༄༅། །མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན་གྱིས《སྲིད་འཛིན་བར་འདུམ་བྱ་བར་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར》དཔར་འགྲེམ་བྱས་པའི་བརྡ་སྦྱོར།

ཡོང་ཁུངས། 2026ལོའི༼ མཚོ་སྔོན་སྲིད་དོན༽འདོན་ཐེངས6པ།

༄༅། །མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན་གྱིས《སྲིད་འཛིན་བར་འདུམ་བྱ་བར་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར》དཔར་འགྲེམ་བྱས་པའི་བརྡ་སྦྱོར།

མཚོ་སྲིད་གཞུང་ལས་ཐིན﹝2026﹞ཨང1པོ།

གྲོང་ཁྱེར་དང་རང་སྐྱོང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང་། ཞིང་ཆེན་སྲིད་གཞུང་གི་ཨུ་ཡོན་ལྷན་ཁང་དང་གཞུང་ལས་ཁང་། ཐིན། ཅུས་སོ་སོ་བཅས་ལ། 

《སྲིད་འཛིན་བར་འདུམ་བྱ་བར་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར》ལ་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཐེངས83པའི་སྟེང་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། ད་ལྟ་ཁྱོད་ཚོར་དཔར་འགྲེམ་བྱས་པ་ཡིན་པས། ནན་ཏན་གྱིས་ལག་བསྟར་རྩ་འཛུགས་བྱ་དགོས། 

 

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།
  2026ལོའི་ཟླ1པོའི་ཚེས23ཉིན།

 

༄༅། །སྲིད་འཛིན་བར་འདུམ་བྱ་བར་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར།

རྩོད་གཞི་རྩོད་གླེང་ཐག་གཅོད་དང་སྤྱི་ཚོགས་འཆམ་མཐུན་དང་བརྟན་འཇགས་སྲུང་སྐྱོང་བྱེད་པའི་ཁྲོད་ཀྱི་སྲིད་འཛིན་བར་འདུམ་གྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱེད་པ་དང་། སྤྱི་ཚོགས་ཀྱི་འགལ་བ་དང་རྩོད་གླེང་ལ་སྲིད་འཛིན་ཐོག་ནས་སྔོན་འགོག་དང་འདུམ་འགྲིག  སེལ་ཐབས་བཅས་བྱེད་པའི་མ་ལག་འཐུས་སྒོ་ཚང་བ་བཙུགས་ཏེ།   ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་ཟབ་སྤེལ་བྱེད་ཆེད།  འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་གཞིར་བཟུང་ཞིང་། རང་ཞིང་གི་སྲིད་འཛིན་བར་འདུམ་བྱ་བའི་དོན་དངོས་དང་ཟུང་དུ་སྦྲེལ་ནས་གཤམ་གསལ་གྱི་བསམ་འཆར་བཏོན་པ་ཡིན། 

གཅིག སྤྱིའི་བླང་བྱ།

ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཐོག  ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱེད་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རང་རྟོགས་ཀྱིས་ལག་ཏུ་བསྟར་ཞིང་།  དུས་རབས་གསར་བའི“ཧྥེང་ཆའོ་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་བཏང་སྟེ། “འབྱུང་རྩ་ནས་སྔོན་འགོག་དང་། སྔ་མོ་ནས་སེལ་ཐབས། འགག་སྒོ་ནས་ཚོད་འཛིན”བྱེད་པ་རྒྱུན་འཁྱོངས་དང་། རང་མོས་འདྲ་མཉམ་དང་། ཁྲིམས་མཐུན་དྲང་བཞག   ཕན་མཐོ་དམངས་ཕན་བཅས་ཀྱི་རྩ་དོན་ལ་བརྩི་སྲུང་བྱས་ནས། ཏང་ཨུ་ཡིས་མགོ་ཁྲིད་གནང་བ་དང་། སྲིད་གཞུང་གིས་འགན་འཁུར་བ། ཁྲིམས་འཛིན་སྲིད་འཛིན་སྡེ་ཁག་གིས་སྣེ་ཁྲིད་པ། འགན་ནུས་སྡེ་ཁག་སོ་སོ་བྱེད་པོ་ཡིན་པ། སྤྱི་ཚོགས་ཀྱིས་མཐུན་སྦྱོར་མཉམ་འགུལ་བྱེད་པའི་སྲིད་འཛིན་བར་འདུམ་གྱི་རྣམ་པ་གསར་བ་ཞིག་བསྐྲུན་དགོས།  སྲིད་འཛིན་ལས་ཁུངས་ཀྱིས་དོ་བདག་གིས་སྲིད་འཛིན་བར་འདུམ་ལ་བརྟེན་ནས་རྩོད་གླེང་དང་རྩོད་གཞི་སེལ་བར་ཧུར་ཐག་གིས་ཁྲིད་སྟོན་བྱེད་པར་སྐུལ་མ་གཏོང་བ་དང་། སྔོན་ལ་བར་འདུམ་བྱེད་པ་དང་བསྡུམ་དགོས་ཚད་སྡུམ་ཅི་ཐུབ་བྱེད་པར་སྐུལ་འདེད་གཏོང་ཞིང་། འགྲེལ་བཤད་དང་འབྲེལ་གཏུག  ཁ་ཏ་སློབ་སྟོན། གྲོས་མོལ་སོགས་ཀྱི་བྱེད་སྟངས་ལ་བརྟེན་ནས་སྲིད་འཛིན་དོ་དམ་གྱི་འགན་དབང་དང་འབྲེལ་བའི་དམངས་དོན་རྩོད་གླེང་དང་སྲིད་འཛིན་རྩོད་གཞི་ཁྲིམས་ལྟར་ཐག་གཅོད་པ་དང་། སྤྱི་ཚོགས་འཆམ་མཐུན་དང་བརྟན་འཇགས་ཡོང་བར་སྲུང་སྐྱོང་བྱས་ཏེ།  ཆུ་ཚད་སྔར་ལས་མཐོ་བའི་དུས་བདེའི་མཚོ་སྔོན་དང་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་བྱ་དགོས། 

གཉིས། སྲིད་འཛིན་བར་འདུམ་གྱི་བྱེད་པོ་དང་ཁྱབ་ཁོངས་ངོས་འཛིན་ཡང་དག་བྱ་དགོས།

(གཅིག)སྲིད་འཛིན་བར་འདུམ་གྱི་བྱེད་པོ།

བཅའ་ཁྲིམས་དང་ཁྲིམས་སྲོལ་དང་སྒྲིག་སྲོལ་གྱི་གཏན་འབེབས་ལྟར།  རང་ཞིང་གི་རིམ་པ་སོ་སོའི་སྲིད་འཛིན་ལས་ཁུངས་དང་བཅའ་ཁྲིམས་ཁྲིམས་སྲོལ་གྱིས་དབང་སྤྲད་པའི་སྤྱི་པའི་ལས་དོན་དོ་དམ་གྱི་འགན་ནུས་ལྡན་པའི་རྩ་འཛུགས(གཤམ་དུ་སྤྱི་མིང་ལ་སྲིད་འཛིན་ལས་ཁུངས་ཞེས་བསྡུ་རྒྱུ)ཀྱིས་ཁྲིམས་ལྟར་སྲིད་འཛིན་བར་འདུམ་གྱི་བྱ་བ་བསྒྲུབ་དགོས།

(གཉིས)སྲིད་འཛིན་བར་འདུམ་བྱེད་ཆོག་པའི་རྩོད་གླེང་དང་རྩོད་གཞི།

1.བཅའ་ཁྲིམས་དང་ཁྲིམས་སྲོལ། སྒྲིག་སྲོལ་བཅས་ཀྱི་གཏན་འབེབས་ལྟར་ན། སྤྱི་དམངས་དང་ཁྲིམས་མིའམ་རྩ་འཛུགས་གཞན་དག་ཕན་ཚུན་བར་བྱུང་ཞིང་སྲིད་འཛིན་ལས་ཁུངས་ཀྱིས་སྲིད་འཛིན་དོ་དམ་འགན་དབང་ལག་བསྟར་བྱེད་པར་འབྲེལ་བ་ཡོད་པའི་དམངས་དོན་རྩོད་གླེང་།

2.སྤྱི་དམངས་དང་ཁྲིམས་མིའམ་རྩ་འཛུགས་གཞན་དག་དང་སྲིད་འཛིན་ལས་ཁུངས་བར་བྱུང་ཞིང་ཁྲིམས་ལྟར་བར་འདུམ་བྱེད་ཆོག་པའི་སྲིད་འཛིན་རྩོད་གཞི།

(གསུམ)སྲིད་འཛིན་བར་འདུམ་སྤྱོད་མི་འཐུས་པའི་གནས་ཚུལ། 

1.དོ་བདག་ཕྱོགས་གཅིག་གམ་ཕྱོགས་གཉིས་ཀ་བར་འདུམ་བྱེད་པར་མི་འཐད་ན། སྲིད་འཛིན་ལས་ཁུངས་ཀྱིས་བཙན་ཤེད་ཀྱིས་བར་འདུམ་བྱེད་མི་ཆོག

2.དོ་བདག་གིས་མི་དམངས་བར་འདུམ་དང་སྡུམ་གཅོད་བར་འདུམ། ཁྲིམས་འཛིན་བར་འདུམ་བཅས་སམ་ཡང་ན་རྣམ་པ་གཞན་པའི་བར་འདུམ་རེ་ཞུ་བཏོན་ཟིན་པ་མ་ཟད།  འབྲེལ་ཡོད་རྩ་འཛུགས་དང་སྡེ་ཁག་གིས་བདག་སྤྲོད་བྱས་ཟིན་ན།  སྲིད་འཛིན་ལས་ཁུངས་ཀྱིས་སྲིད་འཛིན་བར་འདུམ་གྱི་རེ་ཞུ་བདག་སྤྲོད་མི་བྱེད། 

3.རྩོད་གླེང་དང་རྩོད་གཞིའི་དོན་ཚན་ལ་མི་དམངས་ཁྲིམས་ཁང་དང་སྲིད་འཛིན་བསྐྱར་གྲོས་ལས་ཁུངས། སྲིད་འཛིན་ཁྲུན་གཅོད་ལས་ཁུངས།  སྡུམ་གཅོད་ལས་ཁུངས་སོགས་ཀྱིས་བཅའ་ཁྲིམས་ལྟར་ཐག་གཅོད་མཇུག་འབྲས་བཟོས་པའམ་ཡིག་སྐུར་ངོ་གཏུག་བསྐྱར་ཞིབ་དང་བསྐྱར་བཤེར་བྱས་ཟིན་ན།  སྲིད་འཛིན་ལས་ཁུངས་ཀྱིས་སྲིད་འཛིན་བར་འདུམ་གྱི་རེ་ཞུ་བདག་སྤྲོད་མི་བྱེད།  

4.སྲིད་འཛིན་བར་འདུམ་མཇུག་བསྒྲིལ་བའམ་ཡང་ན་སྲིད་འཛིན་བར་འདུམ་གྱི་གྲོས་ཆིངས་བཞག་ཟིན་ལ།  དོན་དངོས་གཅིག་གམ་ཡང་ན་རྒྱུ་མཚན་འདྲ་མཚུངས་ཞིག་གི་ཐོག་ནས་ཡང་བསྐྱར་སྲིད་འཛིན་བར་འདུམ་གྱི་རེ་ཞུ་བྱས་ན། སྲིད་འཛིན་ལས་ཁུངས་ཀྱིས་སྲིད་འཛིན་བར་འདུམ་གྱི་རེ་ཞུ་བདག་སྤྲོད་མི་བྱེད།

5.བཅའ་ཁྲིམས་དང་ཁྲིམས་སྲོལ། སྒྲིག་སྲོལ་བཅས་སུ་སྲིད་འཛིན་བར་འདུམ་སྤྱོད་མི་འཐུས་པར་གཏན་འབེབས་བྱས་པའི་གནས་ཚུལ་གཞན་དག

གསུམ། སྲིད་འཛིན་བར་འདུམ་གྱི་བྱ་རིམ་ངེས་གསལ་དང་ཚད་ལྡན་དུ་གཏང་དགོས།

(གཅིག)སྲིད་འཛིན་བར་འདུམ་གྱི་རེ་འདུན་ཞུ་བ་དང་བྱེད་མགོ་རྩོམ་པ།

1.རེ་འདུན་ཞུ་བ། དོ་བདག་གིས་ཡིག་ཐོག་གམ་ངག་ཐོག་གི་རྣམ་པས་སྲིད་འཛིན་ལས་ཁུངས་ལ་རེ་འདུན་ཞུ་ཆོག་པ་དང་།  དོ་བདག་གམ་བདག་སྤྲོད་ལས་ཁུངས་ཀྱིས་སྲིད་འཛིན་བར་འདུམ་གྱི་རེ་ཞུ་ཡི་གེ་སྐོང་འབྲི་བྱ་དགོས། དོ་བདག་གིས་སྲིད་འཛིན་བར་འདུམ་གྱི་རེ་འདུན་ཞུ་ན། དོ་བདག་ཕ་རོལ་པོ་ངེས་གསལ་ཞིག་ཡོད་དགོས་ཤིང་། བར་འདུམ་གྱི་རེ་ཞུ་དང་། དོན་དངོས། རྒྱུ་མཚན་བཅས་ཞིབ་ཕྲ་ཡོད་དགོས་པ་མ་ཟད། བར་འདུམ་བྱ་རྒྱུའི་རེ་འདུན་ཞུས་པའི་རྩོད་གླེང་རྩོད་གཞི་དང་ཐད་ཀར་ཁེ་གྱོང་གི་འབྲེལ་བ་ཡོད་དགོས། 

རིམ་པ་སོ་སོའི་སྤྱི་ཚོགས་བདེ་སྐྱོང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་དོ་བདག་གིས་སྤྲད་པའི་སྲིད་འཛིན་བར་འདུམ་གྱི་རེ་ཞུ་དང་ལེན་བྱེད་ཆོག

2.འགན་དབང་ལྟར་བར་འདུམ་བྱེད་མགོ་རྩོམ་པ།  སྲིད་འཛིན་ལས་ཁུངས་ཀྱིས་སྲིད་འཛིན་དོ་དམ་གྱི་ལས་ཁུར་སྒྲུབ་པའི་བརྒྱུད་རིམ་ཁྲོད་སྲིད་འཛིན་བར་འདུམ་གྱི་ཁྱབ་ཁོངས་སུ་གཏོགས་པའི་རྩོད་གླེང་རྩོད་གཞིའི་རིགས་མཐོང་ན། དོ་བདག་འཐད་པ་བྱུང་རྗེས་རང་འགུལ་ངང་བར་འདུམ་རྩ་འཛུགས་བྱེད་ཆོག  ཡུལ་དངོས་སུ་བར་འདུམ་བྱེད་པའི་ཆ་རྐྱེན་འཛོམས་ན། སྲིད་འཛིན་ལས་ཁུངས་ཀྱི་ལས་བྱེད་མི་སྣས་ཡུལ་དངོས་སུ་བར་འདུམ་བྱེད་མགོ་རྩོམ་ཆོག   དོ་བདག་ཕྱོགས་གཅིག་བར་འདུམ་བྱེད་པར་མི་འཐད་ན། དེ་སྔའི་ཐག་གཅོད་བྱ་རིམ་སླར་གསོ་བྱ་དགོས།

