༄༅། །མཚོ་སྔོན་ཞིང་ཆེན་གྱི་དམངས་ཕན་ཞིང་ཕན་གྱི་ནོར་སྲིད་ཁ་གསབ་སྟེར་བའི་སྲིད་ཇུས་ཀྱི་ལས་གཞི་ལས《མཚོ་སྔོན་ཞིང་ཆེན་གྱི་ཕྱུགས་ལས་ཐོན་སྐྱེད་བརྟན་འཇགས་སུ་གཏོང་བར་ཁ་གསབ་རོགས་དངུལ་སྟེར་བའི་ལས་གཞི》།

ཡོང་ཁུངས། 2026ལོའི༼ མཚོ་སྔོན་སྲིད་དོན༽འདོན་ཐེངས6པ།།

༄༅། །མཚོ་སྔོན་ཞིང་ཆེན་གྱི་དམངས་ཕན་ཞིང་ཕན་གྱི་ནོར་སྲིད་ཁ་གསབ་སྟེར་བའི་སྲིད་ཇུས་ཀྱི་ལས་གཞི་ལསམཚོ་སྔོན་ཞིང་ཆེན་གྱི་ཕྱུགས་ལས་ཐོན་སྐྱེད་

བརྟན་འཇགས་སུ་གཏོང་བར་ཁ་གསབ་རོགས་དངུལ་སྟེར་བའི་ལས་གཞི

 

ཁ་གསབ་རོགས་དངུལ་སྟེར་བའི་གཞི་འཛིན་ས།

《མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན་དང་ཞིང་ལས་ཞིང་སྡེ་པུའུ་གཞུང་ལས་ཐིན་གྱིས<མཚོ་སྔོན་ཞིང་ཆེན་གྱི་ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ལས་ཐོན་རྫས་ཕྱིར་འདོན་གནས་སྔར་ལས་གཏིང་ཟབ་ཏུ་འཛུགས་སྐྲུན་བྱེད་པའི་ལག་བསྟར་ཇུས་གཞི(2024ལོ་ནས2030ལོའི་བར)>དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར》དང《མཚོ་སྔོན་ཞིང་ཆེན་གྱི་ནོར་ལུག་དང་འོ་མའི་ཐོན་ལས་ཀྱི་འཕེལ་རྒྱས་བརྟན་འཇགས་སུ་གཏོང་ཐབས་བཅུ》སོགས་ཀྱི་དགོངས་དོན་གཞིར་བཟུང་སྟེ། སྒོ་ཕྱུགས་དང་ཁྱིམ་བྱའི་གསོ་སྤེལ་མར་ཆག་པའི་འཕེལ་ཕྱོགས་བཀག་འགོག་བྱེད་པ་དང་། ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ལས་ཐོན་རྫས་ཕྱིར་འདོན་གནས་ཀྱི་འཛུགས་སྐྲུན་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏང་དགོས།

ཁ་གསབ་རོགས་དངུལ་སྟེར་བའི་ལས་གཞི་དེ་ཅི་ཞིག་ཡིན།

ཞིང་ཕྱུགས་ལས་ཐོན་སྐྱེད་བྱེད་པར་བྱ་དགའ་དང་ཁ་གསབ་རོགས་དངུལ་སྟེར་བའི་སྲིད་ཇུས་ལག་བསྟར་བྱས་པ་བརྒྱུད་དེ། གསོ་སྤེལ་དུད་ཚང(ར་བ)གི་ཐོན་སྐྱེད་ཀྱི་བརྩོན་སེམས་སྐུལ་སློང་གང་ལེགས་དང་ཞིང་ཕྱུགས་ལས་ཐོན་སྐྱེད་བྱེད་པའི་སྦས་ཤུགས་སྐུལ་སློང་བྱེད་ཅིང་། ཕྱུགས་ལས་ཐོན་རྫས་ཁྲོམ་ར་རུ་མཁོ་སྤྲོད་བྱེད་ཚད་བརྟན་འཇགས་སུ་བཏང་ཐོག ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ལས་ཐོན་རྫས་ཕྱིར་འདོན་གནས་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས། ཐོན་ལས་ཀྱི་ཕན་འབྲས་ཇེ་ཆེ་དང་མང་ཚོགས་ཀྱི་ཡོང་འབབ་ཇེ་མང་དུ་འགྲོ་བར་སྐུལ་འདེད་དང་། ཕྱུགས་ལས་སྐྱོན་བྲལ་དང་བརྟན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་སྤེལ་གཏོང་རྒྱུ་དེ་ཡིན།

ཁ་གསབ་རོགས་དངུལ་སྟེར་ཡུལ།

ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་སྐམས(འབྲི་གཡག)དང་། ལུག ཕག་བཅས་གསོ་སྤེལ་བྱེད་མཁན་དུད་ཚང་རིགས་སྣ་ཚོགས་དང་གཞི་ཁྱོན་ལྡན་པའི་ར་བ་དང་མཉམ་ལས་ཁང་བཅས་ཡིན།

ཁ་གསབ་རོགས་དངུལ་སྟེར་བའི་དུས་ཚོད་དང་ཚད་གཞི།

2026ལོའི་ཟླ12པའི་ཚེས31ཉིན་གྱི་སྔོན་ལ་སྟེར་དགོས།

སྐམས་རེར་སྒོར400ལས་མི་བརྒལ་བ་དང་།

ལུག་རེར་སྒོར100ལས་མི་བརྒལ་བ།

ཕག་རེར་སྒོར200ལས་མི་བརྒལ་བའི་ཚད་གཞི་ལྟར་སྒོ་ཕྱུགས་གསོ་ཁོངས་སུ་བསྣན་པ་དང་བཤས་ཁོངས་སུ་བཏང་བའི་ཁ་གསབ་རོགས་དངུལ་སྟེར་དགོས།

