༄༅། །མཚོ་སྔོན་ཞིང་ཆེན་གྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་སྲོལ་ཡིག
(2025ལོའི་ཟླ11པའི་ཚེས26ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་བརྒྱད་པའི་ཐོག་ཏུ་གྲོས་འཆམ་བྱུང)
དོན་ཚན་དང་པོ། རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་དང་རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་སྐྱོབ་པ། སྐྱེ་དངོས་སྣ་མང་རང་བཞིན་དང་སྐྱེ་ཁམས་དོ་མཉམ་ལ་སྲུང་སྐྱོང་བཅས་བྱས་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་སྐྲུན་པར་སྐུལ་འདེད་དང་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་ཡར་སྐུལ་བྱེད་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བཅའ་ཁྲིམས》སོགས་འབྲེལ་ཡོད་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གཞིར་བཟུང་ཞིང་། ཞིང་ཆེན་འདི་གའི་དོན་དངོས་དང་ཟུང་དུ་སྦྲེལ་ཏེ་སྲོལ་ཡིག་འདི་བཟོས་པ་ཡིན།
དོན་ཚན་གཉིས་པ། ཞིང་ཆེན་འདི་གའི་སྲིད་འཛིན་ས་ཁོངས་ནང་དུ་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་དང་འབྲེལ་ཡོད་ཀྱི་བྱེད་སྒོ་སྤེལ་བར་སྲོལ་ཡིག་འདི་སྤྱོད་འཐུས་པ་ཡིན།
སྲོལ་ཡིག་འདི་ལས་སྲུང་སྐྱོབ་བྱ་དགོས་པར་གཏན་ལ་ཕབ་པའི་རི་སྐྱེས་སྲོག་ཆགས་ཀྱི་ནང་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་དེ་ཁྱབ་བསྒྲགས་བྱས་པའི་རྒྱལ་ཁབ་ཀྱིས་གཙོ་གནད་དུ་བཟུང་སྟེ་སྲུང་སྐྱོབ་བྱེད་པའི་རི་སྐྱེས་སྲོག་ཆགས་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་གཙོ་སྐྱོང་སྡེ་ཁག་གིས་ཁྱབ་བསྒྲགས་བྱས་པའི་སྐྱེ་ཁམས་དང་ཚན་རིག སྤྱི་ཚོགས་བཅས་ཀྱི་རིན་ཐང་གལ་ཆེན་ལྡན་པའི་སྐམ་སའི་རི་སྐྱེས་སྲོག་ཆགས། དེ་མིན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཁྱབ་བསྒྲགས་བྱས་པའི་ས་གནས་ཀྱིས་གཙོ་གནད་དུ་བཟུང་སྟེ་སྲུང་སྐྱོབ་བྱེད་པའི་རི་སྐྱེས་སྲོག་ཆགས་འདུས།
སྲོལ་ཡིག་འདི་ལས་གཏན་ལ་ཕབ་པའི་རི་སྐྱེས་སྲོག་ཆགས་དང་དེའི་བཟོས་རྫས་ཞེས་པ་ནི་རི་སྐྱེས་སྲོག་ཆགས་ཀྱི་གཟུགས་ཧྲིལ་བོ(སྒོ་ང་འདུས)དང་ཆ་ཤས། མཆེད་སྐྱེ་རྫས་བཅས་ལ་བསྟན་པ་ཡིན།
རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་ཆུ་སྐྱེས་རི་སྐྱེས་སྲོག་ཆགས་ཕུད་པའི་ཆུ་སྐྱེས་རི་སྐྱེས་སྲོག་ཆགས་གཞན་དག་སྲུང་སྐྱོབ་བྱེད་པར《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉ་ལས་བཅའ་ཁྲིམས》སོགས་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་སྤྱོད་འཐུས་པ་ཡིན།
དོན་ཚན་གསུམ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱ་བར་མགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རི་སྐྱེས་སྲོག་ཆགས་དང་དེའི་འཚོ་གནས་སྲུང་སྐྱོབ་ཀྱི་འབྲེལ་ཡོད་འཆར་འགོད་དང་བྱེད་ཐབས་གཏན་འབེབས་བྱེད་པར་མ་ཟད། རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་གྲོན་དངུལ་དེ་སྔོན་རྩིས་ནང་དུ་འཇུག་དགོས།
རྒྱལ་ཁབ་སྤྱི་གླིང་དོ་དམ་ལས་ཁུངས་ཀྱིས་ཁྲིམས་ལྟར་རྒྱལ་ཁབ་སྤྱི་གླིང་གི་ཁྱབ་ཁོངས་ནང་གི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་འབྲེལ་ཡོད་བྱ་བའི་འགན་འཁུར་དགོས།
ཞང་ངམ་གྲོང་རྡལ་མི་དམངས་སྲིད་གཞུང་དང་སྲང་ལམ་དོན་གཅོད་ཁང་གིས་ཁྲིམས་ལྟར་མངའ་ཁུལ་ནང་གི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་འབྲེལ་ཡོད་བྱ་བ་ལེགས་སྒྲུབ་བྱེད་པར་གཞོགས་འདེགས་བྱ་དགོས།
དོན་ཚན་བཞི་བ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ནགས་ལས་རྩྭ་ཐང་དང་ཞིང་ལས་ཞིང་སྡེ་སྡེ་ཁག(གཤམ་དུ་སྤྱི་མིང་ལ་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་གཙོ་སྐྱོང་སྡེ་ཁག་ཟེར་རྒྱུ)གིས་ཐ་དད་དུ་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་སྐམ་སར་སྐྱེས་པ་དང་ཆུ་ལས་སྐྱེས་པའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱ་བ་གཙོ་སྐྱོང་བྱ་དགོས།
རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་སྐྱེ་ཁམས་ཁོར་ཡུག་དང་སྤྱི་བདེ། རང་བྱུང་ཐོན་ཁུངས། འགྲིམ་འགྲུལ་སྐྱེལ་འདྲེན། འཕྲོད་བསྟེན་བདེ་ཐང་། ཁྲོམ་ར་ལྟ་སྐུལ་དོ་དམ། རྒྱལ་མཚམས་འགག་སྒོ། སྦྲག་སྲིད་དོ་དམ་སོགས་སྡེ་ཁག་གིས་ལས་ཁུར་དབྱེ་བགོས་ལྟར་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་འབྲེལ་ཡོད་བྱ་བའི་འགན་འཁུར་དགོས།