(གཉིས)སྲིད་འཛིན་བར་འདུམ་གྱི་བདག་སྤྲོད།

1.བདག་སྤྲོད་ཀྱི་བདག་སྐྱོང་བྱེད་ཁོངས། སྲིད་འཛིན་ལས་ཁུངས་ཀྱིས་རང་ལས་ཁུངས་ཀྱི་བདག་སྐྱོང་བྱེད་ཁོངས་སུ་མི་གཏོགས་པར་འདོད་ན།  དོ་བདག་ལ་བདག་སྐྱོང་བྱེད་དབང་ཡོད་པའི་ལས་ཁུངས་ལ་རེ་འདུན་ཞུ་དགོས་པའི་གསལ་བརྡ་གཏང་དགོས། རྩོད་གཞི་རྩོད་གླེང་གཅིག་དེ་བདག་སྐྱོང་བྱེད་དབང་ཡོད་པའི་སྲིད་འཛིན་ལས་ཁུངས་གཉིས་ཡན་ལ་སོ་སོར་བར་འདུམ་རེ་འདུན་ཞུས་ཚེ།  རེ་ཞུ་འབྱོར་སྔ་ཤོས་ཀྱི་སྲིད་འཛིན་ལས་ཁུངས་ཀྱིས་བདག་སྤྲོད་བྱ་དགོས། བདག་སྐྱོང་བྱེད་དབང་ལ་རྩོད་གཞི་ཡོད་ན། སྲིད་འཛིན་ལས་ཁུངས་ཀྱིས་གྲོས་མོལ་བྱ་དགོས་ཤིང་། གྲོས་མཐུན་མ་བྱུང་ན། ཁོངས་གཏོགས་ཀྱི་འབྲེལ་བ་ལྟར། རིམ་པ་དེ་གའམ་རིམ་པ་གོང་མིའི་མི་དམངས་སྲིད་གཞུང་གི་ཁྲིམས་འཛིན་སྲིད་འཛིན་སྡེ་ཁག་གིས“སུས་གཙོ་སྐྱོང་བྱས་ན་དེས་འགན་འཁུར་བའི”རྩ་དོན་ལྟར། བདག་སྐྱོང་བྱེད་དབང་ཡོད་པའི་སྲིད་འཛིན་ལས་ཁུངས་ལ་མཛུབ་སྟོན་དང་། མཐུན་སྦྱོར། རོགས་འདེགས་བཅས་བྱས་ནས་གཏན་འཁེལ་བྱ་དགོས།

2.ཐོ་འགོད་བདག་སྤྲོད་བྱེད་པ། སྲིད་འཛིན་ལས་ཁུངས་ལ་བར་འདུམ་རེ་ཞུ་འབྱོར་རྗེས། རེ་ཞུའི་རྒྱུ་ཆ་ཆ་ཚང་ཡིན་ན། ཐོ་འགོད་བྱ་དགོས་ཤིང་། ཐོ་འགོད་བྱས་ཉིན་ནས་བཟུང་གི་ལས་ཀའི་ཉིན་གྲངས5ཡི་ནང་ཞིབ་བཤེར་བྱ་དགོས་པ་མ་ཟད། དོ་བདག་ཕ་རོལ་པོའི་བསམ་འཆར་བསྡུ་ལེན་བྱ་དགོས། གཏན་འབེབས་དང་མཐུན་ཞིང་དོ་བདག་ཕ་རོལ་པོས་བར་འདུམ་ལ་འཐད་པ་ངེས་གསལ་བྱས་ཚེ། སྲིད་འཛིན་ལས་ཁུངས་ཀྱིས་རེ་ཞུ་བདག་སྤྲོད་བྱ་དགོས་པ་མ་ཟད། དོ་བདག་ལ་སྲིད་འཛིན་བར་འདུམ་བདག་སྤྲོད་ཀྱི་བརྡ་སྦྱོར་ཡི་གེ་བསྐྱལ་ནས།  བར་འདུམ་གྱི་དུས་ཚོད་དང་ས་གནས།  སྲིད་འཛིན་བར་འདུམ་པ་སོགས་ཀྱི་དོན་ཚན་རྣམས་གསལ་བརྡ་གཏང་དགོས།

3.བདག་སྤྲོད་མི་བྱེད་པ། གཏན་འབེབས་དང་མི་མཐུན་པའམ་ཡང་ན་དོ་བདག་ཕ་རོལ་པོས་བར་འདུམ་ལ་འཐད་པ་ངེས་གསལ་མ་བྱས་ན། སྲིད་འཛིན་ལས་ཁུངས་ཀྱིས་རེ་ཞུ་བདག་སྤྲོད་མི་བྱེད་པ་མ་ཟད། བར་འདུམ་རེ་ཞུ་བཏོན་པའི་དོ་བདག་ལ་བདག་སྤྲོད་མི་བྱེད་པའི་བརྡ་སྦྱོར་ཡི་གེ་བསྐྱལ་ནས། བདག་སྤྲོད་མི་བྱེད་པའི་རྒྱུ་མཚན་གསལ་བཤད་བྱ་དགོས་ལ། དོ་བདག་ལ་སྲིད་འཛིན་བསྐྱར་གྲོས་དང་། སྲིད་འཛིན་ཁྲུན་གཅོད། གཏུག་བཤེར། སྡུམ་གཅོད་སོགས་ཀྱི་ཐབས་ལམ་བརྒྱུད་ནས་རྩོད་གཞི་རྩོད་གླེང་ཐག་གཅོད་བྱེད་པའི་དབང་ཆ་ཡོད་པ་གསལ་བརྡ་གཏོང་བ་དང་།  དོ་བདག་ལ་ཁྲིམས་བཀོད་ཀྱི་རྒུད་སྐྱོབ་ཁེ་དབང་སྤྱོད་པའི་དུས་ནུས་གསལ་འདེབས་བྱ་དགོས། རིམ་པ་སོ་སོའི་སྤྱི་ཚོགས་བདེ་སྐྱོང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་དང་ལེན་བྱས་ཟིན་པའི་སྲིད་འཛིན་བར་འདུམ་རེ་ཞུ་བདག་སྤྲོད་མི་བྱེད་ན། སྤྱི་ཚོགས་བདེ་སྐྱོང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་ཧུར་ཐག་སྒོས་ཁྲིད་སྟོན་དང་ཕྱོགས་བགོས་བྱས་ཏེ། འགལ་བ་དང་རྩོད་གླེང“གཅིག་འཐུས་རྣམ་པའི”ཐོག་ནས་སེལ་ཐུབ་པར་སྐུལ་འདེད་གཏང་དགོས།

(གསུམ)འགལ་བ་དང་རྩོད་གཞིའི་བར་འདུམ།

1.བར་འདུམ་ལ་ཞུགས་མཁན། དོ་བདག་ཕུད་པའི་སྤྱི་དམངས་དང་། ཁྲིམས་མིའམ་ཡང་ན་རྩ་འཛུགས་གཞན་དག་དམངས་དོན་རྩོད་གླེང་དང་ཁེ་གྱོང་གི་འབྲེལ་བ་ཡོད་ན། རེ་ཞུ་བྱེད་པའམ་ཡང་ན་སྲིད་འཛིན་ལས་ཁུངས་ཀྱིས་བརྡ་སྦྱོར་བཏང་ནས་དེ་ཉིད་ཕུང་གསུམ་པའི་ཚུལ་དུ་བར་འདུམ་དུ་ཞུགས་དགོས་པའི་བརྡ་སྦྱོར་གཏོང་ཆོག   དོ་བདག་དང་ཕུང་གསུམ་པས་ལས་ཚབ་མངག་བཅོལ་བྱས་ན། སྲིད་འཛིན་ལས་ཁུངས་ལ་དབང་ཆ་སྤྲད་པའི་མངག་བཅོལ་ཡི་གེ་ཕུལ་ཏེ། མངག་བཅོལ་དོན་ཚན་དང་། དབང་ཚད། དུས་བཀག་བཅས་གསལ་བོར་དགོད་དགོས། དོ་བདག་བར་འདུམ་ལ་ཞུགས་མ་ཐུབ་ན། མངག་བཅོལ་དབང་ཚད་དེ་དམིགས་བསལ་དབང་སྤྲོད་ལས་ཚབ་པ་ཡིན་པར་ངེས་གསལ་བཟོ་དགོས། དོ་བདག་ཕྱོགས་གཅིག་གི་མི་གྲངས་མི5ལས་བརྒལ་ན། འཐུས་མི1ནས5བདམས་ཏེ་བར་འདུམ་དུ་ཞུགས་དགོས།

