ཁ་གསབ་རོགས་དངུལ་སྟེར་བའི་གཞི་འཛིན་ས།
(གཅིག) ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་གྱིས《བུ་ཕྲུག་གསོ་སྐྱོང་གི་ཁ་གསབ་རོགས་དངུལ་སྟེར་བའི་ལམ་ལུགས་ལག་བསྟར་གྱི་ཇུས་གཞི》དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར། (ཐིན་ཡིག〔2025〕ཨང15བ)
(གཉིས) རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གཞུང་ལས་ཐིན་དང་ནོར་སྲིད་པུའུ་གཞུང་ལས་ཐིན་གྱིས《བུ་ཕྲུག་གསོ་སྐྱོང་གི་ཁ་གསབ་རོགས་དངུལ་སྟེར་བའི་ལམ་ལུགས་ཀྱི་དོ་དམ་ཚད་གཞི(ཚོད་ལྟའི་ལག་བསྟར)》དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར། (རྒྱལ་འཕྲོད་གཞུང་མི་འབོར་སྤེལ〔2025〕ཨང24བ)
(གསུམ) མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་ནོར་སྲིད་ཐིན་གྱིས《མཚོ་སྔོན་ཞིང་ཆེན་གྱི་བུ་ཕྲུག་གསོ་སྐྱོང་གི་ཁ་གསབ་རོགས་དངུལ་སྟེར་བའི་ལམ་ལུགས་ལག་བསྟར་གྱི་ཇུས་གཞི》དཔར་འགྲེམ་བྱས་པའི་བརྡ་སྦྱོར(མཚོ་འཕྲོད་བདེ〔2025〕ཨང104བ)བཅས་ཡིན།
ཁ་གསབ་རོགས་དངུལ་སྟེར་བའི་དམིགས་ཡུལ་ནི་ཅི་ཞིག་ཡིན།
དམངས་འཚོ་ལེགས་བཅོས་དང་དམངས་ལ་ཕན་བདེ་དང་ཁེ་ཕན་བསྐྲུན་ནས། ཁྱིམ་ཚང་གི་བུ་ཕྲུག་བཙའ་བ་དང་བུ་ཕྲུག་གསོ་སྐྱོང་གི་མ་གནས་ནུས་ཡོད་ཀྱིས་ཇེ་དམའ་རུ་གཏང་རྒྱུ་དེ་ཡིན།
ཁ་གསབ་རོགས་དངུལ་སྟེར་ཡུལ་ནི་སུ་ཡིན།
(གཅིག) 2025ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་སྟེ་ཐེམ་ཐོ་ཞིང་ཆེན་འདི་ག་རུ་ཡོད་ཅིང་། བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་དང་མཐུན་པའི་སྒོ་ནས་བཙས་པའམ་བདག་སྐྱོང་བྱས་པའི་ལོ་ཧྲིལ་བོ3མན་གྱི་ཁྱེའུ་འམ་བྱིས་པ་ཡིན།
(གཉིས) 2025ལོའི་ཟླ1པོའི་ཚེས1ཉིན་གྱི་ཡར་སྔོན་ལ་སྐྱེས་ཤིང་། ལོ་ཧྲིལ་བོ3ལོན་མེད་པའི་ཁྱེའུ་འམ་བྱིས་པ་ལ། ལོ་ཧྲིལ་བོ3ལོན་པའི་བར་དུ་བུ་ཕྲུག་གསོ་སྐྱོང་གི་ཁ་གསབ་རོགས་དངུལ་སྟེར་དགོས།