དོན་ཚན་ལྔ་བ། ལོ་རེའི་ཟླ་བཞི་བའི་གཟའ་འཁོར་བཞི་བ་ནི་བྱ་གཅེས་གཟའ་འཁོར་དང་། ཟླ་དགུ་བ་ནི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་དྲིལ་བསྒྲགས་ཟླ་བ་ཡིན།
དོན་ཚན་དྲུག་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་རི་སྐྱེས་སྲོག་ཆགས་གཙོ་སྐྱོང་སྡེ་ཁག་གིས་སྐྱེ་དངོས་ལག་རྩལ་དང་བཟོ་སྐྲུན་ལག་རྩལ། ལྟ་ཞིབ་བརྟག་འཇལ། སྲུང་སྐྱོབ་མཚོན་རྟགས་འཛུགས་པ་སོགས་བྱེད་ཐབས་སྤྱད་དེ་གསའ་དང་གཙོད། དགོ་དམར། འབྲོང་། ཁྲུང་ཁྲུང་སྐེ་ནག རྨོས་ཉ་སོགས་རི་སྐྱེས་སྲོག་ཆགས་དང་དེའི་འཚོ་གནས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་དགོས།
རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་རི་སྐྱེས་སྲོག་ཆགས་འཚོ་གནས་ཀྱི་གཞུང་ལམ་གྱི་ལམ་དུམ་དུ་བདེ་འཇགས་དང་ཉེན་བརྡའི་མཚོན་རྟགས་འཛུགས་པ་སོགས་བྱེད་ཐབས་སྤྱད་དེ་རི་སྐྱེས་སྲོག་ཆགས་ལ་ཤི་རྨས་ཐེབས་པའི་ཉེན་ཁ་སྔོན་འགོག་དང་ཇེ་ཆུང་དུ་གཏང་དགོས།
དོན་ཚན་བདུན་པ། རི་སྐྱེས་སྲོག་ཆགས་འཚོ་གནས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་ཐེབས་པར། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་རྩ་འཛུགས་བྱས་ནས་སྐྱེ་ཁམས་ཉམས་གསོའི་ཇུས་གཞི་བཟོས་ཏེ་ལག་བསྟར་བྱས་ནས། རི་སྐྱེས་སྲོག་ཆགས་འཚོ་གནས་ཀྱི་སྐྱེ་ཁམས་ཁོར་ཡུག་རིམ་བཞིན་སླར་གསོ་དང་ལེགས་བཅོས་བྱ་དགོས།
དོན་ཚན་བརྒྱད་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་གཙོ་སྐྱོང་སྡེ་ཁག་གིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་རི་སྐྱེས་སྲོག་ཆགས་དང་དེའི་འཚོ་གནས་ལ་བརྟག་དཔྱད་དང་བརྟག་འཇལ། དཔྱད་དཔོག་བཅས་བྱས་པའི་གནས་ཚུལ་གཞིར་བཟུང་སྟེ། རིགས་ཁྱུའི་གྲངས་འབོར་དེ་ཁོར་ཡུག་གི་ཤོང་ཚད་ལས་མངོན་གསལ་གྱིས་བརྒལ་བའི་རིགས་ལ་གནས་སྤར་ནས་སྲུང་སྐྱོབ་དང་རྔོན་འཛིན་སོགས་རིགས་ཁྱུ་སྙོམ་སྒྲིག་ཚོད་འཛིན་བྱེད་ཐབས་སྤྱད་དེ་མི་ལུས་དང་རྒྱུ་ནོར། སྐྱེ་ཁམས་བཅས་ཀྱི་བདེ་འཇགས་དང་ཞིང་ལས་ཐོན་སྐྱེད་འགན་སྲུང་བྱ་དགོས།
དོན་ཚན་དགུ་བ། ཞིང་ཆེན་མི་དམངས་སྲིད་གཞུང་གི་ནགས་ལས་རྩྭ་ཐང་གཙོ་སྐྱོང་སྡེ་ཁག་གིས་རི་སྐྱེས་སྲོག་ཆགས་ཀྱི་གནོད་འཚེ་བཀག་སྡོམ་གྱི་ཕྱོགས་སྟོན་གཏན་འབེབས་བྱས་ཏེ། གྲོང་ཁྱེར(ཁུལ)རིམ་པའི་མི་དམངས་སྲིད་གཞུང་གི་ནགས་ལས་རྩྭ་ཐང་གཙོ་སྐྱོང་སྡེ་ཁག་གིས་རི་སྐྱེས་སྲོག་ཆགས་ཀྱི་གནོད་འཚེ་བཀག་སྡོམ་བྱ་བ་ལེགས་སྒྲུབ་བྱེད་པར་མཛུབ་སྟོན་དང་ལྟ་སྐུལ་བྱ་དགོས། རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་གནས་ཚུལ་དངོས་ལ་གཞིགས་ནས་རི་སྐྱེས་སྲོག་ཆགས་ཀྱི་གནོད་འཚེ་བཀག་སྡོམ་གྱི་ཇུས་གཞི་བཟོ་དགོས།
རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་རི་སྐྱེས་སྲོག་ཆགས་ཀྱིས་གནོད་འཚེ་བཟོ་སྲིད་པའི་ས་ཁོངས་སུ་གནས་ཚུལ་དངོས་དང་དགོས་མཁོར་གཞིགས་ནས་ལོགས་བཀར་འགོག་སྲུང་སྒྲིག་བཀོད་འཛུགས་སྐྲུན་དང་། བརྟག་འཇལ་སྔོན་བརྡ་གཏོང་བའི་སྒྲིག་ཆས་བཀོད་སྒྲིག བདེ་འཇགས་ཉེན་བརྡའི་མཚོན་རྟགས་འཛུགས་པ། སྐོར་སྲུང་དང་དྲིལ་བསྒྲགས་བྱེད་པ། འགོག་སྲུང་གསོ་སྦྱོང་རྩ་འཛུགས་བྱེད་པ་ལ་སོགས་པའི་ཐབས་ཤེས་སྤྱད་དེ་རི་སྐྱེས་སྲོག་ཆགས་ཀྱིས་བཟོ་སྲིད་པའི་གནོད་འཚེ་ནུས་ལྡན་གྱིས་སྔོན་འགོག་དང་ཚོད་འཛིན་བྱ་དགོས།
དོན་ཚན་བཅུ་བ། སྲོལ་ཡིག་འདི་ལས་སྲུང་སྐྱོབ་བྱ་དགོས་པར་གཏན་ལ་ཕབ་པའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱས་པའི་དབང་གིས་མི་སྣར་ཤི་རྨས་ཐེབས་པ་དང་། ཞིང་ལས་ལོ་ཏོག་གམ་རྒྱུ་ནོར་གཞན་དག་ལ་གྱོང་གུན་བཟོས་ན། ས་གནས་དེ་གའི་མི་དམངས་སྲིད་གཞུང་གིས་ཞིང་ཆེན་འདི་གའི་འབྲེལ་ཡོད་གཏན་འབེབས་ལྟར་གུན་གསབ་སྤྲད་དགོས། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་འགན་བཅོལ་ལས་ཁུངས་ལ་རི་སྐྱེས་སྲོག་ཆགས་ཀྱིས་གནོད་འཚེ་བཟོས་པར་གུན་གསབ་འཇལ་བའི་འགན་བཅོལ་ལས་སྒོ་སྤེལ་བར་སྐུལ་འདེད་གཏོང་ཆོག
དོན་ཚན་བཅུ་གཅིག་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་གཙོ་སྐྱོང་སྡེ་ཁག་གིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་རི་སྐྱེས་སྲོག་ཆགས་སྡུད་སྐྱིལ་སྐྱོབ་སྲུང་ལས་ཁུངས་ངེས་གཏན་བྱས་ཏེ། རྨས་སྐྱོན་ཕོག་པ་དང་དཀའ་ཁག་ལ་འཕྲད་པ། ལམ་ནོར་བ་སོགས་ཀྱི་རི་སྐྱེས་སྲོག་ཆགས་སྡུད་སྐྱིལ་སྐྱོབ་སྲུང་བྱ་བ་རྩ་འཛུགས་བྱས་ནས་བསྒྲུབ་དགོས།
ཞིང་ཆེན་མི་དམངས་སྲིད་གཞུང་གི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་གཙོ་སྐྱོང་སྡེ་ཁག་གིས་རྩ་འཛུགས་བྱས་ནས་རི་སྐྱེས་སྲོག་ཆགས་སྡུད་སྐྱིལ་སྐྱོབ་སྲུང་དང་དོ་དམ་བྱེད་ཐབས་གཏན་འབེབས་བྱེད་འགན་འཁུར་དགོས་པར་མ་ཟད། འབྲེལ་ཡོད་གཏན་འབེབས་ལྟར་རི་སྐྱེས་སྲོག་ཆགས་སྡུད་སྐྱིལ་སྐྱོབ་སྲུང་ལས་ཁུངས་ཀྱི་ཆ་འཕྲིན་ཁྱབ་བསྒྲགས་བྱ་དགོས།
དོན་ཚན་བཅུ་གཉིས་པ། རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་གཙོ་སྐྱོང་སྡེ་ཁག་དང་དེའི་སྡུད་སྐྱིལ་སྐྱོབ་སྲུང་ལས་ཁུངས་ལ་རི་སྐྱེས་སྲོག་ཆགས་ལ་རྨས་སྐྱོན་ཕོག་པ་དང་དཀའ་ཁག་ལ་འཕྲད་པ། ལམ་ནོར་བ་སོགས་ཀྱི་དབང་གིས་སྐྱོབ་སྲུང་བྱ་དགོས་པའི་སྙན་ཞུ་འབྱོར་ཚེ། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་དུས་ཐོག་ཏུ་ཐག་གཅོད་བྱ་དགོས།
དོན་ཚན་བཅུ་གསུམ་པ། རྒྱལ་ཁབ་ཀྱིས་གཙོ་གནད་དུ་བཟུང་སྟེ་སྲུང་སྐྱོབ་བྱེད་པའི་རི་སྐྱེས་སྲོག་ཆགས་མིའི་ཐབས་ཀྱིས་གསོ་སྤེལ་བྱེད་ན། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ལག་བསྟར་བྱ་དགོས།
སྐྱེ་ཁམས་དང་ཚན་རིག སྤྱི་ཚོགས་བཅས་ཀྱི་རིན་ཐང་གལ་ཆེན་ལྡན་པའི་སྐམ་སའི་རི་སྐྱེས་སྲོག་ཆགས་དང་། ཞིང་ཆེན་གྱིས་གཙོ་གནད་དུ་བཟུང་སྟེ་སྲུང་སྐྱོབ་བྱེད་པའི་རི་སྐྱེས་སྲོག་ཆགས་མིའི་ཐབས་ཀྱིས་གསོ་སྤེལ་བྱེད་ན། རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་གཙོ་སྐྱོང་སྡེ་ཁག་ཏུ་ཞུ་ཚགས་དགོད་དགོས། རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་གཙོ་སྐྱོང་སྡེ་ཁག་གིས་ཞུ་ཚགས་བཀོད་པའི་གནས་ཚུལ་དེ་ཞིང་ཆེན་དང་གྲོང་ཁྱེར(ཁུལ)རིམ་པའི་མི་དམངས་སྲིད་གཞུང་གི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་གཙོ་སྐྱོང་སྡེ་ཁག་ལ་སྙན་སེང་ཞུ་དགོས།
དོན་ཚན་བཅུ་བཞི་བ། མིའི་ཐབས་ཀྱིས་རི་སྐྱེས་སྲོག་ཆགས་གསོ་སྤེལ་བྱེད་པར་བུ་རབས་ཀྱི་རྒྱུད་ཁུངས་སྤྱད་དེ་དངོས་རིགས་ཀྱི་རྒྱུད་བྱང་དང་གསོ་སྤེལ་ཡིག་ཚགས། དངོས་རིགས་བྱེ་བྲག་པའི་གཞི་གྲངས་བཅས་བཟོས་ནས་མིའི་ཐབས་ཀྱིས་གསོ་སྤེལ་བྱེད་པའི་དངོས་རིགས་ཀྱི་མིང་དང་གྲངས་འབོར། འབྱུང་ཁུངས། སྐྱེ་འཕེལ། རིམས་ཐར་དང་རིམས་ནད་ཞིབ་བཤེར་སོགས་ཀྱི་ཆ་འཕྲིན་ཟིན་ཐོར་དགོད་དགོས།
དངོས་རིགས་སྲུང་སྐྱོབ་ཀྱི་དགོས་དབང་གིས་བྱེས་ཀྱི་རྒྱུད་ཁུངས་དངོས་གནས་སྤྱད་དགོས་ཚེ། རི་སྐྱེས་སྲོག་ཆགས་རྔོན་འཛིན་སྐོར་གྱི་བཅའ་ཁྲིམས་ཁྲིམས་སྲོལ་གྱི་འབྲེལ་ཡོད་གཏན་འབེབས་བརྩི་སྲུང་བྱ་དགོས།
དོན་ཚན་བཅོ་ལྔ་བ། ཚོང་ཟོང་ཉོ་ཚོང་ཁྲོམ་ར་དང་དྲ་རྒྱའི་ཉོ་ཚོང་སྟེགས་བུ་སོགས་སུ་རི་སྐྱེས་སྲོག་ཆགས་དང་དེའི་བཟོས་རྫས་སམ་བེད་སྤྱོད་མི་ཆོག་པའི་རྔོན་འཛིན་ཡོ་བྱད་ཁྲིམས་འགལ་གྱིས་ཉོ་ཚོང་བྱེད་བཞིན་པ་ཤེས་ཚེ། ཁྲིམས་ལྟར་དགོས་ངེས་ཀྱི་ཐག་གཅོད་བྱེད་ཐབས་སྤྱད་དགོས་པར་མ་ཟད། དེ་གནས་སའི་ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཁག་གམ་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་གཙོ་སྐྱོང་སྡེ་ཁག་ལ་དུས་ཐོག་ཏུ་སྙན་སེང་ཞུ་དགོས།
དོན་ཚན་བཅུ་དྲུག་པ། རི་སྐྱེས་སྲོག་ཆགས་འཚོ་གནས་སུ་རི་སྐྱེས་སྲོག་ཆགས་ཀྱིས་རྒྱུད་སྤེལ་བར་གནོད་འཚེ་དང་གཏོར་བརླག་བྱེད་པའི་གཤམ་གསལ་གྱི་བྱ་སྤྱོད་སྤེལ་མི་ཆོག་པ་སྟེ།
(གཅིག)ཧྥུན་པེ་མཐོ་བའི་འཛེར་སྒྲ་དང་ཟློས་ཕྱོད་མཐོ་བའི་གཡོ་འགུལ། འོད་འཚེར་འཕྲོ་སྒྲོན་བཅས་བཟོ་བ།
(གཉིས) རི་སྐྱེས་སྲོག་ཆགས་ཀྱི་ཚང་དང་ཁུང་། དོང་བཅས་གཏོར་བཤིག་གཏོང་བ།
(གསུམ) རི་སྐྱེས་སྲོག་ཆགས་མཐར་སྐྲོད་དང་བདའ་འདེད་བྱེད་པ་དང་། རང་དགར་གཟན་སྟེར་བ།
(བཞི) བཅའ་ཁྲིམས་དང་ཁྲིམས་སྲོལ་ལས་གཏན་ལ་ཕབ་པའི་བྱ་སྤྱོད་གཞན་དག
བྱེས་སུ་རི་སྐྱེས་སྲོག་ཆགས་ལ་ལྟ་ཞིབ་བྱེད་པའམ་པར་བླངས་ནས་དེ་དག་རྒྱུན་ལྡན་ལྟར་འཚོ་སྡོད་བྱེད་པར་དཀྲོག་སློང་བྱེད་མི་ཆོག
དོན་ཚན་བཅུ་བདུན་པ། འཕྲོད་བསྟེན་བདེ་ཐང་གཙོ་སྐྱོང་སྡེ་ཁག་གམ་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་གཙོ་སྐྱོང་སྡེ་ཁག་ལ་རི་སྐྱེས་སྲོག་ཆགས་རྐྱེན་གང་ཡིན་མི་གསལ་བར་ཤི་བའམ་རྒྱུན་ལྡན་མིན་པའི་སྣང་ཚུལ་གཞན་དག་བྱུང་བའི་སྙན་ཞུ་འབྱོར་ཚེ། འཕྲལ་མར་བྱེད་ཐབས་སྤྱད་དེ་ཐག་གཅོད་བྱ་དགོས།