2.བར་འདུམ་པ་མངག་པ། སྲིད་འཛིན་ལས་ཁུངས་ཀྱིས་རང་ལས་ཁུངས་ཀྱི་ལས་བྱེད་མི་སྣ་སྲིད་འཛིན་བར་འདུམ་པར་མངགས་ནས། རྩོད་གླེང་དང་རྩོད་གཞིའི་བར་འདུམ་བྱེད་པར་མགོ་འཛིན་བྱ་དགོས། བཅའ་ཁྲིམས་ཀྱི་འབྲེལ་བ་རྙོག་འཛིང་ཆེ་བ་དང་དཀའ་གནད་ཆེ་བ། ཤུགས་རྐྱེན་ཅུང་ཆེ་བ་བཅས་ཀྱི་གྱོད་གཞི་ལ་སྲིད་འཛིན་ལས་ཁུངས་ཀྱིས་འབྲེལ་ཡོད་ཆེད་ལས་མི་སྣའམ་རྩ་འཛུགས་གདན་འདྲེན་ཞུས་ནས་བར་འདུམ་བྱེད་དུ་འཇུག་ཆོག

3.ཟུར་བྱོལ་གནས་ཚུལ།   སྲིད་འཛིན་བར་འདུམ་པ་སྲིད་འཛིན་བར་འདུམ་དོན་ཚན་ལ་ཁེ་གྱོང་གི་འབྲེལ་བ་ཡོད་པ་དང་། ཕྱོགས་གཉིས་ཀྱི་དོ་བདག་གམ་མངག་བཅོལ་ལས་ཚབ་པ་དང་གཉེན་ཉེའི་འབྲེལ་བ་ཡོད་པའམ་ཡང་ན་དྲང་གཞག་ངང་བར་འདུམ་བྱེད་པར་ཤུགས་རྐྱེན་ཐེབས་སྲིད་པའི་གནས་ཚུལ་གཞན་དག་ཡོད་ན་ཟུར་བྱོལ་བྱ་དགོས། དོ་བདག་གིས་ཟུར་བྱོལ་བྱ་རྒྱུའི་རེ་ཞུ་བྱས་ན། སྲིད་འཛིན་ལས་ཁུངས་ཀྱིས་དུས་ཐོག་ཏུ་ཟུར་བྱོལ་དགོས་མིན་ཐག་གཅད་དགོས། སྲིད་འཛིན་ལས་ཁུངས་ཀྱིས་ཟུར་བྱོལ་བྱ་དགོས་པར་ཐག་བཅད་ན། དུས་ཐོག་ཏུ་སྲིད་འཛིན་བར་འདུམ་པ་གཞན་མངག་དགོས། ཟུར་བྱོལ་མི་དགོས་པར་ཐག་བཅད་ན་དོ་བདག་ལ་རྒྱུ་མཚན་གསལ་བཤད་བྱ་དགོས།

4.དོ་བདག་གི་ཁེ་དབང་དང་འོས་འགན།  སྲིད་འཛིན་བར་འདུམ་གྱི་དོ་བདག་ལ་བཅའ་ཁྲིམས་ལྟར་རང་བདག་སྒོས་འདོད་བློ་མཚོན་པ་དང་། བར་འདུམ་དང་ལེན་དང་མི་བྱེད་པའམ་ཡང་ན་མཚམས་འཇོག་པ་དང་མཇུག་སྒྲིལ་བའི་རེ་བ་འདོན་པ། བར་འདུམ་ཡོངས་བསྒྲགས་བྱེད་པའམ་མི་བྱེད་པའི་རེ་བ་འདོན་པ།  རང་མོས་ཀྱིས་བར་འདུམ་གྲོས་ཆིངས་འཇོག་པ་སོགས་ཀྱི་དབང་ཆ་ཡོད།                                       
  སྲིད་འཛིན་བར་འདུམ་གྱི་དོ་བདག་གིས་རྩོད་གླེང་དང་རྩོད་གཞིའི་དོན་དངོས་ཇི་མ་ཇི་བཞིན་བཤད་པ་དང་འབྲེལ་ཡོད་བདེན་དཔང་སྤྲོད་པ། བར་འདུམ་གྱི་སྒྲིག་ལམ་སྲུང་བ། སྲིད་འཛིན་བར་འདུམ་པར་བརྩི་འཇོག་བྱེད་པ། ཕ་རོལ་པོའི་དོ་བདག་གིས་ཁེ་དབང་སྤྱོད་པར་བརྩི་འཇོག་བྱེད་པ། རང་རྟོགས་ཀྱིས་བར་འདུམ་གྲོས་ཆིངས་སྒྲུབ་པ་སོགས་ཀྱི་འོས་འགན་བསྒྲུབ་དགོས། 

5.བར་འདུམ་བྱེད་པ།  སྲིད་འཛིན་བར་འདུམ་གྱི་མགོ་རྩོམ་དུས། སྲིད་འཛིན་བར་འདུམ་པས་དོ་བདག་གི་ཐོབ་ཐང་ཞིབ་བསྡུར་བྱས་ཏེ། དོ་བདག་ལ་བཅའ་ཁྲིམས་ལྟར་ལོངས་སུ་སྤྱོད་ཆོག་པའི་ཁེ་དབང་དང་བསྒྲུབ་དགོས་པའི་འོས་འགན་གསལ་བཤད་བྱ་དགོས། སྲིད་འཛིན་ལས་ཁུངས་ཀྱིས་དམངས་དོན་རྩོད་གླེང་བར་འདུམ་བྱེད་སྐབས་དྲང་གཞག་བར་གནས་ཡིན་པ་རྒྱུན་འཁྱོངས་བྱ་དགོས་པ་ལས།  དོ་བདག་ཕྱོགས་གང་ལའང་ཕྱོགས་ཞེན་དང་འགེབས་སྲུང་བྱེད་མི་ཆོག   སྲིད་འཛིན་རྩོད་གཞི་བར་འདུམ་བྱེད་སྐབས་སྲིད་འཛིན་དོ་དམ་གྱི་ལས་ཁུར་ཁྲིམས་ལྟར་སྒྲུབ་པར་ཤུགས་རྐྱེན་བཟོ་མི་ཆོག་ལ།  སྲིད་འཛིན་ཁྲིམས་བསྟར་གྱི་ཚབ་ཏུ་སྲིད་འཛིན་བར་འདུམ་བྱེད་མི་ཆོག  སྲིད་འཛིན་བར་འདུམ་པས་དོ་བདག་གི་གསལ་བཤད་དང་། ངོ་ཐུག་ར་སྤྲོད། རྩོད་པ་དང་བསམ་འཆར་བཅས་ལ་གང་ལེགས་ཀྱིས་ཉན་ཞིང་།  བརྩེ་སེམས་དང་། གནས་ལུགས། བཅའ་ཁྲིམས་བཅས་མཉམ་སྤྱོད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དོན་དངོས་གསལ་འབྱེད་དང་། ཁྲིམས་གསལ་ལུགས་ལྡན་གྱི་རྨང་གཞིའི་ཐོག་བསམ་བློ་ཁྲིད་སྟོན་གྱི་བྱ་བ་མང་ཙམ་བསྒྲུབས་ཏེ། ཕྱོགས་གཉིས་པོས་ཕན་ཚུན་ལ་བསམ་ཤེས་དང་བཟོད་སྒོམ་བྱེད་པར་སྐུལ་འདེད་གཏོང་བ་དང་། དོ་བདག་གིས་རང་མོས་ངང་བར་འདུམ་གྲོས་ཆིངས་འཇོག་པར་ཁྲིད་སྟོན་བྱ་དགོས།

6.བར་འདུམ་བྱེད་མཚམས་འཇོག་པ།  སྲིད་འཛིན་བར་འདུམ་ཁྲོད་དོ་བདག་ཕྱོགས་གཅིག་དེས་ཚུལ་མཐུན་གྱི་རྒྱུ་མཚན་ནམ་ཡང་ན་དོ་བདག་ཕ་རོལ་པོས་ཁས་ལེན་པའི་རྒྱུ་མཚན་གྱི་དབང་གིས་གནས་སྐབས་སུ་བར་འདུམ་དུ་ཞུགས་མི་ཐུབ་པ་དང་བར་འདུམ་བྱེད་སྒང་དུ་མཚམས་འཇོག་པའི་རེ་བ་བཏོན་པའམ་ཡང་ན་ལྡོག་ཏུ་མེད་པའི་རྐྱེན་ངན་དང་བསམ་ཡུལ་ལས་འདས་པའི་དོན་རྐྱེན་བྱུང་བ་སོགས་ཀྱི་དབང་གིས་བར་འདུམ་བྱེད་མཚམས་འཇོག་པའི་རེ་བ་བཏོན་ན།  སྲིད་འཛིན་བར་འདུམ་བྱེད་མཚམས་འཇོག་ཆོག    མཚམས་འཇོག་པའི་རྒྱུ་མཚན་སེལ་རྗེས།  སྲིད་འཛིན་ལས་ཁུངས་ཀྱིས་བར་འདུམ་སླར་གསོ་བྱ་དགོས། སྲིད་འཛིན་བར་འདུམ་བྱེད་མཚམས་འཇོག་པ་དང་སླར་གསོ་བྱེད་ན།  སྲིད་འཛིན་ལས་ཁུངས་ཀྱིས་དོ་བདག་དང་ཕུང་གསུམ་པར་ཡིག་ཐོག་ནས་གསལ་བརྡ་གཏང་དགོས། 

7.བར་འདུམ་བྱེད་ཡུན།    སྲིད་འཛིན་ལས་ཁུངས་ཀྱིས་དམངས་དོན་རྩོད་གླེང་བར་འདུམ་བྱེད་པར། བདག་སྤྲོད་བྱས་ཉིན་ནས་བཟུང་སྟེ་ཉིན30ཡི་ནང་བསྒྲུབས་ཚར་དགོས།  གནས་ཚུལ་རྙོག་འཛིང་ཆེ་བའམ་ཡང་ན་དམིགས་བསལ་གྱི་གནས་ཚུལ་གཞན་དག་ཡོད་ན།  དུས་ཡུན་འོས་འཚམ་སྲིང་ཆོག་མོད། སྲིང་ཡུན་ཉིན30ལས་བརྒལ་མི་ཆོག   སྲིད་འཛིན་ལས་ཁུངས་ཀྱིས་སྲིད་འཛིན་རྩོད་གཞི་བར་འདུམ་བྱེད་པར། དོ་བདག་བར་འདུམ་བྱ་རྒྱུར་འཐད་པ་བྱུང་བའི་ཉིན་ནས་བཟུང་སྟེ་ཉིན30ཡི་ནང་བསྒྲུབས་ཚར་དགོས།  བར་འདུམ་ཁྲོད་བཤེར་འཇལ་དང་ཞིབ་བཤེར། རིམས་བཤེར། ལག་རྩལ་གསལ་འབྱེད་སོགས་ཆེད་དམིགས་དོན་ཚན་བསྒྲུབ་དགོས་ན།  དེར་མཁོ་བའི་དུས་ཚོད་དེ་བར་འདུམ་བྱེད་ཡུན་དུ་མི་བརྩི།   བར་འདུམ་བྱེད་མཚམས་བཞག་ན། མཚམས་བཞག་པའི་དུས་ཚོད་དེ་བར་འདུམ་བྱེད་ཡུན་དུ་མི་བརྩི། 

(བཞི)བར་འདུམ་གྲོས་ཆིངས་འཇོག་པ་དང་སྒྲུབ་པ།

1.དམངས་དོན་རྩོད་གླེང་གི་བར་འདུམ་གྲོས་ཆིངས། བར་འདུམ་བྱས་ནས་གྲོས་མཐུན་བྱུང་ན།  སྲིད་འཛིན་ལས་ཁུངས་ཀྱིས་བར་འདུམ་གྲོས་ཆིངས་བཟོས་ཏེ། དོ་བདག་ཕྱོགས་སོ་སོས་མིང་རྟགས་འགོད་པའམ་ཡང་ན་ཐམ་ག་རྒྱག་པ་མ་ཟད།  སྲིད་འཛིན་ལས་ཁུངས་ཀྱི་ཐམ་གའང་བརྒྱབ་ནས།   དོ་བདག་སོ་སོས་གཅིག་རེ་འཛིན་པ་དང་། སྲིད་འཛིན་ལས་ཁུངས་ཀྱིས་གཅིག་ཉར་ཚགས་བྱ་དགོས།  ཡུལ་དངོས་ནས་བར་འདུམ་བྱས་པ་མ་ཟད་དུས་ཐོག་ཏུ་སྒྲུབ་ཐུབ་པའམ་ཡང་ན་དོ་བདག་གིས་བར་འདུམ་གྲོས་ཆིངས་བཟོ་མི་དགོས་པར་འདོད་ན།  ངག་ཐོག་ནས་གྲོས་ཆིངས་འཇོག་ཐབས་སྤྱོད་ཆོག་པ་དང་། སྲིད་འཛིན་བར་འདུམ་པས་འབྲེལ་ཡོད་གནས་ཚུལ་ཟིན་ཐོར་དགོད་དགོས།  དོ་བདག་གིས་མིང་རྟགས་བཀོད་པའམ་ཡང་ན་ཐམ་ག་བརྒྱབ་པའི་ཉིན་ནས་བཟུང་སྟེ་བར་འདུམ་གྲོས་ཆིངས་ལ་ནུས་པ་ཐོན་པ་དང་། ངག་ཐོག་གྲོས་ཆིངས་ཡིན་ན་དོ་བདག་བར་གྲོས་མཐུན་བྱུང་བའི་ཉིན་ནས་བཟུང་སྟེ་ནུས་པ་ལྡན།  བར་འདུམ་གྲོས་ཆིངས་བཞག་པའི་རྩོད་གླེང་གི་དོན་ཚན་ལ། སྲིད་འཛིན་ལས་ཁུངས་ཀྱིས་ཕྱོགས་སོ་སོས་བར་འདུམ་གྲོས་ཆིངས་བསྒྲུབས་པའི་གནས་ཚུལ་ལ་བསྐྱར་འདྲི་བྱེད་པ་དང་།  བར་འདུམ་གྲོས་ཆིངས་མངོན་འགྱུར་ཡོང་བར་སྐུལ་འདེད་བཏང་ནས། སྲིད་འཛིན་བར་འདུམ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏང་དགོས། དོ་བདག་གིས་བར་འདུམ་གྲོས་ཆིངས་ཀྱི་ནུས་པ་ཐོན་ཉིན་ནས་བཟུང་སྟེ་ཉིན30ཡི་ནང་ཐུན་མོང་ཐོག་བདག་སྐྱོང་དབང་ཆ་ཡོད་པའི་མི་དམངས་ཁྲིམས་ཁང་ལ་ཁྲིམས་འཛིན་ངོས་འཛིན་གྱི་རེ་ཞུ་བྱེད་ཆོག   ཁྲིམས་འཛིན་ངོས་འཛིན་བྱས་ཟིན་པའི་སྲིད་འཛིན་བར་འདུམ་གྲོས་ཆིངས་དེ། དོ་བདག་ཕྱོགས་གཅིག་གིས་སྒྲུབ་ཁ་མི་ཉན་པའམ་ཡང་ན་ཆ་ཚང་མ་བསྒྲུབས་ན།   དོ་བདག་ཕ་རོལ་པས་ཁྲིམས་ལྟར་མི་དམངས་ཁྲིམས་ཁང་ལ་ལག་བསྟར་བྱ་རྒྱུའི་རེ་འདུན་ཞུ་ཆོག

