༄༅། །ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ།
ཨང830བ།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྲོལ་ཡིག》ལ2026ལོའི་ཟླ1པོའི་ཚེས9ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཐེངས77པའི་སྟེང་དག་བཅོས་བྱས་ནས་གྲོས་འཆམ་བྱུང་བས། ད་ལྟ་ཁྱབ་བསྒྲགས་བྱས་པ་ཡིན་ལ། 2026ལོའི་ཟླ3པའི་ཚེས15ཉིན་ནས་བཟུང་སྟེ་ལག་བསྟར་བྱ་དགོས།
ཙུང་ལི། ལི་ཆང་།
2026ལོའི་ཟླ2པའི་ཚེས3ཉིན།
༄༅། །ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྲོལ་ཡིག
(1994ལོའི་ཟླ10བའི་ཚེས9ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་ཨང167པར་ཁྱབ་བསྒྲགས་བྱས་པ་དང་། 2011ལོའི་ཟླ1པོའི་ཚེས8ཉིནォརྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་འཛིན་ཁྲིམས་སྲོལ་ཁག་ཅིག་རྩིས་མེད་དུ་གཏོང་བ་དང་བཟོ་བཅོས་རྒྱག་པའི་སྐོར་གྱི་ཆོད་དོནサགཞིར་བཟུང་སྟེ་དག་བཅོས་ཐེངས་དང་པོ་བྱས་པ་དང་། 2017ལོའི་ཟླ10བའི་ཚེས7ཉིནォརྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་འཛིན་ཁྲིམས་སྲོལ་ཁག་ཅིག་ལ་བཟོ་བཅོས་རྒྱག་པའི་སྐོར་གྱི་ཆོད་དོནサགཞིར་བཟུང་སྟེ་དག་བཅོས་ཐེངས་གཉིས་པ་བྱས། 2026ལོའི་ཟླ2པའི་ཚེས3ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་ཨང830པར་དག་བཅོས་ཐེངས་གསུམ་པ་བྱས)
ལེའུ་དང་པོ། སྤྱིའི་དོན་ཚན།
དོན་ཚན་དང་པོ། རང་བྱུང་སྲུང་སྐྱོབ་ཁུལ་གྱི་འཛུགས་སྐྲུན་ལ་སྤུས་ཚད་མཐོན་པོའི་སྒོ་ནས་སྐུལ་འདེད་གཏོང་བ་དང། རང་བྱུང་སྲུང་སྐྱོབ་ཁུལ་ལ་སྲུང་སྐྱོབ་དང་དོ་དམ་བྱེད་པར་ཤུགས་སྣོན་རྒྱག་པ། སྐྱེ་ཁམས་དཔལ་ཡོན་དང་མཛེས་པའི་ཀྲུང་གོའི་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ། སྲོལ་ཡིག་འདི་བཟོས་པ་ཡིན།
དོན་ཚན་གཉིས་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་དང་བདག་ཁོངས་ཀྱི་མཚོ་ཁོངས་གཞན་དག་ཏུ་རང་བྱུང་སྲུང་སྐྱོབ་ཁུལ་འཛུགས་པ་དང་རང་བྱུང་སྲུང་སྐྱོབ་ཁུལ་ལ་སྲུབ་སྐྱོབ་དང་དོ་དམ་བྱེད་པའི་འབྲེལ་ཡོད་བྱེད་སྒོ་སྤེལ་བར། སྲོལ་ཡིག་འདི་སྤྱོད་འཐུས་པ་ཡིན།
སྲོལ་ཡིག་འདིར་བརྗོད་པའི་རང་བྱུང་སྲུང་སྐྱོབ་ཁུལ་ནི། རྒྱལ་སྲིད་སྤྱི་ཁྱབ་ཁང་ངམ་ཡང་ན་ཞིང་ཆེན་དང་རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར་གