཚམས་ལས་བརྒལ་བའི་ཟོང་སྐྱེལ་དང་ལྕགས་ལམ་མཚོ་ལམ་མཉམ་འདྲེན་གྱི་རྒྱུན་གཏོང་མེ་འཁོར་བརྟན་འཇགས་ངང་ཤར་གཏོང་བྱ་དགོས། (འགན་ཁུར་སྡེ་ཚན་ནི་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་།  ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན།  ཞིང་ཆེན་ཚོང་དོན་ཐིན་བཅས་ཡིན)

སྡེབ་ཚོང་།  ཁྱད་ལྡན་བབ་ལེགས་ཀྱི་ཐོན་ལས་དང་ཟུང་འབྲེལ་བྱས་ཏེ་བཟོ་ཚོང་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་པ་དང་།  ཆེད་ལས་སྡེབ་ཚོང་དང་ས་ཁོངས་ལས་བརྒལ་བའི་དངོས་ཟོག་མཁོ་ཚོང་ལས་སྟེགས་སྐྲུན་པར་སྐུལ་འདེད་གཏང་དགོས། ཟི་ལིང་གྲོང་ཁྱེར་གྱིས་དེང་རབས་ཚོང་དོན་འཁོར་རྒྱུག་མ་ལག་གི་ཚོད་ལྟའི་གྲོང་ཁྱེར་རེ་ཞུ་བྱེད་པར་རྒྱབ་སྐྱོར་བྱས་ཏེ།  དེང་རབས་འཁོར་རྒྱུག་གི་རྐང་འཛིན་ཁེ་ལས་མགྱོགས་མྱུར་གྱིས་གསོ་སྐྱོང་བྱ་དགོས། (འགན་ཁུར་སྡེ་ཚན་ནི་ཞིང་ཆེན་ཚོང་དོན་ཐིན་དང་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་ཡིན)

3.མགྱོགས་མྱུར་སྒོས་ཆ་འཕྲིན་ཞབས་ཕྱི་གསར་གཏོད་དང་འཕེལ་རྒྱས་སུ་གཏང་དགོས།  

ཆ་འཕྲིན་བརྒྱུད་གཏོང་།  “ཐགས་ཡངས་སྤུས་འདེགས”ཆེད་དམིགས་འགུལ་སྐྱོད་ལག་བསྟར་གཏིང་ཟབ་བྱས་ཏེ།  གྲོང་ཁོངས་ཀྱི“ཧའོ་སྐར་ཆའི་རྩིས་ནུས”འགུལ་སྐྱོད་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏང་དགོས།   G5—Aཡི་ནུས་པ་རིམ་སྤོར་དང་གནད་འཕིག་བཀོད་སྒྲིག་ལ་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ནས། ལྗང་མདོག་རྩིས་ནུས་ཀྱི“ནུབ་རྩིས་ཤར་སྤྱོད”ལ་འདེགས་སྐྱོར་བྱ་དགོས། (འགན་ཁུར་སྡེ་ཚན་ནི་ཞིང་ཆེན་འཕྲིན་གཏོང་དོ་དམ་ཅུས་དང་།  ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན།  ཞིང་ཆེན་གཞི་གྲངས་ཅུས་བཅས་ཡིན)

ཆ་འཕྲིན་ལག་རྩལ། G5དང་། བཟོ་ལས་སྦྲེལ་དྲ།  མི་ཐབས་རིག་ནུས་དང་བཟོ་སྐྲུན་ལས་རིགས་བཅས་མཉམ་འདྲེས་ཟབ་མོའི་སྒོས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ནས།  G5+བཟོ་ལས་སྦྲེལ་དྲ་གཞི་ཁྱོན་ཅན་དུ་ཉེར་སྤྱོད་བྱེད་པར་མགྱོགས་མྱུར་གྱིས་སྐུལ་འདེད་གཏང་དགོས།  སྲིད་དོན་ཞབས་ཕྱི་དང་སྐྱེ་ཁམས་སྲུང་སྐྱོབ།  སྐྱེ་ཁམས་ཡུལ་སྐོར་སོགས་ཀྱི་ཁྱབ་ཁོངས་སུ་ཆ་འཕྲིན་ལག་རྩལ་གྱི་ཉེར་སྤྱོད་གནས་ལྗོངས་རྒྱ་བསྐྱེད་དགོས། (འགན་ཁུར་སྡེ་ཚན་ནི་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་དང་། ཞིང་ཆེན་འཕྲིན་གཏོང་དོ་དམ་ཅུས།   འབྲེལ་ཡོད་སྡེ་ཁག་སོ་སོ་བཅས་ཡིན)

རྩིས་ནུས་ཉེར་སྤྱོད།  “མི་ཐབས་རིག་ནུས+”ཀྱི་འགུལ་སྐྱོད་ཤུགས་ཆེན་པོས་ལག་བསྟར་བྱས་ནས།  རྩིས་ནུས་དང་གློག་ནུས་མཉམ་སྡེབ་བཀོད་གཏོང་ལས་སྟེགས་མགྱོགས་མྱུར་གྱིས་སྐྲུན་པ་དང་།  རྩིས་ནུས་ཕྱིར་འཚོང་དང་གཞི་གྲངས་མཆན་འགོད། དཔང་བདེན་ར་སྤྲོད་སོགས་ཀྱི་ཞབས་ཕྱི་འཕེལ་རྒྱས་སུ་བཏང་ནས།   འགྲིམ་འགྲུལ་དང་སྨན་བཅོས།  དངུལ་རྩ་སོགས་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་གཞི་གྲངས་མཛོད་མགྱོགས་མྱུར་གྱིས་བསྐྲུན་དགོས། “གཞི་གྲངས་གཙོ་རྒྱུ×”འགྲན་བསྡུར་ཆེན་པོ་སྤེལ་ནས། ཁྱད་ལྡན་དཔེ་སྟོན་གནས་ལྗོངས་གསོ་སྐྱོང་བྱ་དགོས།  (འགན་ཁུར་སྡེ་ཚན་ནི་ཞིང་ཆེན་གཞི་གྲངས་ཅུས་དང་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན།  འབྲེལ་ཡོད་སྡེ་ཁག་སོ་སོ་བཅས་ཡིན)

4.ཚོང་དོན་ཞབས་ཕྱི་ཆེད་ལས་ཅན་དུ་བསྒྱུར་བའི་ནུས་པ་ཆེ་རུ་གཏང་དགོས། 

བཅའ་ཁྲིམས།  ཁྲིམས་རྩོད་ཁང་གིས་ཕྱི་འབྲེལ་བཅའ་ཁྲིམས་ཞབས་ཕྱིའི་ཁྲིམས་རྩོད་པའི་ཆེད་ལས་དཔུང་སྡེ་འཛུགས་པར་རྒྱབ་སྐྱོར་དང་ཁྲིད་སྟོན་བྱས་ཏེ།   ཕྱི་འབྲེལ་བཅའ་ཁྲིམས་ཞབས་ཕྱིའི་ནུས་པ་ཅུང་ལྡན་པའི་ཁྲིམས་རྩོད་ཁང་གསོ་སྐྱོང་བྱ་དགོས།   སྡུམ་གཅོད་ལ་ལྟ་སྐུལ་དང་དོ་དམ་བྱེད་པར་ཤུགས་བསྣན་ནས།  དྲ་ཐོག་ནས་སྡུམ་གཅོད་དང་ཕྱི་འབྲེལ་སྡུམ་གཅོད་བྱེད་པའི་ཞབས་ཕྱིའི་སྤུས་འབྲས་ཆེ་རུ་གཏང་དགོས། (འགན་ཁུར་སྡེ་ཚན་ནི་ཞིང་ཆེན་ཁྲིམས་འཛིན་ཅུས་ཡིན)

བློ་འདྲི། ཚོང་དོན་བློ་འདྲི་དང་།  རྩིས་གཉེར་རྩིས་བཤེར།  བརྡ་ཁྱབ། ཁྲལ་དོན་སོགས་ཀྱི་ཆེད་ལས་ཞབས་ཕྱི་ཤུགས་ཆེན་པོས་འཕེལ་རྒྱས་སུ་བཏང་ནས། མཁོ་སྤྲོད་སྦྲེལ་ཕྲེང་དོ་དམ་དང་།  ནུས་ཁུངས་གཙང་མའི་འཁོར་སྐྱོད་སྲུང་སྐྱོང་གི་ཞབས་ཕྱི་ནུས་པ་ཆེ་རུ་གཏང་དགོས། (འགན་ཁུར་སྡེ་ཚན་ནི་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་། འབྲེལ་ཡོད་སྡེ་ཁག་སོ་སོ་ཡིན)

ཚོགས་འགྲེམ།   མཚོ་སྐྱོར་རྐྱེན་སྲོལ་ལ་བརྟེན་ནས་ཞིང་ཆེན་ཕྱི་ནང་གི་རྩེར་སོན་ཚོགས་འགྲེམ་ལས་ཁུངས་དང་ལས་རིགས་མཐུན་ཚོགས་ཀྱིས་མཚོ་སྔོན་དུ་ཚོགས་འདུ་དང་འགྲེམ་སྟོན་སྤེལ་དུ་བཀུག་ནས། ཚོགས་འགྲེམ་ཇུས་འགོད་སོགས་ཆེད་ལས་ཞབས་ཕྱིའི་ནུས་པ་ཆེ་རུ་གཏང་དགོས། (འགན་ཁུར་སྡེ་ཚན་ནི་ཞིང་ཆེན་ཚོང་དོན་ཐིན་དང་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་ཡིན)

ཡུལ་སྐོར་ཞབས་ཕྱི།  ཡུལ་སྐོར་ལས་དོན་ཁང་དང་འབྲེལ་ཡོད་ཞབས་ཕྱི་ཚད་ལྡན་དང་སྤུས་འདེགས་ནུས་སྐྱེད་ལ་སྐུལ་འདེད་བཏང་ནས།  ཟ་སྡོད་འགྲོ་གསུམ་དང་ཡུལ་སྐོར་ཉོ་ཚོང་རོལ་རྩེད་བཅས་ཀྱི་སྦྲེལ་ཕྲེང་ཧྲིལ་བོའི་ཆ་འགྲིག་ཞབས་ཕྱི་འཐུས་ཚང་དུ་གཏང་དགོས། སྟོབས་ཤུགས་ལྡན་པའི་ཡུལ་སྐོར་ཁེ་ལས་ནང་འདྲེན་བྱས་ནས་སྤུས་ལེགས་མཛེས་ལྗོངས་ཁུལ་གཏོད་དགོས། (འགན་ཁུར་སྡེ་ཚན་ནི་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་དང་། འབྲེལ་ཡོད་སྡེ་ཁག་སོ་སོ་ཡིན)

མི་ཤུགས་ཐོན་ཁུངས་དོ་དམ།   གཙོ་གནད་ཁྱབ་ཁོངས་སུ་མཁོ་ཆེ་དཀོན་རིགས་འཇོན་མིའི་དགོས་མཁོའི་དཀར་ཆག་དུས་བཅད་ལྟར་སྒྲིག་བཟོ་དང་ཁྱབ་བསྒྲགས་བྱས་ནས།  མི་ཤུགས་ཐོན་ཁུངས་ཕན་མཐོའི་ངང་འཁོར་རྒྱུག་ཡོང་བར་སྐུལ་འདེད་གཏང་དགོས།   མི་ཤུགས་ཐོན་ཁུངས་ཞབས་ཕྱིའི་ལས་ཁུངས་རིག་གྲངས་ཅན་དུ་རིགས་སྒྱུར་རིམ་སྤོར་བྱེད་པར་བསྔགས་སྐུལ་བྱ་དགོས།  མཚོ་སྔོན་གྱི་ཁྱད་ལྡན་ལས་རིགས་ནུས་རྩལ་འགྲན་བསྡུར་མ་ལག་འཐུས་ཚང་དུ་གཏང་དགོས། ཁྱིམ་ལས་དང་ཁམས་གསོ། བཟའ་བཏུང་སོགས་ཀྱི་ཁྱབ་ཁོངས་ལ་དམིགས་ནས་འགྲན་བསྡུར་རྣམ་གྲངས་བཀོད་སྒྲིག་བྱས་ཏེ།  ཞིང་ཆེན་ཡོངས་ཀྱི་ནུས་རྩལ་འགྲན་བསྡུར་ཆེན་མོ་དུས་བཅད་ལྟར་སྤེལ་དགོས། (འགན་ཁུར་སྡེ་ཚན་ནི་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་དང་། འབྲེལ་ཡོད་སྡེ་ཁག་སོ་སོ་ཡིན)

5.དངུལ་རྩ་ལས་རིགས་ཀྱི་སྤུས་འདེགས་ནུས་སྤེལ་ལ་སྐུལ་འདེད་གཏང་དགོས། 

དངུལ་རྩ། དངུལ་རྩའི“རྩོམ་ཡིག་ཆེན་པོ་ལྔ”གཏིང་ཟབ་ཏུ་སྤེལ་བ་དང་། དངུལ་རྩའི་ལས་ཁུངས་ཀྱིས་དངུལ་རྩའི་ཐོན་རྫས་མཁོ་སྤྲོད་འཚམ་སྒྲིག་ལེགས་སྒྱུར་བྱེད་པར་ཁྲིད་སྟོན་བྱེད་ཅིང་། ཞབས་ཕྱིའི་འཛད་སྤྱོད་ཁྱབ་ཁོངས་ཀྱི་ཡིད་རྟོན་དངུལ་བུན་གཏོང་ཚད་ཇེ་མང་དུ་བཏང་ནས། ཡིད་རྟོན་དངུལ་བུན་གྱི་ཁྱོན་སྐྱེད་འབོར་འཕར་ལ་སྐུལ་འདེད་གཏང་དགོས། རྒྱལ་ཁབ་ཀྱི་ལས་གཏོད་མ་འཇོག་གིས་ཐེབས་རྩའི་རྒྱབ་སྐྱོར་ཀྱི་སྣེ་ཁྲིད་པར་ཧུར་ཐག་གིས་བརྩོན་ལེན་བྱ་དགོས། (འགན་ཁུར་སྡེ་ཚན་ནི་ཞིང་ཆེན་ཏང་ཨུ་དངུལ་རྩ་གཞུང་ལས་ཁང་དང་ཞིང་ཆེན་ཚན་རྩལ་ཐིན།  ཞིང་ཆེན་ནོར་སྲིད་ཐིན།  མི་དམངས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་། མཚོ་སྔོན་དངུལ་རྩ་ལྟ་སྐུལ་དོ་དམ་ཅུས་བཅས་ཡིན)

འགན་བཅོལ།   “སྲིད་དངུལ་བཅོལ་གསུམ”གྱི་ལས་སྒོ་གཏིང་ཟབ་མོས་ཁྱབ་གདལ་དུ་བཏང་ནས།  ཐོན་ལས་ཁྱབ་ཁོངས་གཙོ་བོར་དངུལ་སྡུད་དང་འགན་བཅོལ་འགན་སྲུང་ཞབས་ཕྱི་བྱེད་ཤུགས་ཆེ་རུ་གཏང་དགོས།   བར་ཚོད་ཞབས་ཕྱིའི་འགན་བཅོལ་ཁྱབ་གདལ་དུ་གཏང་དགོས།  མི་ལུས་འགན་བཅོལ་ཀུང་སི་ཡིས་ཚོང་ལས་ཀྱི་ཡུན་རིང་ནད་སྐྱོང་འགན་བཅོལ་གསར་སྤེལ་བྱེད་པར་བསྔགས་སྐུལ་བྱ་དགོས།   (འགན་ཁུར་སྡེ་ཚན་ནི་མཚོ་སྔོན་དངུལ་རྩ་ལྟ་སྐུལ་དོ་དམ་ཅུས་དང་ཞིང་ཆེན་ཏང་ཨུ་དངུལ་རྩ་གཞུང་ལས་ཁང་ཡིན )

དངུལ་སྡུད་འགན་ལེན།   ཞིང་ཆེན་རིམ་པའི་སྲིད་གཞུང་རང་བཞིན་གྱི་དངུལ་སྡུད་འགན་ལེན་གྱི་བྱ་དགའ་དང་གསབ་དངུལ་སྲིད་ཇུས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ།  ལས་སྒོའི་བྱ་དགའ་དང་། འགན་བཅོལ་གྲོན་དངུལ་གྱི་གསབ་དངུལ། ཚབ་འཇལ་སྐྱིན་གསབ་བཅས་ཀྱི་བྱ་དགའ་དང་གསབ་དངུལ་རྐྱེན་སྲོལ་བརྒྱུད་དེ། ཞིང་ཆེན་རིམ་པའི་སྲིད་གཞུང་རང་བཞིན་གྱི་དངུལ་སྡུད་འགན་ལེན་ལས་ཁུངས་ཀྱིས་འགན་ལེན་གཞི་ཁྱོན་ཆེ་རུ་གཏོང་བར་ཁྲིད་སྟོན་བྱས་ཏེ། འགན་ལེན་གྲོན་དངུལ་འཇལ་ཕྱོད་ཇེ་དམའ་རུ་གཏང་དགོས།  (འགན་ཁུར་སྡེ་ཚན་ནི་ཞིང་ཆེན་ནོར་སྲིད་ཐིན་དང་ཞིང་ཆེན་ཏང་ཨུ་དངུལ་རྩ་གཞུང་ལས་ཁང་། མཚོ་སྔོན་དངུལ་རྩ་ལྟ་སྐུལ་དོ་དམ་ཅུས་བཅས་ཡིན )

6.ནུས་སྲི་ཁོར་སྲུང་གི་ཞབས་ཕྱི་ལེགས་སྐྱོང་དང་སྤུས་འདེགས་བྱ་དགོས། 

ནུས་སྲི་ཐཱན་སྙུང་།   ཁེ་ལས་ཀྱི་ནུས་འབྲས་དང་། ཐཱན་འབྲས། ཁོར་སྲུང་ཆུ་ཚད་བཅས་ཇེ་མཐོར་གཏོང་བ་སོགས་ཀྱི་དགོས་མཁོར་དམིགས་ནས། ནུས་སྲི་བློ་འདྲི་དང་། ནུས་སྲི་བརྟག་དཔྱོད།  ནུས་ཁུངས་རྩིས་བཤེར་སོགས་ཆེད་ལས་ཞབས་ཕྱི་འདོན་སྤྲོད་བྱེད་རྒྱ་ཆེ་རུ་གཏོང་བ་དང་།  ཁོར་སྲུང་བློ་འདྲི་དང་ཁོར་ཡུག་བརྟག་འཇལ།  སྦགས་བཙོག་བཅོས་སྐྱོང་།  ཐཱན་རིགས་རྒྱུ་ནོར་དོ་དམ་སོགས་ཕྱོགས་བསྡུས་ཞབས་ཕྱི་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏང་དགོས། (འགན་ཁུར་སྡེ་ཚན་ནི་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་དང་།  ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན།  ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་བཅས་ཡིན )

ཁོར་ཡུག་བཅོས་སྐྱོང་།  སྐྱེ་ཁམས་སྔོན་དུ་འཇོག་པའི་ངེས་གནས་ལ་གཞི་ཚུགས་ཏེ། ཆེད་ལས་ལས་ཁུངས་ཀྱིས་སྐྱེ་ཁམས་རིན་ཐང་དཔྱད་དཔོག་དང་། སྐྱེ་ཁམས་ཁོར་ཡུག་གི་ཚད་གཞི་གཏན་འཁེལ། ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་། ཆུ་སྲི་དཔྱད་དཔོག་སོགས་གསར་དར་ཞབས་ཕྱིའི་ཁྱབ་ཁོངས་རྒྱ་སྐྱེད་པར་ཁྲིད་སྟོན་དང་སྐྱེད་སྲིང་བྱེད་ཅིང་། ལག་རྩལ་ཞིབ་འཇུག་གསར་སྤེལ་དང་། ལས་གྲྭ་ལག་བསྟར། གཉེར་སྐྱོང་སྲུང་སྐྱོང་བཅས་ལ་ཁྱབ་པའི་སྦྲེལ་ཕྲེང་ཧྲིལ་བོའི་ཞབས་ཕྱིའི་མ་ལག་གཟུག་དགོས།  (འགན་ཁུར་སྡེ་ཚན་ནི་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་དང་།   ཞིང་ཆེན་ཚན་རྩལ་ཐིན།  ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན།  ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས།  ཞིང་ཆེན་ཆུ་བེད་ཐིན།   ཞིང་ཆེན་ནགས་རྩྭ་ཅུས།   ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན་བཅས་ཡིན )

(གཉིས)འཚོ་བའི་རང་བཞིན་གྱི་ཞབས་ཕྱིའི་ལས་རིགས་འདོན་སྤྲོད་བྱེད་པའི་རྒྱུ་སྤུས་ཇེ་ལེགས་སུ་གཏང་དགོས། 

7. རིག་གནས་ཡུལ་སྐོར་ལུས་རྩལ་གྱི་འཛད་སྤྱོད་སྦས་ཤུགས་ཡུལ་བབ་དང་བསྟུན་ནས་སྔོག་འདོན་བྱ་དགོས། 

རིག་གནས་ཡུལ་སྐོར་ལུས་རྩལ།   Aརིམ་པའི་གཙོ་གནད་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་སྐར་རིམ་གྲོང་གསེབ་ཡུལ་སྐོར་སྣེ་ལེན་ས་ཚིགས་ཀྱི་ཆ་འགྲིག་སྒྲིག་བཀོད་འཐུས་ཚང་དུ་གཏང་དགོས། ལ་གཞས་ཁྲོམ་ཚོགས་དང་རྟ་རྒྱུག་འགྲན་ཚོགས་སོགས་སྲོལ་རྒྱུན་གྱི་དམངས་སྲོལ་དུས་སྟོན་བྱེད་སྒོ་དང་ཚོང་ལས་འགྲེམ་འཚོང་ཟུང་འབྲེལ་བྱས་པ་བརྒྱུད་དེ། འཛད་སྤྱོད་བྱེད་པར་སྐུལ་འདེད་གཏང་དགོས།  FIRSTགློག་བརྙན་འགྲེམ་སྟོན་སོགས་རིག་གནས་བྱེད་སྒོ་དང་མཛེས་ལྗོངས་ཁུལ་དང་། ཚོང་ཚོགས། གཟུགས་འདས་ཤུལ་བཞག་རིག་གནས་བཅས་མཉམ་འདྲེས་ཟབ་མོ་ཡོང་བར་སྐུལ་འདེད་གཏང་དགོས།  ཡུལ་སྐོར་མེ་འཁོར་དང་།  ས་གཤིས་ཞིབ་སློབ།  རྒྱལ་ཁབ་སྤྱི་གླིང་གི་ཚན་རིག་རྟོག་ཞིབ་སོགས་གསར་དར་ལས་རྣམ་མགྱོགས་མྱུར་གྱིས་འཕེལ་རྒྱས་སུ་གཏང་དགོས། མཚོ་སྐོར་ལྕགས་རྟ་འགྲན་བསྡུར་དང་མཚོ་འདས་སྦྲེལ་འགྲན་སོགས་ཀྱི་བཞུར་འདྲེན་ནུས་པ་འདོན་སྤེལ་བྱེད་ཅིང་། རིག་རྩལ་འཁྲབ་སྟོན་ཕུན་སུམ་ཚོགས་པ་འདོན་སྤྲོད་བྱས་ནས།   འགྲན་བསྡུར་གྱི་དཔལ་འབྱོར་དང་འཁྲབ་རྩལ་གྱི་དཔལ་འབྱོར་ཧུར་ཐག་གིས་འཕེལ་རྒྱས་སུ་གཏང་དགོས།  ཡུལ་སྐོར་ལམ་ཐིག་ཧྲིལ་བོའི་བཀོད་པར་གཅིག་འདོམས་དང་ལེགས་སྒྱུར་བྱས་ནས།  འཁོར་གཏོང་ཡུལ་སྐོར་དང་།  གནས་སྡོད་ཡུལ་སྐོར།  གངས་འཁྱགས་ཡུལ་སྐོར།  ཕྱི་རོལ་སྦྱོང་བརྡར་བཅས་ཀྱི་ལམ་ཐིག་ཁྱབ་སྤེལ་བྱ་དགོས། (འགན་ཁུར་སྡེ་ཚན་ནི་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་དང་།  ཞིང་ཆེན་ལུས་རྩལ་ཅུས།   ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་བཅས་ཡིན )

ཞག་སྡོད་བཟའ་བཏུང་།  ཁྱིམ་ཚང་མགྲོན་ཁང་ཞབས་ཕྱི་འཕེལ་རྒྱས་སུ་བཏང་ནས།  ཞག་སྡོད་ཁེ་ལས་ཀྱི་ཞབས་ཕྱིའི་སྤུས་ཚད་ཇེ་མཐོར་གཏོང་བར་ཁྲིད་སྟོན་བྱ་དགོས།  “མཚོ་སྔོན་འཐེན་ཐུག”གི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་ཅིང་།  “མཚོ་སྔོན་ཁྱིམ་གསོལ”གྱི་ཟོང་རྟགས་འཛུགས་སྐྲུན་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་སྟེ། བཟའ་བཏུང་ལས་རིགས་ཚད་ལྡན་ཅན་དང་ཟོང་རྟགས་ཅན།  མུ་འབྲེལ་ཅན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏང་དགོས། ཞག་སྡོད་བཟའ་བཏུང་ཁེ་ལས་ཀྱིས་དབུས་འགྱུར་ཐབ་ཚང་དང“གློག་ཆས་ཐབ་ཚང”བསྐྲུན་པར་རྒྱབ་སྐྱོར་བྱ་དགོས།   (འགན་ཁུར་སྡེ་ཚན་ནི་ཞིང་ཆེན་ཚོང་དོན་ཐིན་དང་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་ཡིན)

8.རྒན་གསོ་བཅོལ་སྐྱོང་ཞབས་ཕྱིའི་སྤུས་འབྲས་རྒྱུན་མཐུད་ངང་ཆེ་རུ་གཏང་དགོས།

རྒན་གསོ།  གྲོང་ཁྱེར་གྲོང་གསེབ་ཀྱི་རིམ་པ་གསུམ་གྱི་རྒན་གསོའི་ཞབས་ཕྱིའི་དྲ་རྒྱ་རྒྱུན་མཐུད་ངང་ཆ་ཚང་དུ་གཏོང་བ་དང་།  ཀུན་ཕན་རང་བཞིན་གྱི་རྒན་གསོ་ལས་ཁུངས་འཕེལ་རྒྱས་སུ་བཏང་ནས།    གཞུང་གཉེར་རྒན་གསོའི་ལས་ཁུངས་ཀྱི་ཆེད་ལས་ལྟ་སྐྱོང་ནུས་པ་ཆེ་རུ་གཏོང་ཞིང་།  ཆ་རྐྱེན་འཛོམས་པའི་ས་ཁུལ་གྱིས་རིམ་པ་གཉིས་ཡན་གྱི་རྒན་གསོའི་ཞབས་ཕྱིའི་ལྟེ་གནས་འཛུགས་པར་རྒྱབ་སྐྱོར་བྱ་དགོས། སྡེ་ཁུལ་གྱི་བསྒར་འཇུག་རྣམ་པའི་ཕྱོགས་བསྡུས་རྒན་གསོ་ཞབས་ཕྱིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མགྱོགས་མྱུར་གྱིས་སྐུལ་འདེད་གཏང་དགོས།    ཟི་ལིང་གྲོང་ཁྱེར་གྱིས“སྡེ་ཁུལ+གཞིས་ལས+རྒན་གསོའི”ཞབས་ཕྱིའི་ལས་ཁུངས་གསོ་སྐྱོང་བྱེད་པར་རྒྱབ་སྐྱོར་བྱ་དགོས།  ཁྱིམ་ཚང་རྒན་འཚམ་ཅན་དུ་བསྒྱུར་བཀོད་བྱེད་པར་སྐུལ་འདེད་བཏང་ནས། རྒྱུན་མཐུད་བརྟན་བརླིང་དང་ཞབས་ཕྱིའི་ཆེད་ལས་ཡིན་པའི་ཁྱིམ་ཚང་རྒན་གསོའི་ཉལ་ཁྲི་བསྐྲུན་དགོས། གསོ་བཅོས་ཟུང་འབྲེལ་གྱི་དཔེ་སྟོན་ལས་གཞི་གསར་གཏོད་བྱས་ནས།  རྒན་རྒོན་ལ་མཛའ་མཐུན་སྨན་བཅོས་བྱེད་པའི་ལས་ཁུངས་འཛུགས་པར་སྐུལ་འདེད་གཏང་དགོས། (འགན་ཁུར་སྡེ་ཚན་ནི་ཞིང་ཆེན་དམངས་སྲིད་ཐིན་དང་།  ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན།  ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་བཅས་ཡིན)

བཅོལ་སྐྱོང་དང་བུ་བཅོལ།   སྤྱི་ཚོགས་ཀྱི་སྟོབས་ཤུགས་ཀུན་ཕན་བཅོལ་སྐྱོང་ཞབས་ཕྱིའི་མ་ལག་འཛུགས་སྐྱོང་ནང་ཞུགས་པར་ཁྲིད་སྟོན་བྱས་ཏེ།  མི་སྤྱོད་སྡེ་ཚན་གྱིས་བུ་བཅོལ་ཞབས་ཕྱི་དང་།  སྡེ་ཁུལ་གྱིས་བསྒར་འཇུག་རྣམ་པའི་བཅོལ་སྐྱོང་།  བྱིས་སྐྱོང་ཁང་གིས་བུ་བཅོལ་འཛིན་གྲྭ་སོགས་གཉེར་བའི་མ་དཔེ་སྣ་ཚོགས་འཕེལ་རྒྱས་སུ་གཏང་དགོས།  བཅོལ་སྐྱོང་ཞབས་ཕྱིའི་གསབ་དངུལ་སྟེར་བའི་དཔེ་སྟོན་ཚོད་ལྟ་ཟབ་སྤེལ་བྱས་ཏེ། ཀུན་ཕན་བཅོལ་སྐྱོང་དང་བུ་བཅོལ་གཞི་གཅིག་ཅན་གྱི་ཞབས་ཕྱི་ཚད་ལྡན་ངང་འཕེལ་རྒྱས་སུ་གཏང་དགོས། ཀུན་ལ་ཕན་པའི་བྱིས་པའི་ཞབས་ཕྱི་འདོན་སྤྲོད་བྱེད་རྒྱ་ཆེ་རུ་གཏོང་བ་དང་།   བྱིས་པའི་ཕན་བདེའི་ལས་ཁུངས་སོགས་ཀྱིས་སྤྱི་ཚོགས་ཀྱི་ཞབས་ཕྱི་དེ་དཀའ་ངལ་ཡོད་པའི་བྱིས་པར་སྲིང་བར་སྐུལ་འདེད་གཏང་དགོས།  བྱིས་པའི་བདེ་གསོའི་ཞབས་ཕྱི་རག་རུང་རང་བཞིན་དང་ཚད་ལྡན་ཅན་གྱི་ཆུ་ཚད་ཇེ་མཐོར་གཏང་དགོས། (འགན་ཁུར་སྡེ་ཚན་ནི་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་།  ཞིང་ཆེན་དམངས་སྲིད་ཐིན།  ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན།  ཞིང་ཆེན་ནོར་སྲིད་ཐིན།  ཞིང་ཆེན་སློབ་གསོ་ཐིན་བཅས་ཡིན)

9.སྡོད་དམངས་ལ་ཞབས་ཕྱི་འདོན་སྤྲོད་བྱེད་པའི་སྤུས་ཚད་ཇེ་མཐོར་གཏང་དགོས།   

ས་ཁང་བདག་ཁོངས། ས་ཁང་ཐོན་ལས་ཀྱི་ཤོང་སྐྱེད་རིམ་སྤོར་ལ་སྐུལ་འདེད་གཏང་དགོས།    ས་ཁང་ཐོན་ལས་ཀྱི་ཞབས་ཕྱིའི་སྦྲེལ་ཕྲེང་རྒྱ་སྐྱེད་པ་དང་། ས་ཁང་བདག་ཁོངས་བར་སྨྱན་ལས་ཁུངས་ཀྱི་ཞབས་ཕྱི་ཚད་ལྡན་དུ་བཏང་ནས།  སྡོད་ཁང་བོགས་གཏོང་ཁྲོམ་ར་གསོ་སྐྱོང་བྱེད་པར་ཤུགས་བསྣན་དགོས།  སྡེ་ལས་ཞབས་ཕྱིའི་སྤུས་ཚད་ཇེ་མཐོར་གཏོང་བའི་འགུལ་སྐྱོད་སྤེལ་དགོས།   ཡུལ་བབ་དང་བསྟུན་ནས“མཐོ་སྒང་གི་སྡོད་ཁང་ཡག་པོ”འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ། ས་ཁང་བདག་ཁོངས་འཕེལ་རྒྱས་ཀྱི་མ་དཔེ་གསར་བ་མགྱོགས་མྱུར་གྱིས་བསྐྲུན་དགོས། (འགན་ཁུར་སྡེ་ཚན་ནི་ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན་དང་།  ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན།  ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས།  འབྲེལ་ཡོད་སྡེ་ཁག་སོ་སོ་བཅས་ཡིན)

སྡེ་ཁུལ་གྱི་ཁྱིམ་སྲིད། “སྡེ་ཁུལ+ཁྱིམ་སྲིད”ཀྱི་ཞབས་ཕྱིའི་གནས་ལྗོངས་བཏོད་དེ་སྡེ་ཁུལ་གྱི་དྲ་ཕྱིའི་ཞབས་ཕྱི་སྒྲུབ་གནས་ཕུན་སུམ་ཇེ་ཚོགས་སུ་གཏང་དགོས། རྒན་གསོ་ནད་སྐྱོང་དང་། ཕྲུ་གུ་གསོ་སྐྱོང་། བསྡུ་ཉར་ལེགས་སྒྲིག་སོགས་ལ་དམིགས་ནས་ལས་རིགས་ནུས་རྩལ་གསོ་སྦྱོང་སྤེལ་བ་དང་། “བར་སྨྱན་ལམ་ལུགས”ཀྱི་ཁྱིམ་སྲིད་ཁེ་ལས“ལས་བཟོ་བའི་ལམ་ལུགས”སུ་བསྒྱུར་བར་ཁྲིད་སྟོན་བྱ་དགོས། ལས་རིགས་སློབ་གླིང་དང་ཁྱིམ་སྲིད་ཁེ་ལས་ཀྱིས་ཁྱིམ་སྲིད་རིགས་ཀྱི་ཐོན་སློབ་མཉམ་འདྲེས་ཀྱི་དངོས་སྦྱོང་རྟེན་གཞི་མཉམ་དུ་སྐྲུན་པར་རྒྱབ་སྐྱོར་བྱ་དགོས། བསམ་པའི་འགོག་རྐྱེན་ནད་པར་སྡེ་ཁུལ་གྱི་བདེ་གསོའི་ཞབས་ཕྱི་རྒྱུན་མཐུད་ངང་ལེགས་པར་བསྒྲུབ་དགོས། (འགན་ཁུར་སྡེ་ཚན་ནི་ཞིང་ཆེན་ཚོང་དོན་ཐིན་དང་།  ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན།  ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན།  ཞིང་ཆེན་དམངས་སྲིད་ཐིན།  འབྲེལ་ཡོད་སྡེ་ཁག་སོ་སོ་བཅས་ཡིན)

སིལ་འཚོང་།  སྐར་མ་བཅོ་ལྔའི་དམངས་བདེ་འཚོ་བའི་ཁུལ་མགྱོགས་མྱུར་ངང་བསྐྲུན་ནས།  རླངས་འཁོར་ཉོས་རྗེས་ཀྱི་ཁྲོམ་རའི་ཁྱད་ལྡན་ཞབས་ཕྱི་ལེགས་སྒྲུབ་བྱ་དགོས། “བརྒྱ་གཉིས་ཁེ་སྐྱོར་དམངས་བདེའི”འགུལ་སྐྱོད་ཟབ་སྤེལ་བྱེད་པ་དང་། རྫོང་ཁོངས་ཀྱི་སིལ་འཚོང་བཀོད་པ་ལེགས་སྒྱུར་བྱས་ནས། རྒྱུད་འབྲེལ་སིལ་འཚོང་ལས་རིགས་གཞི་རིམ་དུ་བསྐྱོད་པར་སྐུལ་འདེད་གཏང་དགོས། ཚོང་ཁང་ཐོག་མའི་དཔལ་འབྱོར་དང་། ཕུད་འགྲེམ་དཔལ་འབྱོར། ཟོང་རྟགས་དཔལ་འབྱོར་བཅས་རྒྱུན་མཐུད་ངང་སྟོབས་ལྡན་དུ་གཏོང་བ་དང་། ལས་སྟེགས་ཀྱི་འགུག་འདྲེན་བྱེད་ཤུགས་ཆེ་རུ་གཏོང་ཞིང་། དྲ་རྒྱའི་ཕྱིར་འཚོང་གི་ཉོ་འཚོང་བསྡུར་ཚད་ཇེ་མཐོར་བཏང་ནས། སྤུས་ཚད་མཐོ་བའི་འཛད་སྤྱོད་ཀྱི་འདོན་སྤྲོད་ནུས་པ་ཆེ་རུ་གཏང་དགོས། (འགན་ཁུར་སྡེ་ཚན་ནི་ཞིང་ཆེན་ཚོང་དོན་ཐིན་དང་འབྲེལ་ཡོད་སྡེ་ཁག་སོ་སོ་ཡིན)

10.རྒྱུ་མང་གི་འཕྲོད་བསྟེན་བདེ་ཐང་ཞབས་ཕྱི་རྒྱ་བསྐྱེད་དགོས། 

སྨན་བཅོས་འཕྲོད་བསྟེན། ཁྱིམ་ཚང་སྨན་པའི་ཆིངས་འགོད་ཞབས་ཕྱིའི“རྒྱ་སྐྱེད་དྲུག”ཤུགས་དྲག་ཏུ་གཏོང་བ་དང་། སྒེར་གཤིས་ཅན་གྱི་ཆིངས་ཡིག་འགོད་པར་སྐུལ་འདེད་བཏང་སྟེ།  བདེ་ཐང་དཔྱད་དཔོག་དང་། མཐོ་སྒང་དལ་ནད་དོ་དམ། སྒོ་བཅར་སྐོར་བཅོས། སྨན་སྤྱོད་མཛུབ་སྟོན་བཅས་ཀྱི་ཞབས་ཕྱི་རྒྱུན་རྣམ་ལྟར་འདོན་སྤྲོད་བྱ་དགོས། ཞིང་ཆེན་རིམ་པའི་སྤུས་ལེགས་སྨན་བཅོས་ཐོན་ཁུངས་ལ་བརྟེན་ནས་མཐོ་སྒང་གསོ་རིག་དང་བོད་ལུགས་སྨན་དཔྱད་ཀྱི་ཁྱད་ཆོས་ཟླ་སྒྲིལ་བྱས་ཏེ། ས་མཚམས་བརྒལ་ནས་སྨན་བཅོས་བྱེད་པའི་ཞབས་ཕྱིའི་གཞི་རྟེན་བསྐྲུན་དགོས། སྨན་བཅོས་ལས་ཁུངས་ཀྱི་ནད་ཁང་བསྒྱུར་བཀོད་དང་རིམ་སྤོར་བྱས་ནས། སྨན་བཅོས་སྒྲིག་བཀོད་དང་སྒྲིག་ཆས་སྤུས་འདེགས་གསར་སྒྱུར་བྱ་དགོས། (འགན་ཁུར་སྡེ་ཚན་ནི་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་ཡིན)

སྔོན་འགོག་བདེ་སྲུང་།  བདེ་ཐང་སློབ་གསོ་དང་།  སྔོན་འགོག་བདེ་སྲུང་། ནད་གཞི་བརྟག་བཅོས།  བདེ་གསོ་ནད་སྐྱོང་སོགས་ཕྱོགས་བསྡུས་རྒྱུན་མཐུད་ཀྱི་རྒན་རྒོན་བདེ་ཐང་ཞབས་ཕྱིའི་མ་ལག་འཐུས་ཚང་དུ་གཏང་དགོས། བུད་མེད་ཀྱི་བདེ་སྲུང་གི་ཆེད་ཚན་འཛུགས་པར་སྐུལ་འདེད་གཏང་དགོས། ན་ཆུང་གཞོན་ནུ་དང་བྱིས་པའི་བདེ་ཐང་གི“བདེ་ཐང་ལྔ”འགོག་བཅོས་བྱེད་པའི་ཆེད་དམིགས་འགུལ་སྐྱོད་སྤེལ་དགོས།    སེམས་ཁམས་བདེ་ཐང་དང་བསམ་པའི་འཕྲོད་བསྟེན་གྱི་ཞབས་ཕྱིའི་མ་ལག་དང་ཐེ་གཏོགས་རྐྱེན་སྲོལ་ཆ་ཚང་དུ་གཏང་དགོས།  (འགན་ཁུར་སྡེ་ཚན་ནི་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ཡིན)

(གསུམ)ཐོན་ལས་མཉམ་འདྲེས་ཅན་དང་རིག་གྲངས་ཅན་དུ་མགྱོགས་མྱུར་གྱིས་འཕེལ་རྒྱས་སུ་གཏང་དགོས།  

11.ཁྱད་ཆོས་ཅན་གྱི་ཁྱད་ལྡན་གནས་ལྗོངས་མགྱོགས་མྱུར་གྱིས་གསོ་སྐྱོང་བྱ་དགོས།  《མཚོ་སྔོན་ཞིང་ཆེན་གྱི་ཁྱད་ལྡན་ཁྱབ་ཁོངས་ཀྱི་གནས་ལྗོངས་གསོ་སྐྱོང་དང་སྒོ་འབྱེད་མཛུབ་སྟོན》(ཚོད་སྤྱོད)ཞིབ་འཇུག་བྱས་ནས་གཏན་ལ་ཕབ་ཅིང་།  3Hམཐོ་སྒང་བདེན་དཔང་ར་སྤྲོད་དང་།  དམའ་དབྱིངས་དཔལ་འབྱོར། སྐྱེ་ཁམས་ཡུལ་སྐོར་སོགས་ཁྱབ་ཁོངས་ལ་དམིགས་ཏེ།  དབྱེ་འབྱེད་ངོས་འཛིན་མངོན་གསལ་ཡིན་པའི་ཁྱད་ཆོས་ཅན་གྱི་ཁྱད་ལྡན་གནས་ལྗོངས་ཁག་ཅིག་གཏོད་དགོས།   ཉེར་སྤྱོད་གནས་ལྗོངས་གཞི་རྟེན་དང་རྨང་གཞིའི་སྒྲིག་བཀོད་འཚོལ་ཞིབ་བྱས་ནས་བཀོད་སྒྲིག་བྱས་ཏེ། གནས་ལྗོངས་བློ་འདྲི་དང་།  གནས་ལྗོངས་ཇུས་འགོད།  གནས་ལྗོངས་དཔྱད་དཔོག་བཅས་ཀྱི་ཞབས་ཕྱིའི་ལས་སྒོའི་རྒྱ་བསྐྱེད་དགོས། (འགན་ཁུར་སྡེ་ཚན་ནི་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་འབྲེལ་ཡོད་སྡེ་ཁག་སོ་སོ་ཡིན)