དོན་ཚན་བཅོ་བརྒྱད་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་གཙོ་སྐྱོང་སྡེ་ཁག་གིས་སྐྱེ་ཁམས་ཁོར་ཡུག་དང་སྤྱི་བདེ། རང་བྱུང་ཐོན་ཁུངས། འགྲིམ་འགྲུལ་སྐྱེལ་འདྲེན། འཕྲོད་བསྟེན་བདེ་ཐང་། ཁྲོམ་ར་ལྟ་སྐུལ་དོ་དམ། རྒྱལ་མཚམས་འགག་སྒོ། སྦྲག་སྲིད་དོ་དམ་སོགས་སྡེ་ཁག་དང་མཉམ་དུ་མཉམ་འབྲེལ་ཁྲིམས་བསྟར་བྱ་བའི་མཐུན་སྦྱོར་རྐྱེན་སྲོལ་འཐུས་སྒོ་ཚང་བར་བཙུགས་ཏེ། ཁྲིམས་འགལ་གྱི་བྱ་སྤྱོད་ལ་ཁྲིམས་ལྟར་ཞིབ་གཅོད་བྱ་དགོས།
དོན་ཚན་བཅུ་དགུ་བ། རྩ་འཛུགས་དང་མི་སྒེར་སུ་དང་གང་གིས་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བཅའ་ཁྲིམས་དང་འགལ་བའི་བྱ་སྤྱོད་ཡོད་པ་ཤེས་རྟོགས་བྱུང་ན། རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་གཙོ་སྐྱོང་སྡེ་ཁག་དང་སྤྱི་བདེ། འཕྲོད་བསྟེན་བདེ་ཐང་སོགས་སྡེ་ཁག་ལ་གཏུག་བཤེར་དང་ཐེར་འདོན་བྱེད་ཆོག
འབྲེལ་ཡོད་སྡེ་ཁག་ལ་གཏུག་བཤེར་དང་ཐེར་འདོན་ཞུ་ཡིག་འབྱོར་རྗེས་སུ་དུས་ཐོག་ཏུ་བདེན་མིན་ཞིབ་བཤེར་བྱས་ཏེ་ཐག་གཅོད་པར་མ་ཟད། གཏུག་བཤེར་དང་ཐེར་འདོན་བྱེད་མཁན་གྱི་འབྲེལ་ཡོད་ཆ་འཕྲིན་གསང་སྲུང་བྱ་དགོས།
དོན་ཚན་ཉི་ཤུ་བ། སྲོལ་ཡིག་འདིའི་གཏན་འབེབས་དང་འགལ་བའི་བྱ་སྤྱོད་ལ། བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ལས་བཅའ་ཁྲིམས་ཀྱི་འགན་འཁྲི་གཏན་འབེབས་བྱས་ཡོད་ཚེ། གཏན་འབེབས་དེ་ལྟར་ལག་བསྟར་བྱ་དགོས།
དོན་ཚན་ཉེར་གཅིག་པ། སྲོལ་ཡིག་འདིའི་གཏན་འབེབས་དང་འགལ་ཏེ། ཞིང་ཆེན་གྱིས་གཙོ་གནད་དུ་བཟུང་སྟེ་སྲུང་སྐྱོབ་བྱེད་པའི་རི་སྐྱེས་སྲོག་ཆགས་མིའི་ཐབས་ཀྱིས་གསོ་སྤེལ་བྱས་པ་དེ་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་གཙོ་སྐྱོང་སྡེ་ཁག་ཏུ་ཞུ་ཚགས་མ་བཀོད་ན། རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་གཙོ་སྐྱོང་སྡེ་ཁག་གིས་དུས་བཀག་ལྟར་ཡོ་བསྲང་བྱ་དགོས་པའི་འགན་དཀྲི་དགོས། དུས་བཀག་ལས་ཡོལ་རུང་ཡོ་བསྲང་མ་བྱས་ཚེ། སྒོར་ལྔ་བརྒྱ་ཡན་ནས་ཉིས་སྟོང་མན་གྱི་དངུལ་ཆད་གཅད་དགོས།
དོན་ཚན་ཉེར་གཉིས་པ། སྲོལ་ཡིག་འདིའི་གཏན་འབེབས་དང་འགལ་ཏེ། རི་སྐྱེས་སྲོག་ཆགས་མིའི་ཐབས་ཀྱིས་གསོ་སྤེལ་བྱས་པར་དངོས་རིགས་ཀྱི་རྒྱུད་བྱང་དང་གསོ་སྤེལ་ཡིག་ཚགས། དངོས་རིགས་བྱེ་བྲག་པའི་གཞི་གྲངས་བཅས་བཟོས་མེད་ན། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་གཙོ་སྐྱོང་སྡེ་ཁག་གིས་དུས་བཀག་ལྟར་ཡོ་བསྲང་བྱ་དགོས་པའི་འགན་དཀྲི་དགོས། དུས་བཀག་ལས་ཡོལ་རུང་ཡོ་བསྲང་མ་བྱས་ཚེ། སྒོར་ཆིག་སྟོང་ཡན་ནས་ཆིག་ཁྲི་མན་གྱི་དངུལ་ཆད་གཅད་དགོས།