2.སྲིད་འཛིན་རྩོད་གཞིའི་བར་འདུམ་གྲོས་ཆིངས། སྲིད་འཛིན་རྩོད་གཞིར་བར་འདུམ་བྱས་ནས་གྲོས་མཐུན་བྱུང་ན། སྲིད་འཛིན་ལས་ཁུངས་ཀྱིས་གྲོས་ཆིངས་ཀྱི་ནང་དོན་ཟིན་ཐོར་བཀོད་དེ་སྲིད་འཛིན་རྩོད་གཞིའི་བར་འདུམ་གྲོས་ཆིངས་བཟོ་དགོས།  སྲིད་འཛིན་རྩོད་གཞིའི་བར་འདུམ་གྲོས་ཆིངས་ལ་རྩོད་གཞི་ཕྱོགས་གཉིས་ཀྱིས་མིང་རྟགས་འགོད་པའམ་ཡང་ན་ཐམ་ག་བརྒྱབ་ནས། སོ་སོས་གཅིག་རེ་གཟུང་དགོས། བར་འདུམ་བྱས་པ་བརྒྱུད་དེ་སྲིད་འཛིན་ལས་ཁུངས་ཀྱིས་སྔར་གྱི་སྲིད་འཛིན་བྱ་སྤྱོད་བསྒྱུར་ན། སྲིད་འཛིན་བྱ་སྤྱོད་ཡང་བསྐྱར་སྤེལ་དགོས། 

(ལྔ)བར་འདུམ་མཇུག་སྒྲིལ་བ།

གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན་སྲིད་འཛིན་ལས་ཁུངས་ཀྱིས་བར་འདུམ་མཇུག་བསྒྲིལ་དགོས་ཏེ།

1.དོ་བདག་གིས་སྲིད་འཛིན་བར་འདུམ་མཇུག་བསྒྲིལ་དགོས་པའི་རེ་བ་བཏོན་པ།

2.དོ་བདག་རྒྱུ་མཚན་མེད་པར་སྲིད་འཛིན་བར་འདུམ་དུ་མི་ཞུགས་པ།

3.སྲིད་འཛིན་བར་འདུམ་གྱི་གོ་རིམ་ཁྲོད། མི་དམངས་ཁྲིམས་ཁང་དང་། སྡུམ་གཅོད་ལས་ཁུངས། འབྲེལ་ཡོད་བར་འདུམ་རྩ་འཛུགས་ཀྱིས་དོ་བདག་གི་རྩོད་གླེང་དང་རྩོད་གཞི་བདག་སྤྲོད་བྱས་པ།

4.སྤྱི་དམངས་ཚེ་ལས་འདས་པའམ་ཡང་ན་ཁྲིམས་མི་དང་རྩ་འཛུགས་གཞན་དག་གིས་མཇུག་བསྒྲིལ་བ།  ཁེ་དབང་དང་འོས་འགན་ལེན་མི་མེད་པའམ་ཡང་ན་ཁེ་དབང་དང་འོས་འགན་ལེན་མིས་སྲིད་འཛིན་བར་འདུམ་དོར་བ།

5.སྲིད་འཛིན་བར་འདུམ་བྱེད་ཡུན་ལོངས་ཀྱང་སྲིད་འཛིན་བར་འདུམ་གྲོས་ཆིངས་འཇོག་མ་ཐུབ་པ།

བར་འདུམ་མཇུག་བསྒྲིལ་ན།  སྲིད་འཛིན་ལས་ཁུངས་ཀྱིས་བར་འདུམ་མཇུག་བསྒྲིལ་བའི་བརྡ་སྦྱོར་བཟོ་བ་མ་ཟད་དོ་བདག་ཕྱོགས་སོ་སོར་སྐྱེལ་སྤྲོད་བྱ་དགོས། ཡུལ་དངོས་སུ་བར་འདུམ་བྱས་ན། འབྲེལ་ཡོད་གནས་ཚུལ་ཟིན་ཐོར་བཀོད་དེ་ཡིག་ཚགས་སུ་འཇོག་པ་དང་། དོ་བདག་གིས་མིང་རྟགས་འགོད་པའམ་ཐམ་ག་རྒྱག་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ངོས་འཛིན་བྱས་རྗེས་བར་འདུམ་མཇུག་བསྒྲིལ་བའི་བརྡ་སྦྱོར་ཡི་གེ་མ་བཟོས་ཀྱང་ཆོག

བཞི། སྲིད་འཛིན་བར་འདུམ་བྱ་བའི་ལམ་ལུགས་ཆ་ཚང་བར་གཟུག་དགོས།

(གཅིག)སྲིད་འཛིན་བར་འདུམ་པའི་མིང་ཐོའི་ལམ་ལུགས། སྲིད་འཛིན་ལས་ཁུངས་ཀྱིས་སྲིད་འཛིན་བར་འདུམ་པའི་མིང་ཐོའི་ལམ་ལུགས་བཙུགས་ཏེ། འདྲ་མཉམ་དང་དྲང་གཞག་གི་རྩ་དོན་ལྟར་རང་སྡེ་ཚན་གྱི་ཆེད་ལས་བྱང་ཚད་ཅུང་མཐོ་བ་དང་། བར་འདུམ་བྱ་བར་སྤྲོ་བ་ཆེ་བའི་མི་སྣ་དང་གཞུང་ལས་ཁྲིམས་རྩོད་པ་སོགས་སྲིད་འཛིན་བར་འདུམ་པའི་མིང་ཐོའི་ནང་འཇོག་པ་མ་ཟད། སྤྱི་ཚོགས་སུ་ཁྱབ་བསྒྲགས་བྱ་དགོས་ལ། སྲིད་འཛིན་བར་འདུམ་པར་འགྱུར་བ་བྱུང་ན་དུས་ཐོག་ཏུ་མིང་ཐོ་ལེགས་སྒྲིག་བྱ་དགོས། དོ་བདག་གིས་མིང་ཐོ་གཞིར་བཟུང་ནས་བར་འདུམ་པ་བདམས་ཏེ་རྩོད་གླེང་དང་རྩོད་གཞི་བར་འདུམ་བྱེད་ཆོག

(གཉིས)བསྡོམས་རྩིས་སྙན་ཞུའི་ལམ་ལུགས། སྲིད་འཛིན་ལས་ཁུངས་ཀྱིས་འགལ་བ་དང་རྩོད་གླེང་ལེབ་བཤེར་ཐོ་འགོད་དང་བདག་སྤྲོད་ཐོ་འགོད་སོགས་ཀྱི་ལམ་ལུགས་འཐུས་ཚང་དུ་འཛུགས་ཤིང་། སྲིད་འཛིན་བར་འདུམ་བྱ་བའི་གཞི་གྲངས་དང་གནས་ཚུལ་དུས་བཅད་ལྟར་ཕྱོགས་སྡོམ་བྱེད་པ་དང་། ལོ་མཇུག་ཏུ་ལོ་འཁོར་གྱི་སྲིད་འཛིན་བར་འདུམ་བྱ་བའི་སྤྱི་བསྡོམས་གྲུབ་པར་བྱས་ཏེ། རིམ་པ་གཅིག་མཚུངས་ཀྱི་ཁྲིམས་འཛིན་སྲིད་འཛིན་སྡེ་ཁག་ལ་སྐྱེལ་སྤྲོད་བྱ་དགོས། སྤྱི་ཚོགས་ལ་ཤུགས་རྐྱེན་ཅུང་ཆེ་བའམ་ཡང་ན་ཚོགས་སྤྱིའི་རང་བཞིན་གྱི་དོན་རྐྱེན་འབྱུང་སྲིད་པའི་རྙོག་འཛིང་ཆེ་བའི་རྩོད་གླེང་གལ་ཆེན་གྱི་རིགས་ལ། སྤྱི་ཚོགས་བདེ་སྐྱོང་ཕྱོགས་བསྡུས་བཅོས་སྐྱོང་གི་འབྲེལ་ཡོད་བླང་བྱ་ལྟར་དུས་ཐོག་ཏུ་འབྲེལ་ཡོད་སྡེ་ཁག་ལ་ཐག་གཅོད་པར་སྐྱེལ་སྤྲོད་བྱ་དགོས། རིམ་པ་སོ་སོའི་ཁྲིམས་འཛིན་སྲིད་འཛིན་སྡེ་ཁག་གིས་འབྲེལ་ཡོད་གནས་ཚུལ་དུས་བཅད་ལྟར་དབྱེ་ཞིབ་དང་བསྒྲགས་བརྡ་གཏང་དགོས།