12.མཐོ་སྒང་གི་ཁྱད་ལྡན་ཚ་གཡོལ་ཡུལ་སྐོར་གནས་སྡོད་ཀྱི་ཐོན་རྫས་གསར་གཏོད་བྱ་དགོས། 《མཚོ་སྔོན་ཞིང་ཆེན་གྱི་ཚ་གཡོལ་ཁང་བ་འཕེལ་རྒྱས་དང་འཛུགས་སྐྲུན་གྱི་མཛུབ་ཁྲིད》ཞིབ་འཇུག་བྱས་ནས་གཏན་ལ་ཕབ་སྟེ། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་གྱིས་དབྱར་དུས་བསིལ་འཇམ་ལྡན་པ་དང་སྐྱེ་ཁམས་བཟང་བའི་བབ་ལེགས་ཐོན་ཁུངས་ལ་བརྟེན་ནས་གཉེར་སྐྱོང་བྱེད་པོ་འདྲེན་འགུག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤུས་ཚད་མཐོ་བའི་ཁྱད་ལྡན་ཚ་གཡོལ་ཐོན་རྫས་དང་ཞབས་ཕྱི་འདོན་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ། མཐོ་སྒང་གི་ཁམས་གསོ་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཡུལ་སྐོར་གནས་སྡོད་ཟོང་རྟགས་དང་ཚ་གཡོལ་ཡུལ་སྐོར་ལམ་ཐིག་བཏོད་པ་བཅས་བྱས་ནས། རིག་གནས་རོལ་མྱོང་དང་། ཁྱིམ་ཚང་རྣམ་པའི་གྲོང་གསེབ་ཚ་གཡོལ། དུས་ཐུང་གཞུང་འགྲུལ་ཚོང་དོན་སོགས་ཚོགས་སྤྱིའི་དགོས་མཁོ་སྐོང་བར་རྒྱབ་སྐྱོར་བྱ་དགོས།   (འགན་ཁུར་སྡེ་ཚན་ནི་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན་དང་།   ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན།  ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་བཅས་ཡིན)

13.འཛད་སྤྱོད་ཀྱི“གསར་བ་གསུམ”གྱི་ཚོད་ལྟའི་གྲོང་ཁྱེར་མགྱོགས་མྱུར་གྱིས་བསྐྲུན་དགོས། ཟི་ལིང་གྲོང་ཁྱེར་གྱི་རྒྱལ་ཁབ་འཛད་སྤྱོད་ཀྱི“གསར་བ་གསུམ”གྱི་ཚོད་ལྟའི་གྲོང་ཁྱེར་གྱི་ལོ2ཀྱི་འཛུགས་སྐྲུན་སྐར་ཁུང་གི་དུས་རིམ་ཁོང་དུ་ཆུད་པར་བྱས་ནས། ཚོང་ཁང་ཐོག་མ་དེ་མགྱོགས་མྱུར་གྱིས་སྒོ་འབྱེད་པར་ཧུར་ཐག་གིས་སྐུལ་འདེད་བཏང་སྟེ།  ཕུད་འགྲེམ་དཔལ་འབྱོར་གྱི་སྤུས་འདེགས་ནུས་སྤེལ་ལ་སྐུལ་འདེད་གཏང་དགོས། དྲ་ཐོག་ནས་འཛད་སྤྱོད་ལ་སྐུལ་བའི་བྱེད་སྒོ་རྒྱུན་རྣམ་ལྟར་སྤེལ་ཞིང་། ཚོང་སྐོར་རིམ་སྤོར་དང་། གྲངས་འཛིན་འཛད་སྤྱོད། མཚན་མོའི་དཔལ་འབྱོར་སོགས་ཁྱབ་ཁོངས་ལ་དམིགས་ནས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ས་ཁོངས་འཛད་སྤྱོད་གསར་གཏོད་ཀྱི་མགོ་རྩོམ་ས་བསྐྲུན་དགོས།      (འགན་ཁུར་སྡེ་ཚན་ནི་ཞིང་ཆེན་ཚོང་དོན་ཐིན་དང་།  ཞིང་ཆེན་ནོར་སྲིད་ཐིན།  ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་བཅས་ཡིན)

14.ཞབས་ཕྱིའི་ལས་རིགས་རིག་གྲངས་ཅན་དུ་བསྒྱུར་བའི་ཆུ་ཚད་ཇེ་མཐོར་གཏང་དགོས། གྲངས་འཛིན་སྲིད་གཞུང་མགྱོགས་མྱུར་གྱིས་སྐྲུན་པ་དང་། མ་ལག་ཟླ་སྒྲིལ་སྦྲེལ་མཐུད་དང་གཞི་གྲངས་ཕན་མཐོའི་མཉམ་སྤྱོད་ལ་སྐུལ་འདེད་བཏང་སྟེ། “ཕན་མཐོའི་ངང་དོན་དག་གཅིག་འགྲུབ་པར་བྱེད་པ” རྒྱུན་མཐུད་ངང་སྐུལ་འདེད་གཏང་དགོས། སྲིད་དོན་སྤྲིན་སྟེགས་རིམ་སྤར་དང་རྐང་འཛིན་འདེགས་སྐྱོར་མ་ལག་གལ་ཆེན་སྤུས་འདེགས་ནུས་སྤེལ་མགྱོགས་མྱུར་གྱིས་བྱེད་པ་དང་། ཤེས་རིག་ལས་རིགས་ལས་སྟེགས་གཅིག་འདོམས་གྱིས་བསྐྲུན་ནས། གཞི་གྲངས་དང་། མ་ལག་བསྡུས་གྲུབ། བདེ་འཇགས་འཁོར་སྐྱོད་སྲུང་སྐྱོབ་སོགས་གྲངས་འཛིན་ཆ་འཕྲིན་ཞབས་ཕྱི་གསོ་སྐྱོང་དང་རྒྱ་སྐྱེད་བཏང་སྟེ། སྲིད་དོན་ཕན་མཐོའི་ངང་འཁོར་སྐྱོད་དང་གཙོ་གནད་ཐོན་ལས་གྲངས་འཛིན་ཅན་དུ་རིགས་སྒྱུར་བར་ནུས་སྟོབས་བསྩལ་དགོས།  (འགན་ཁུར་སྡེ་ཚན་ནི་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་ཞིང་ཆེན་གཞི་གྲངས་ཅུས་ཡིན)

(བཞི)ཁེ་ལས་ཇེ་ལེགས་ཇེ་སྟོབས་ཡོང་བར་རོགས་སྐྱོར་བྱ་དགོས། 

15.ཞབས་ཕྱིའི་ལས་རིགས་ཀྱི་ཁེ་ལས་མགྱོགས་མྱུར་གྱིས་གསོ་སྐྱོང་བྱ་དགོས།  རིམ་པ་མང་བའི་གཉེར་སྐྱོང་བྱེད་པོའི་མ་ལག་འཛུགས་པར་དམིགས་ནས།  གསར་གཏོད་སྐུལ་སྤེལ་དང་།  ཐོན་ཁུངས་གཅིག་བསྡུས།  ཟོང་རྟགས་ནུས་སྩོལ་བཅས་བྱེད་ཤུགས་ཆེ་རུ་གཏོང་བ་དང་།  ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་དང་རིམ་སྤོར་བྱེད་ཅིང་།  ཁེ་ལས་ཀྱིས་གཉེར་སྐྱོང་གཞི་ཁྱོན་གྱི་རྒྱ་སྐྱེད་པ་དང་ཕྱོགས་བསྡུས་སྟོབས་ཤུགས་ཆེ་རུ་གཏོང་བར་བསྔགས་སྐུལ་བྱས་ཏེ། ཞབས་ཕྱིའི་ལས་རིགས་ཀྱི་རྐང་འཛིན་ཁེ་ལས་ཁག་ཅིག་ཤུགས་ཆེན་པོས་གསོ་སྐྱོང་བྱེད་པ་དང་། སྤུས་ལེགས་གཉེར་སྐྱོང་བྱེད་པོའི་བསྡོམས་འབོར་རྒྱུན་མཐུད་ངང་རྒྱ་བསྐྱེད་ནས།  ཞབས་ཕྱིའི་ལས་རིགས་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་ཕྱོགས་ཡོངས་ནས་སྐུལ་སློང་བྱ་དགོས།  (འགན་ཁུར་སྡེ་ཚན་ནི་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་འབྲེལ་ཡོད་སྡེ་ཁག་སོ་སོ་ཡིན)