ཁ་གསབ་རོགས་དངུལ་རེ་ཞུའི་བརྒྱུད་རིམ།

གོམ་རིམ་དང་པོ། དུད་ཚང་གིས་རེ་འདུན་ཞུ་བ།

ཆ་རྐྱེན་དང་མཐུན་པའི་གསོ་སྤེལ་དུད་ཚང(ར་བ)གིས་སྡེ་དམངས་ཨུ་ཡོན་ལྷན་ཁང་ལ་ཡིག་ཐོག་ནས་རེ་འདུན་ཞུ་བར་རིམ་པ་སོ་སོའི་ཞིང་ལས་ཞིང་སྡེ་སྡེ་ཁག་གིས་དྲིལ་བསྒྲགས་དང་ཁྲིད་སྟོན་བྱ་དགོས།

གོམ་རིམ་གཉིས་པ། སྡེ་བས་ཞིབ་བཤེར་གཏན་འབེབས་བྱེད་པ། 

སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་གསོ་སྤེལ་དུད་ཚང་གིས་སྤྲད་པའི་རེ་འདུན་ཞུ་ཡིག་གཞིར་བཟུང་སྟེ་དུད་ཚང་དུ་བསྐྱོད་དེ་བཤེར་བརྟག་བྱེད་པར་མ་ཟད། ཞང་ངམ་གྲོང་རྡལ་གྱི་ཕྱུགས་ནད་སྨན་བཅོས་ས་ཚིགས་ཀྱིས་བཏོན་པའི་ཐོག་མའི་ཞིབ་བཤེར་གཏན་འབེབས་ཀྱི་བསམ་འཆར་དང་ཟུང་འབྲེལ་བྱས་ཏེ། ཡོངས་བསྒྲགས་བྱས་པ (ཡོངས་བསྒྲགས་དུས་ཡུན་ཉིན7ལས་མི་ཉུང་བ)བརྒྱུད་དེ་རེ་འདུན་ཞུ་བའི་ཆ་རྐྱེན་དང་མཐུན་པའི་གསོ་སྤེལ་དུད་ཚང་གི་འབྲེལ་ཡོད་དཔྱད་གཞི་དེ་ཞང་ངམ་གྲོང་རྡལ་མི་དམངས་སྲིད་གཞུང་ལ་སྐྱེལ་འབུལ་བྱ་དགོས།

གོམ་རིམ་གསུམ་པ། ཞང་གིས་བཤེར་བརྟག་བྱེད་པ།

ཞང་ངམ་གྲོང་རྡལ་མི་དམངས་སྲིད་གཞུང་གིས་སྡེ་བ་སོ་སོས་སྤྲད་པའི་ཁ་གསབ་རོགས་དངུལ་སྟེར་ཡུལ་དང་ཁ་གསབ་རོགས་དངུལ་གྱི་གྲངས་འབོར། རིགས་སོགས་ཆ་འཕྲིན་དཔྱད་གཞི་ལ་ཁྱོན་ཡོངས་ནས་ཞིབ་བཤེར་བྱ་དགོས་ལ། ཞིབ་བཤེར་གཏན་འབེབས་བྱས་ཏེ་ནོར་འཆུག་མེད་ན་རྫོང(ཆུས)གི་ཞིང་ལས་ཞིང་སྡེ་སྡེ་ཁག་ལ་སྐྱེལ་འབུལ་བྱ་དགོས།

གོམ་རིམ་བཞི་བ། རྫོང་གིས་འཐེན་བཤེར་བྱེད་པ།

རྫོང་རིམ་པའི་ཞིང་ལས་ཞིང་སྡེ་སྡེ་ཁག་གིས་མི་སྣ་རྩ་འཛུགས་བྱས་ཏེ་ཞང་ངམ་གྲོང་རྡལ་སོ་སོས་སྤྲད་པའི་མིང་ཐོ་དང་འབྲེལ་ཡོད་དཔྱད་གཞིའི་དངོས་མའི་རང་བཞིན་དང་ཆ་ཚང་རང་བཞིན་ལ་ཕྱོགས་ཡོངས་ནས་བསྐྱར་བཤེར་བྱེད་པར་མ་ཟད། སྡུར་ཚད15%ལས་མི་ཉུང་བ་ལྟར་ཡུལ་དངོས་སུ་སྐབས་བསྟུན་འཐེན་བཤེར་བྱས་ཏེ་ལས་གཞི་ལག་བསྟར་གྱི་གོ་ཆོད་དུས་ཡུན་དང་མ་དངུལ་གྱི་བདེ་འཇགས་རང་བཞིན་ཁག་ཐེག་བྱ་དགོས།

གོམ་རིམ་ལྔ་བ།  ཁ་གསབ་རོགས་དངུལ་སྟེར་བ།

རྫོང་རིམ་པའི་ཞིང་ལས་ཞིང་སྡེ་སྡེ་ཁག་གིས་ཞིབ་བཤེར་བྱས་ཏེ་ནོར་འཆུག་མེད་ན། མཐའ་མའི་མིང་ཐོ་ཡོངས་བསྒྲགས(ཡོངས་བསྒྲགས་དུས་ཡུན་ཉིན7ལས་མི་ཉུང་བ)བྱ་དགོས། ཡོངས་བསྒྲགས་བྱས་པར་བསམ་འཆར་མི་མཐུན་པ་མེད་ཚེ། ཁ་གསབ་རོགས་དངུལ་དེ་ནོར་སྲིད་ཀྱིས་གཏན་ལ་ཕབ་པའི་བྱེད་སྟངས་ལྟར་གསོ་སྤེལ་དུད་ཚང(ར་བ)ལ་ཐད་ཀར་སྟེར་དགོས།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།