(གསུམ) ཡིག་ཆ་དང་ཡིག་ཚགས་བཟོ་བའི་ལམ་ལུགས། སྲིད་འཛིན་བར་འདུམ་གྱོད་གཞི་དེ་ཡིག་ཚགས་དོ་དམ་གྱི་གཏན་འབེབས་དང་ཚད་གཞི་ལྟར་དུས་ཐོག་ཏུ་ཤོག་དྲིལ་ཡིག་ཚགས་བཟོ་ཞིང་། ཡིག་ཆ་སྒྲིག་བཟོ་ཚད་ལྡན་དུ་གཏོང་བ་དང་།  གྱོད་གཞིའི་ཨང་རྟགས་གཅིག་གྱུར་བྱས་ཏེ། གྱོད་གཞི་རེར་ཡིག་ཚགས་རེ་ཡོད་པར་བྱ་དགོས། ཡིག་ཚགས་བཟོ་བའི་ཡིག་ཆའི་རྒྱུ་ཆ་ཆ་ཚང་བ་ཡིན་དགོས་ཏེ། དེ་ལ་གཙོ་བོ་སྲིད་འཛིན་བར་འདུམ་གྱི་རེ་ཞུ་ཡི་གེ་དང་བརྟག་དཔྱད་ཟིན་ཐོ། སྲིད་འཛིན་བར་འདུམ་གྲོས་ཆིངས། བདེན་དཔང་རྒྱུ་ཆ། ཕྱིར་འདྲི་ཟིན་བྲིས་སོགས་འདུས། བྱེ་བྲག་གི་ཡིག་ཆའི་ཚད་གཞི་དེ་ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་ཀྱིས་འབྲེལ་ཡོད་སྲིད་འཛིན་སྡེ་ཁག་དང་གྲོས་མོལ་བྱས་ཏེ་གཏན་ལ་དབབ་དགོས།

(བཞི)བྱ་བའི་སྦྲེལ་མཐུད་ལམ་ལུགས།  རིམ་པ་སོ་སོའི་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་སྲིད་འཛིན་བར་འདུམ་དང་མི་དམངས་བར་འདུམ།  ཁྲིམས་འཛིན་བར་འདུམ་བཅས་སྦྲེལ་མཐུད་མཉམ་འགུལ་གྱི་རྐྱེན་སྲོལ་འཐུས་ཚང་དུ་བཙུགས་ཏེ། སྤྱི་ཚོགས་བདེ་སྐྱོང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ལས་སྟེགས་བྱས་པའི་འགལ་བ་དང་རྩོད་གླེང་རྒྱུ་མང་ཅན་གྱི་སྒོ་ནས་བར་འདུམ་བྱེད་པའི་རྐྱེན་སྲོལ་དུ་མཉམ་འདྲེས་ཟབ་མོ་ཡོང་བར་བྱ་དགོས།  སྲིད་འཛིན་བར་འདུམ་དེ་སྲིད་འཛིན་བསྐྱར་གྲོས་ལམ་ལུགས་དང་སྲིད་འཛིན་ཆོག་འཐུས་བྱ་རིམ། སྲིད་འཛིན་ཆད་གཅོད་བྱ་རིམ་སོགས་དང་སྦྲེལ་མཐུད་ནུས་ལྡན་དང་གཅིག་ཕན་གཅིག་གྲོགས་ཡོང་བའི་སྲིད་འཛིན་འགན་ནུས་མ་ལག་བཙུགས་ནས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏང་དགོས།

ལྔ། སྲིད་འཛིན་བར་འདུམ་བྱ་བའི་རྩ་འཛུགས་དང་མགོ་ཁྲིད་ལ་ངེས་པ་དོན་གྱིས་ཤུགས་བསྣན་དགོས། 

(གཅིག)རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་བསྣན་དགོས། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་སྲིད་འཛིན་ས་ཁོངས་ནང་ཁུལ་གྱི་སྲིད་འཛིན་བར་འདུམ་བྱ་བར་རྩ་འཛུགས་དང་སྐུལ་འདེད་གཏོང་བར་ཤུགས་བསྣན་དགོས། ཁྲིམས་འཛིན་སྲིད་འཛིན་སྡེ་ཁག་གིས་སྲིད་འཛིན་བར་འདུམ་བྱ་བའི་ཁྲོད་མཛུབ་སྟོན་གྱི་ནུས་པ་འདོན་སྤེལ་བྱས་ཏེ། རང་ས་ཁུལ་གྱི་སྲིད་འཛིན་བར་འདུམ་བྱ་བའི་གཅིག་འདོམས་མཐུན་སྦྱོར་དང་ཆ་འཕྲིན་སྤེལ་རེས། ལྟ་སྐུལ་དཔྱད་ཞིབ་སོགས་ཀྱི་བྱ་བ་ལེགས་པོར་བསྒྲུབ་པའི་འགན་འཁུར་དགོས། གྲོང་ཁྱེར(ཁུལ)སོ་སོའི་མི་དམངས་སྲིད་གཞུང་གིས་ཁྲིམས་ལྟར་རང་ས་ཁུལ་གྱི་སྲིད་འཛིན་ལས་ཁུངས་ཀྱི་སྲིད་འཛིན་བར་འདུམ་ལས་ཁུར་གྱི་གསལ་ཐོ་ངེས་གསལ་བཟོ་བ་དང་།  སྲིད་འཛིན་བར་འདུམ་གྱི་ལས་ཁུར་ཡོད་པའི་སྲིད་འཛིན་ལས་ཁུངས་ཀྱིས་སྲིད་འཛིན་བར་འདུམ་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། སྲིད་འཛིན་བར་འདུམ་བྱ་བའི་ལས་ཁུངས་གཏན་ཁེལ་བྱེད་པ་དང་། སྲིད་འཛིན་བར་འདུམ་གྱི་ལས་ཁུར་ཧུར་ཐག་གིས་ལག་ཏུ་བསྟར་དགོས། སྲིད་འཛིན་བར་འདུམ་གྱི་གྱོད་གཞི་མང་བའི་སྲིད་འཛིན་ལས་ཁུངས་ཀྱིས་བྱ་བའི་དགོས་མཁོར་གཞིགས་ནས་སྲིད་འཛིན་བར་འདུམ་ཨུ་ཡོན་ལྷན་ཁང་འཛུགས་ཆོག་པ་དང་།  སྲིད་འཛིན་བར་འདུམ་ཁང་དང་སྣེ་ལེན་ཁང་འཛུགས་པ་མ་ཟད། དགོས་ངེས་ཀྱི་གཞུང་དོན་ཆ་རྐྱེན་འདོན་སྤྲོད་བྱ་དགོས།