16.མཚོ་སྔོན་གྱི་ཞབས་ཕྱིའི་ཟོང་རྟགས་གཏོད་པར་ཤུགས་བསྣན་དགོས། ས་ཁམས་རྟགས་མཚན་ཐོན་རྫས་དང་ཞིང་ཆེན་རིམ་པའི་སྤུས་ཚད་ཚད་ཤིང་ཁག་ཅིག་གསོ་སྐྱོང་བྱ་དགོས། ཆེད་ལས་ཅན་གྱི་ཟོང་རྟགས་གསོ་སྐྱོང་བྱེད་པའི་ཞབས་ཕྱི་ལས་ཁུངས་ནང་འདྲེན་དང་གསོ་སྐྱོང་བྱ་དགོས། “མཚོ་སྔོན་ཁྱིམ་གསོལ”དང་། “མཚོ་སྔོན་གྱི་འཐེན་ཐུག”སོགས་བྱང་ཆུབ་པའི་ཞབས་ཕྱིའི་ཟོང་རྟགས་སྲ་བརྟན་དང་མཐོར་འདེགས་སུ་གཏང་དགོས། “ཏཱ་ཐུང་ནད་གཡོག”དང“ཧུའུ་ཀྲུའུ་ཁྱིམ་སྲིད”སོགས་གསར་དར་ཞབས་ཕྱིའི་ཟོང་རྟགས་གསོ་སྐྱོང་དང་རོགས་སྐྱོར་བྱས་ཏེ། “མཐོ་སྒང་གངས་རིའི་ལམ་པ”དང“ཚྭ་མཚོའི་ལག་ཤེས་པ”སོགས་ཁྱད་ལྡན་ཞབས་ཕྱིའི་ཟོང་རྟགས་གསར་རྐྱང་ཇུས་འགོད་དང་སྐྲུན་བཟོ་བྱ་དགོས། (འགན་ཁུར་སྡེ་ཚན་ནི་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་།  ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན།  ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། མཚོ་སྔོན་ཚོང་དོན་ཐིན།  ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས།  འབྲེལ་ཡོད་སྡེ་ཁག་སོ་སོ་བཅས་ཡིན )

 17.དངུལ་རྩའི་ཞབས་ཕྱི་ཁེ་ལས་ཀྱི་ནུས་པ་ཇེ་མཐོར་གཏང་དགོས།  དངུལ་རྩས་ཞབས་ཕྱིའི་འཛད་སྤྱོད་དང་རྒན་གསོའི་ཁྱབ་ཁོངས་ཀྱི་ཐོན་ལས་འཕེལ་རྒྱས་ལ་ནུས་སྟོབས་སྩོལ་བར་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་བ་དང་། ཐོན་ལས་ཁྱབ་ཁོངས་ཀྱི་རྒྱུ་མང་དངུལ་སྡུད་ཐབས་ལམ་ཤར་གཏོང་ཐུབ་པར་བྱེད་ཅིང་། ཤེས་བྱའི་བདག་དབང་གཏའ་འཇོག་གི་དངུལ་སྡུད་བྱེད་སྟངས་ཉེར་སྤྱོད་ཀྱི་ཁེབས་རྒྱ་ཆེ་རུ་བཏང་སྟེ་།  ཚན་རྩལ་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པའི་ཆེད་དམིགས་འགན་ལེན་འཆར་གཞི་ལག་བསྟར་བྱ་དགོས།   “མཚོ་སྔོན་ཡིད་རྟོན་དངུལ་སྡུད”ལས་སྟེགས་ཀྱི་རྩོལ་ནུས་ལེགས་སྒྱུར་དང་རིམ་སྤོར་བྱས་ནས།  ཞིབ་བཤེར་བྱེད་མི་དགོས་པར་ལོངས་སུ་སྤྱོད་པ་དང་མཐེབ་གཅིག་ཐད་འབྱོར་མངོན་འགྱུར་བྱེད་པར་སྐུལ་འདེད་གཏང་དགོས། (འགན་ཁུར་སྡེ་ཚན་ནི་ཞིང་ཆེན་ཏང་ཨུ་དངུལ་རྩ་གཞུང་ལས་ཁང་དང་། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན།  ཞིང་ཆེན་ཚན་རྩལ་ཐིན། ཞིང་ཆེན་ནོར་སྲིད་ཐིན། མི་དམངས་དངུལ་ཁང་མཚོ་སྔོན་ཡན་ལག་དངུལ་ཁང་། མཚོ་སྔོན་དངུལ་རྩ་ལྟ་སྐུལ་དོ་དམ་ཅུས། འབྲེལ་ཡོད་སྡེ་ཁག་སོ་སོ་བཅས་ཡིན )

གསུམ། འགན་སྲུང་ཐབས་བཀོད།

18.ནོར་སྲིད་མ་དངུལ་གྱིས་ཁྲིད་སྟོན་དང་འཇལ་འདེགས་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས། ཁེ་ལས་འབྲིང་ཆུང་ཕྲན་གསུམ་དང་ཞབས་ཕྱིའི་ལས་རིགས་ཀྱི་གཉེར་སྐྱོང་བྱེད་པོ་སོགས་ཀྱི་སྐྱེད་སྦྱར་སྲིད་ཇུས་ལག་བསྟར་ཡག་པོ་བྱེད་པ་རྩ་འཛུགས་བྱས་ནས། གཉེར་སྐྱོང་བྱེད་པོའི་སྤྱི་ཡོངས་ཀྱི་དགོས་མཁོ་དང་སྲིད་ཇུས་ལག་བསྟར་བྱས་ཚུལ་ལ་གཞིགས་ཏེ། ཞིང་ཆེན་རིམ་པའི་སྐྱེད་སྦྱར་གསབ་དངུལ་ཚད་གཞི་ལུགས་མཐུན་གྱིས་ལེགས་སྒྲིག་བྱ་དགོས། ད་ཡོད་ཐབས་ལམ་གྱི་ཆེད་སྤྱོད་མ་དངུལ་གྱི་རྒྱབ་སྐྱོར་དང་འགན་སྲུང་ནུས་པ་དང་ཁང་པ་ཉོ་བའི་གསབ་དངུལ་སྲིད་ཇུས་ཀྱི་ཕན་ནུས་འདོན་སྤེལ་གང་ལེགས་བྱ་དགོས།  མཚོ་སྔོན་ཞིང་ཆེན་གྱིས་འཕེལ་རྒྱས་སྲིད་གཞུང་གི་མ་འཇོག་ཐེབས་རྩ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བ་སྣེ་འདྲེན་དུ་བྱེད་ཅིང་། ཐད་ཀར་མ་འཇོག་དང་། རྗེས་སྙེག་མ་འཇོག་སོགས་ཁྲོམ་ར་ཅན་གྱི་བྱེད་ཐབས་སྤྱད་དེ། སྤྱི་ཚོགས་ཀྱི་མ་རྩ་སྔར་ལས་མང་བ་ཞིབ་འཇུག་གསར་སྤེལ་ཇུས་འགོད་དང་དེང་རབས་ཀྱི་ཟོང་འགྲུལ་སོགས་གནད་འགག་ཁྱབ་ཁོངས་སུ་གཏོང་བར་ཁྲིད་སྟོན་བྱ་དགོས།  (འགན་ཁུར་སྡེ་ཚན་ནི་ཞིང་ཆེན་ནོར་སྲིད་ཐིན་དང་།  ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན། ཞིང་ཆེན་ཚོང་དོན་ཐིན།  ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན།  མི་དམངས་དངུལ་ཁང་མཚོ་སྔོན་ཡན་ལག་དངུལ་ཁང་།  འབྲེལ་ཡོད་སྡེ་ཁག་སོ་སོ་བཅས་ཡིན )

19.འཇོན་མི་གསོ་སྐྱོང་རྐྱེན་སྲོལ་ཆ་ཚང་དུ་གཏང་དགོས། ཞིང་ཆེན་ནང་ཁུལ་གྱི་མཐོ་རིམ་སློབ་གྲྭ་དང་ལས་རིགས་སློབ་གླིང་གིས་ཞབས་ཕྱིའི་ལས་རིགས་ཀྱི་འབྲེལ་ཡོད་རིག་ཚན་ཆེད་ལས་འཛུགས་སྐྲུན་ལ་ཤུགས་སྣོན་པར་རྒྱབ་སྐྱོར་བྱ་དགོས། ལག་རྩལ་སྤོ་སྒྱུར་གྱི་འཇོན་མི་སྐྱེད་སྲིང་བྱེད་པར་ཤུགས་བསྣན་དགོས། ཞིང་ཆེན་ནང་ཁུལ་གྱི་མཐོ་རིམ་སློབ་གྲྭ་དང་ཁེ་ལས་ཀྱིས་མཉམ་འབྲེལ་སྒོས་རིག་ཚན་ཆེད་ལས་དང་། ཚན་རིག་ཞིབ་འཇུག་ལས་སྟེགས། དངོས་སྦྱོང་དངོས་བརྡར་རྟེན་གཞི་བཅས་མཉམ་དུ་སྐྲུན་པར་བསྔགས་སྐུལ་བྱ་དགོས། ལས་རིགས་སློབ་གསོའི་དཀོན་པའི་ཆེད་ལས་དང་། བསྒྱུར་བཀོད་ཆེད་ལས། ཕྱིར་འཐེན་ཆེད་ལས་བཅས་ཀྱི“གསལ་ཐོ་གསུམ”ཁྱབ་བསྒྲགས་བྱ་དགོས། ལས་གནས་བརྟན་སྲུང་དང་དམངས་ཕན་དང་ལས་གནས་རྒྱ་སྐྱེད་ཀྱི་བརྩོན་སྐུལ་སྲིད་ཇུས་མུ་མཐུད་དུ་ལག་བསྟར་ཡག་པོ་བྱ་དགོས། (འགན་ཁུར་སྡེ་ཚན་ནི་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་དང་། ཞིང་ཆེན་སློབ་གསོ་ཐིན།  ཞིང་ཆེན་ཚན་རྩལ་ཐིན།  འབྲེལ་ཡོད་སྡེ་ཁག་སོ་སོ་བཅས་ཡིན )