(གསུམ) ལོ་ཧྲིལ་བོ3མན་གྱི་དྭ་ཕྲུག་དང་། དོན་དངོས་སུ་སྙོར་སྐྱོང་བྱེད་མཁན་མེད་པའི་ཁྱེའུ་འམ་བྱིས་པ་ལ་ཁ་གསབ་རོགས་དངུལ་སྟེར་དགོས།
ཁ་གསབ་རོགས་དངུལ་སྟེར་བའི་དུས་ཚོད་དང་ཚད་གཞི།
2026ལོར་དུས་ཚིགས་ལྟར་སྟེར་དགོས།
ཆ་རྐྱེན་དང་མཐུན་པའི་ཁྱེའུ་འམ་བྱིས་པ་རེར་ལོ་རེར་སྒོར3600ལྟར་ཁ་གསབ་རོགས་དངུལ་སྟེར་དགོས།
ཁ་གསབ་རོགས་དངུལ་རེ་ཞུའི་བརྒྱུད་རིམ་ཅི་འདྲ་ཞིག་ཡིན།
གོམ་རིམ་དང་པོ། རེ་ཞུའི་ཐབས་ལམ།
དྲ་ཐོག་ཏུ་རེ་འདུན་ཞུ་རྒྱུ་གཙོ་བོར་འཛིན་པ་དང་། རེ་འདུན་ཞུ་མཁན་གྱིས་དངུལ་སྤྲོད་འབོ་དང་སྐད་འཕྲིན་གྱི་སྟེགས་བུ་བརྒྱུད་དེ“མཚོ་སྔོན་སྲིད་དོན་དྲ་བའི་ཆིང་སུང་པན”ཞེས་པའི་བྱ་རིམ་ཆུང་ངུར་ཐོ་འཇུག་བྱས་ཏེ། “བུ་ཕྲུག་གསོ་སྐྱོང་གི་ཁ་གསབ་རོགས་དངུལ”ཞེས་པའི་ཆེད་དམིགས་ཁུལ་ལ་བརྡེབས་ནས“བུ་ཕྲུག་གསོ་སྐྱོང་གི་ཁ་གསབ་རོགས་དངུལ་གྱི་ཆ་འཕྲིན་དོ་དམ་མ་ལག”ཏུ་ཐོ་འཇུག་བྱས་ཏེ་རེ་འདུན་ཞུ་ཆོག
དྲ་ཕྱི་རུ་རེ་འདུན་ཞུ་ན། ཁྱེའུ་འམ་བྱིས་པའི་ཐེམ་ཐོ་ཡོད་སའི་ཞང་ངམ་གྲོང་རྡལ་སྲིད་གཞུང(སྲང་ལམ་དོན་གཅོད་ཁང)དུ་སོང་སྟེ་ཡུལ་དངོས་སུ་སྒྲུབ་གཉེར་བྱ་དགོས། བྱིས་པའི་ཕན་བདེ་ལས་ཁུངས་ཀྱིས་ལས་ཁུངས་ཐོ་འགོད་བྱེད་ས་གནས་སའི་ཞང་ངམ་གྲོང་རྡལ་སྲིད་གཞུང(སྲང་ལམ་དོན་གཅོད་ཁང)དུ་སོང་སྟེ་ཡུལ་དངོས་སུ་སྒྲུབ་གཉེར་བྱ་དགོས།
གོམ་རིམ་གཉིས་པ། རེ་འདུན་ཞུ་བ།
བུ་ཕྲུག་གསོ་སྐྱོང་གི་ཁ་གསབ་རོགས་དངུལ་དེ་ཁྱེའུ་འམ་བྱིས་པའི་ཕ་མ་ཕྱོགས་གཅིག་གམ་ལྟ་སྐྱོང་བ་གཞན་པས་གཏན་འབེབས་ལྟར་ཁྱེའུ་འམ་བྱིས་པའི་ཐེམ་ཐོ་ཡོད་ས་ལ་ལེན་པའི་རེ་འདུན་ཞུ་དགོས།