(གཉིས)དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་བསྣན་དགོས། སྲིད་འཛིན་བར་འདུམ་གྱི་ལས་ཁུར་ཡོད་པའི་སྲིད་འཛིན་ལས་ཁུངས་ཀྱིས་ཆེད་ལས(གཅིག་ལྕོགས)ཀྱི་སྲིད་འཛིན་བར་འདུམ་ལས་བྱེད་མི་སྣ་ཆ་ཚང་བར་ཧྲག་སྒྲུབ་བྱེད་ཅིང་།  བར་འདུམ་པའི་དཔུང་སྡེ་དོ་དམ་ལམ་ལུགས་འཛུགས་པ་དང་། སྐུལ་ལྕག་ཆད་གཅོད་རྐྱེན་སྲོལ་འཐུས་ཚང་དུ་གཟུག་དགོས། སྲིད་འཛིན་བར་འདུམ་མི་སྣ་གསོ་སྦྱོང་ལ་ཤུགས་བསྣན་ནས། སྲིད་འཛིན་བར་འདུམ་མི་སྣའི་འགལ་བ་དང་རྩོད་གླེང་སེལ་བའི་ནུས་པ་དང་། ཉེན་ཁ་དང་མངོན་མེད་རྐྱེན་ངན་སྔོན་དཔོག་དང་དོ་དམ་ཚོད་འཛིན་བྱེད་པའི་ནུས་པ། དེ་བཞིན་ཐོལ་བྱུང་དོན་རྐྱེན་འཚུབ་ཟློག་ཐག་གཅོད་བྱེད་པའི་ནུས་པ་བཅས་རྒྱུན་ཆད་མེད་པར་ཇེ་ཆེར་གཏང་དགོས།

(གསུམ)ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་ལ་ཤུགས་བསྣན་དགོས། ཞིང་ཆེན་ཁྲིམས་འཛིན་སྲིད་འཛིན་སྡེ་ཁག་གིས“རིག་ནུས་བར་འདུམ”ལས་སྟེགས་ལ་བརྟེན་ནས“ཞིང་ཆེན་རིམ་པས་གཅིག་འདོམས་འཛུགས་སྐྲུན་དང་། རིམ་པ་བཞི་ཡིས་ཉེར་སྤྱོད”ཀྱི་རྩ་དོན་གཞིར་བཟུང་སྟེ། ཞིང་ཆེན་ཡོངས་ཀྱི་སྲིད་འཛིན་བར་འདུམ་ཆ་འཕྲིན་ཅན་གྱི་ལས་སྟེགས་གཅིག་འདོམས་ཀྱིས་འཛུགས་སྐྲུན་བྱས་ནས། སྲིད་འཛིན་བར་འདུམ་བྱ་བའི་གྱོད་གཞི་བདག་སྤྲོད་སྒྲུབ་གཉེར་དང་། ཡིག་ཆ་རང་ཤུགས་ཀྱིས་གྲུབ་པ། གཞི་གྲངས་རིག་ནུས་ཀྱིས་ཕྱོགས་བསྡུས་བྱེད་པ། དབྱེ་ཞིབ་དཔྱོད་གཅོད་སྔོན་ཟོན། རྒྱང་བསྟེན་བརྙན་ཟློས་བར་འདུམ་སོགས་ཆ་འཕྲིན་ཅན་དང་རིག་ནུས་ཅན། བརྒྱུད་རིམ་ཅན། སྟབས་བདེ་ཅན་བཅས་ཀྱི་རིག་ནུས་ལས་སྟེགས་བསྐྲུན་དགོས། སྲིད་འཛིན་ལས་ཁུངས་ཀྱིས་སྲིད་འཛིན་བར་འདུམ་ལས་སྟེགས་བསྐྲུན་ཟིན་པ་དག་རང་འགུལ་ངང་སྦྲེལ་མཐུད་བྱེད་པ་དང་། འབྲེལ་ཡོད་ལས་སྟེགས་བསྐྲུན་མེད་པ་དག་གིས་ཕྱོགས་ཡོངས་ནས་གཅིག་འདོམས་འཛུགས་སྐྲུན་ལས་སྟེགས་བེད་སྤྱོད་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྲིད་འཛིན་བར་འདུམ་ཆ་འཕྲིན་ཅན་དུ་འགྱུར་བའི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏང་དགོས། 

(བཞི)བྱ་བའི་འགན་ཁུར་དོན་འཁྱོལ་བྱ་དགོས། སྲིད་འཛིན་ལས་ཁུངས་ཀྱིས“སུས་གཙོ་སྐྱོང་བྱས་ན་དེས་འགན་འཁུར་བའི”རྩ་དོན་ལྟར་སྲིད་འཛིན་བར་འདུམ་གྱི་བྱེད་པོའི་འགན་ཁུར་ངེས་པ་དོན་གྱིས་འདོན་སྤེལ་བྱེད་པ་དང་། ཞབས་ཕྱིའི་འདུ་ཤེས་ཇེ་དྲག་ཏུ་གཏོང་ཞིང་།   རང་ལས་ཁུངས་ཀྱི་སྲིད་འཛིན་དོ་དམ་དང་འབྲེལ་བའི་སྲིད་འཛིན་བར་འདུམ་འགན་ནུས་ལག་བསྟར་གང་ལེགས་བྱས་ཏེ། དོ་བདག་གི་བྱ་རིམ་རང་བཞིན་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བ་དང་། འགལ་བ་དང་རྩོད་གླེང་འོས་འཚམ་གྱིས་ཐག་གཅོད་བྱ་དགོས། སྲིད་འཛིན་བར་འདུམ་གྱི་ལས་ཁུར་ཡོད་པའི་སྲིད་འཛིན་ལས་ཁུངས་ཀྱིས་སྲིད་འཛིན་བར་འདུམ་བྱ་བའི་རྩིས་ཁྲ་བཟོས་ནས་བར་འདུམ་གྱོད་གཞིའི་གཞི་གྲངས་ཕྱོགས་བསྡུས་བྱེད་པ་མ་ཟད་བསྡོམས་རྩིས་སྐྱེལ་སྤྲོད་བྱ་བ་ལེགས་པར་བསྒྲུབ་དགོས།

(ལྔ)བྱ་བར་ལྟ་སྐུལ་བྱེད་ཤུགས་ཇེ་ཆེར་གཏང་དགོས། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་འགན་ནུས་སྡེ་ཁག་གིས་སྲིད་འཛིན་བར་འདུམ་བྱ་བའི་འགན་ཁུར་དོན་འཁྱོལ་ནན་མོ་བྱས་ཏེ།   སྲིད་འཛིན་བར་འདུམ་བྱ་བ་དེ་ལོ་འཁོར་གྱི་དུས་བདེའི་འཛུགས་སྐྲུན་དཔྱད་ཞིབ་དང་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་བྱས་འབྲས་དཔྱད་ཞིབ་ནང་གཞག་དགོས། རྩ་འཛུགས་དང་མགོ་ཁྲིད་བྱེད་ཤུགས་མི་འདང་བ་དང་། བྱ་བ་དོན་ཐོག་ཏུ་འཁྱོལ་མེད་པ། འགན་ཁུར་གནད་ལ་ཁེལ་མེད་པ་བཅས་ཀྱི་དབང་གིས་འགལ་བ་དང་རྩོད་གླེང་མངོན་གསལ་ཡིན་པའི་རིགས་ལ། དུས་བཀག་ལྟར་སྒྱུར་བཅོས་བྱ་རྒྱུའི་བཀའ་དབབ་དགོས།   བྱ་བར་ཁྲལ་སེལ་སླ་བཅོས་དང་རང་འགན་གཞན་དཀྲི་ངང་ནར་འགྱངས་བྱས་ནས་སྤྱི་ཚོགས་བརྟན་འཇགས་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་པའི་དོན་རྐྱེན་ཆེན་པོའམ་གྱོད་གཞི་ཡིན་ན། འགན་ཁུར་ལྡོག་བཤེར་བྱས་ནས་འབྲེལ་ཡོད་མགོ་ཁྲིད་དང་མི་སྣའི་འགན་ཁུར་རྩད་གཅོད་བྱ་དགོས།

བསམ་འཆར་འདི2026ལོའི་ཟླ2པའི་ཚེས1ཉིན་ནས་བཟུང་སྟེ་ལག་བསྟར་བྱ་དགོས་པ་དང་། སྔོན་གྱི2012ལོའི་ཟླ3པའི་ཚེས27ཉིན་དཔར་འགྲེམ་བྱས་པའི《སྲིད་འཛིན་བར་འདུམ་བྱ་བར་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར》(མཚོ་སྲིད་གཞུང་ལས་ཐིན〔2012〕ཨང82པ)དུས་མཚུངས་རྩིས་མེད་དུ་བཟོ་དགོས།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།