དོན་ཚན་ཉེར་གསུམ་པ། སྲོལ་ཡིག་འདིའི་གཏན་འབེབས་དང་འགལ་ཏེ། རི་སྐྱེས་སྲོག་ཆགས་འཚོ་གནས་སུ་རི་སྐྱེས་སྲོག་ཆགས་ཀྱི་རྒྱུད་སྤེལ་བར་གནོད་འཚེ་དང་གཏོར་བརླག་བྱེད་པའི་གཤམ་གསལ་གྱི་བྱ་སྤྱོད་སྤེལ་ན། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་གཙོ་སྐྱོང་སྡེ་ཁག་གིས་གཤམ་གསལ་གྱི་གཏན་འབེབས་ལྟར་ཆད་པ་གཅད་དགོས་པ་སྟེ།
(གཅིག)ཧྥུན་པེ་མཐོ་བའི་འཛེར་སྒྲ་དང་ཟློས་ཕྱོད་མཐོ་བའི་གཡོ་འགུལ། འོད་འཚེར་འཕྲོ་སྒྲོན་བཅས་བཟོས་པར། ཁྲིམས་འགལ་གྱི་བྱ་སྤྱོད་མཚམས་འཇོག་པའི་འགན་དཀྲི་བར་མ་ཟད་ཐ་ཚིག་བསྒྲག་དགོས། གནས་ཚུལ་ཚབས་ཆེ་བར་སྒོར་ཆིག་སྟོང་ཡན་ནས་སུམ་སྟོང་མན་གྱི་དངུལ་ཆད་གཅད་དགོས།
(གཉིས) རི་སྐྱེས་སྲོག་ཆགས་ཀྱི་ཚང་དང་ཁུང་། དོང་བཅས་གཏོར་བཤིག་བཏང་བར། ཁྲིམས་འགལ་གྱི་བྱ་སྤྱོད་མཚམས་འཇོག་པར་མ་ཟད་གསབ་བཅོས་བྱེད་ཐབས་སྤྱད་དགོས་པའི་འགན་དཀྲི་དགོས། གནས་ཚུལ་ཚབས་ཆེ་བར་སྒོར་ཆིག་སྟོང་ཡན་ནས་སུམ་སྟོང་མན་གྱི་དངུལ་ཆད་གཅད་དགོས།
(གསུམ) རི་སྐྱེས་སྲོག་ཆགས་མཐར་སྐྲོད་དང་བདའ་འདེད་བྱས་པའམ་རང་དགར་གཟན་བྱིན་པར། ཁྲིམས་འགལ་གྱི་བྱ་སྤྱོད་མཚམས་འཇོག་པའི་འགན་དཀྲི་བར་མ་ཟད་ཐ་ཚིག་བསྒྲག་དགོས། གནས་ཚུལ་ཚབས་ཆེ་བར་སྒོར་ཆིག་སྟོང་ཡན་ནས་ལྔ་སྟོང་མན་གྱི་དངུལ་ཆད་གཅད་དགོས།
སྲོལ་ཡིག་འདིའི་གཏན་འབེབས་དང་འགལ་ཏེ། བྱེས་སུ་རི་སྐྱེས་སྲོག་ཆགས་ལ་ལྟ་ཞིབ་བྱེད་པའམ་པར་བླངས་ནས་རི་སྐྱེས་སྲོག་ཆགས་རྒྱུན་ལྡན་ལྟར་འཚོ་སྡོད་བྱེད་པར་དཀྲོག་སློང་བྱས་པར། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་གཙོ་སྐྱོང་སྡེ་ཁག་གིས་ཁྲིམས་འགལ་གྱི་བྱ་སྤྱོད་མཚམས་འཇོག་པའི་འགན་དཀྲི་བར་མ་ཟད་ཐ་ཚིག་བསྒྲག་དགོས། གནས་ཚུལ་ཚབས་ཆེ་བར་སྒོར་ཆིག་སྟོང་ཡན་ནས་ལྔ་སྟོང་མན་གྱི་དངུལ་ཆད་གཅད་དགོས།
དོན་ཚན་ཉེར་བཞི་བ། སྲོལ་ཡིག་འདི2026ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་སྟེ་ལག་བསྟར་བྱ་དགོས།