20.ཞབས་ཕྱིའི་ལས་རིགས་བཅོས་སྒྱུར་སྒོ་འབྱེད་བྱེད་རྒྱ་ཆེ་རུ་གཏང་དགོས། ཞབས་ཕྱིའི་ལས་རིགས་ཁྱབ་ཁོངས་ཀྱི་ལུགས་མཐུན་མིན་པའི་ཚད་གཞི་དང་ཚོད་འཛིན་རང་བཞིན་གྱི་ཐབས་བཀོད་གཙང་སེལ་བྱ་དགོས། ཞབས་ཕྱིའི་ལས་རིགས་ཀྱི་བསྡོམས་རྩིས་བརྟག་འཇལ་ལམ་ལུགས་འཐུས་ཚང་དུ་གཟུག་དགོས། ཕྱི་རྒྱལ་གྱི་ཚོང་བའི་མ་འཇོག་ལ་འཇུག་འཐུས་མ་ཐོབ་གོང་དུ་རྒྱལ་དམངས་ཐོབ་ཐང་གི་ཁར་ལྡོག་ཕྱོགས་གསལ་ཐོ་སྣོན་པའི་དོ་དམ་བྱེད་སྟངས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཕྱི་རྒྱལ་གྱི་མ་དངུལ་དེང་རབས་ཀྱི་ཞབས་ཕྱིའི་ལས་རིགས་ལ་འཇོག་པར་ཧུར་ཐག་གིས་ཁྲིད་སྟོན་བྱ་དགོས། རྒྱལ་མཚམས་ནས་བྲལ་བའི་ཁྲལ་སློག་སྲིད་ཇུས་དོན་འཁྱོལ་བྱས་ཏེ། རྒྱལ་མཚམས་ནང་ཡོང་བའི་འཛད་སྤྱོད་ཀྱི་འཕར་གཞི་གསར་བ་གསོ་སྐྱོང་བྱ་དགོས། ཞབས་ཕྱིའི་ཉོ་ཚོང་གྲོས་ཚོགས་དང་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སོགས་ཀྱི་ལས་སྟེགས་ལ་བརྟེན་ནས་ས་གཤིས་རྩད་ཞིབ་དང་བོད་ལུགས་སྨན་དཔྱད་ཀྱི་ཁམས་གསོ་སོགས་ཁྱད་ལྡན་ཞབས་ཕྱི་ཕྱིར་གཏོང་བྱེད་པར་སྐུལ་འདེད་གཏང་དགོས། (འགན་ཁུར་སྡེ་ཚན་ནི་ཞིང་ཆེན་ཚོང་དོན་ཐིན་དང་། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན།  ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས།  ཞིང་ཆེན་བསྡོམས་རྩིས་ཅུས་བཅས་ཡིན)

21.ཞབས་ཕྱིའི་ལས་རིགས་ཀྱི་ཚོང་འགུགས་མ་འདྲེན་ལ་ཤུགས་བསྣན་དགོས། ཐོན་སྐྱེད་རང་བཞིན་གྱི་ཞབས་ཕྱིའི་ལས་རིགས་དང་འཚོ་བའི་རང་བཞིན་གྱི་ཞབས་ཕྱིའི་ལས་རིགས་ཀྱི་ཁྱབ་ཁོངས་ལ་དམིགས་ཏེ། ཚོང་འགུགས་ལས་གཞི་ཁག་ཅིག་ཇུས་འགོད་བྱེད་པ་དང་། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ་སོགས་ཀྱི་བྱ་བའི་རྐྱེན་སྲོལ་གྱི་ནུས་པ་འདོན་སྤེལ་བྱེད་ཅིང་། ཐོན་ལས་སྦྲེལ་ཕྲེང་གི་ཚོང་འགུག་དང་། ཚོང་བརྟེན་ཚོང་འགུགས། ལས་སྟེགས་ཚོང་འགུགས། “གནས་བརྒལ”ཚོང་འགུགས་སོགས་གཏིང་ཟབ་ཏུ་སྤེལ་ནས། སྤུས་ལེགས་ཞབས་ཕྱིའི་ལས་རིགས་ཀྱི་ཐོན་ལས་ཐོན་ཁུངས་དང་། རྩེ་གྲའི་སྤྱི་ཁྱབ་པུའུ་ལས་རྣམ་རྒྱུན་མཐུད་ངང་གཅིག་བསྡུས་བྱས་ཏེ། ཞབས་ཕྱིའི་ལས་རིགས་ཀྱི་འཕེལ་རྒྱས་ཆུ་ཚད་ཇེ་མཐོར་གཏང་དགོས། (འགན་ཁུར་སྡེ་ཚན་ནི་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན།  འབྲེལ་ཡོད་སྡེ་ཁག་སོ་སོ་བཅས་ཡིན)

བཞི། བྱ་བའི་བླང་བྱ།

ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཞབས་ཕྱིའི་ལས་རིགས་ཀྱི་ནུས་སྐྱེད་དང་སྤུས་འདེགས་ལ་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ། བྱེད་པོའི་འགན་ཁུར་ངེས་པ་དོན་གྱིས་སྒྲུབ་པ་དང་། དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བསམ་འཆར་འདི་ལག་བསྟར་དོན་འཁྱོལ་ལེགས་འཛིན་བྱ་དགོས། ས་ཁུལ་སོ་སོས་རང་ངོས་འཕེལ་རྒྱས་ཀྱི་དོན་དངོས་ལ་དམ་དུ་དམིགས་ཏེ། ཡུལ་བབ་དང་བསྟུན་ནས་ལས་འགན་དང་བྱེད་སྟངས་ཁག་ཞིབ་ཚགས་སྒོས་དོན་འཁྱོལ་བྱ་དགོས། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གྱིས་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ནས། ཞབས་ཕྱིའི་ལས་རིགས་འཁོར་སྐྱོད་བརྟག་འཇལ་དང་ཉེན་བརྡ་གཏོང་བའི་བྱ་བའི་རྐྱེན་སྲོལ་འཛུགས་ཤིང་། ཕྱོགས་བསྡུས་མཐུན་སྦྱོར་དང་འཁོར་སྐྱོད་དབྱེ་ཞིབ་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། ལས་རིགས་འཕེལ་རྒྱས་ཁྲོད་ཀྱི་འགག་གནད་དང་དཀའ་གནད་ཀྱི་གནད་དོན་དུས་ཐོག་ཏུ་སེལ་ནས། ཞབས་ཕྱིའི་ལས་རིགས་ཀྱི་འཁོར་སྐྱོད་ལུགས་མཐུན་གྱི་ཁྱབ་ཁོངས་སུ་སྲུང་འཛིན་ཐུབ་པར་སྐུལ་འདེད་གཏང་དགོས། ལས་རིགས་སོ་སོའི་སྣེ་ཁྲིད་སྡེ་ཁག་གིས་རང་ཞིང་གི་སྡེབ་ཚོང་སིལ་ཚོང་དང་། ཞག་སྡོད་བཟའ་བཏུང་། འགྲིམ་འགྲུལ་སྐྱེལ་འདྲེན། དངུལ་རྩ། ས་ཁང་བདག་ཁོངས། བོགས་གཏོང་ཚོང་དོན། ཆ་འཕྲིན་ལག་རྩལ། ཚན་རིག་ལག་རྩལ། རིག་རྩལ་རོལ་རྩེད། སྡོད་དམངས་ཞབས་ཕྱི་སོགས་གཙོ་གནད་ལས་རིགས་འཕེལ་རྒྱས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། སོ་སོར་ཆེད་དམིགས་འགུལ་སྐྱོད་ཀྱི་ཇུས་གཞི་ཞིབ་འཇུག་བྱས་ནས་གཏན་འབེབས་བྱེད་པ་དང་། འཕེལ་རྒྱས་ཀྱི་དམིགས་འབེན་དང་གཙོ་གནད་ལས་འགན་སྔར་བར་ཞིབ་ཚགས་སུ་གཏོང་ཞིང་། ཞིང་ཆེན་ཡོངས་ཀྱི་ཞབས་ཕྱིའི་ལས་རིགས་ཀྱི་ནུས་སྐྱེད་སྤུས་འདེགས་ཀྱི“1+10”སྲིད་ཇུས་ཀྱི་རྒྱབ་སྐྱོར་མ་ལག་ཆགས་པར་བྱས་ཏེ། ཞབས་ཕྱིའི་ལས་རིགས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་སྟོབས་ཤུགས་གཅིག་སྒྲིལ་གྱིས་སྐུལ་འདེད་གཏང་དགོས།།

◎མགོན་པོ་འཚོས་བསྒྱུར།

པདྨ་ཚེ་འཛོམས་དང་འབྲུག་བྱམས་ཚེ་རིང་གིས་ཞུས།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།