རེ་འདུན་ཞུ་མཁན་གྱིས་འབྲེལ་ཡོད་ཆ་འཕྲིན་སྐོང་འབྲི་བྱས་ཏེ། ཁྱེའུ་འམ་བྱིས་པ་སྐྱེས་པའི་གསོ་རིག་གི་དཔང་ཡིག་དང་། སྡོད་དམངས་ཀྱི་ཐེམ་ཐོའི་དེབ་སོགས་རྨང་གཞིའི་དཔྱད་ཡིག་འདོན་སྤྲོད་བྱ་དགོས་པར་མ་ཟད། དགོས་མཁོ་གཞིར་བཟུང་སྟེ་རེ་འདུན་ཞུ་མཁན་དང་ཁྱེའུ་འམ་བྱིས་པའི་བར་གྱི་སྙོར་སྐྱོང་གི་འབྲེལ་བ་ཤན་ཐག་གཅོད་པར་ཕན་པའི་ཁྲིམས་བཀོད་ཀྱི་དཔྱད་ཡིག་ནུས་ལྡན་འདོན་སྤྲོད་བྱ་དགོས།
གོམ་རིམ་གསུམ་པ། ཐོག་མའི་ཞིབ་བཤེར།
ཁྱེའུ་འམ་བྱིས་པའི་ཐེམ་ཐོ་ཡོད་སའི་ཞང་ངམ་གྲོང་རྡལ་སྲིད་གཞུང(སྲང་ལམ་དོན་གཅོད་ཁང)ལ་རེ་འདུན་ཞུ་མཁན་གྱི་རེ་འདུན་ཞུ་ཡིག་འབྱོར་རྗེས། ལས་ཀའི་ཉིན20ཡི་ནང་དུ་ཐོག་མའི་ཞིབ་བཤེར་བྱ་དགོས།
ཆ་རྐྱེན་དང་མཐུན་ཚེ། ཁས་ལེན་བྱ་དགོས་པར་མ་ཟད། རྫོང་རིམ་པའི་འཕྲོད་བསྟེན་བདེ་ཐང་སྡེ་ཁག་ལ་ཞིབ་བཤེར་བྱེད་པར་ཞུ་དགོས། ཆ་རྐྱེན་དང་མི་མཐུན་ཚེ། དུས་ཐོག་ཏུ་རེ་འདུན་ཞུ་མཁན་ལ་བཤད་དགོས་པར་མ་ཟད། སྲིད་ཇུས་འགྲེལ་བཤད་ཡག་པོ་བརྒྱག་དགོས།
གོམ་རིམ་བཞི་བ། ཞིབ་བཤེར་ངེས་གཏན།
རྫོང་རིམ་པའི་འཕྲོད་བསྟེན་བདེ་ཐང་སྡེ་ཁག་གིས་ཞང་ངམ་གྲོང་རྡལ་སྲིད་གཞུང(སྲང་ལམ་དོན་གཅོད་ཁང)གིས་སྤྲད་པའི་རེ་འདུན་ཞུ་ཡིག་ལ་ཞིབ་བཤེར་བྱ་དགོས་པ་དང་། ལས་ཀའི་ཉིན10ཡི་ནང་དུ་ཞིབ་བཤེར་ཡོངས་སུ་འགྲུབ་ནས་བུ་ཕྲུག་གསོ་སྐྱོང་གི་ཁ་གསབ་རོགས་དངུལ་སྟེར་ཡུལ་གྱི་མིང་ཐོ་ངེས་གཏན་བྱ་དགོས་པར་མ་ཟད། མིང་ཐོ་དེ་དུས་ཚིགས་རེའི་ཟླ་མཇུག་གི་མཐའ་མའི་ཉིན10ཡི་ནང་དུ་ཚབ་སྟེར་ལས་ཁུངས་དང་རིམ་པ་མཉམ་པའི་ནོར་སྲིད་སྡེ་ཁག་ལ་འདོན་སྤྲོད་བྱ་དགོས་ལ། ཚབ་སྟེར་ལས་ཁུངས་ཀྱིས་ལས་ཀའི་ཉིན5ཡི་ནང་དུ་མ་དངུལ་འདང་ངེས་དུས་ཐོག་ཏུ་རེ་འདུན་ཞུ་མཁན་གྱི་དངུལ་བྱང་ངམ་ཁྱེའུ་འམ་བྱིས་པའི་སྤྱི་ཚོགས་འགན་སྲུང་བྱང་བུ(གཱ་གཅིག་ཀུན་འཐུས)། ཡང་ན་དངུལ་བྱང་གི་རྩིས་ཐེམ་སྟེང་ལ་སྤོ་སྒྱུར་བྱས་ཏེ། བུ་ཕྲུག་གསོ་སྐྱོང་གི་ཁ་གསབ་རོགས་དངུལ་སྟེར་བའི་བྱ་བ་ཡོངས་འགྲུབ་བྱ་དགོས།།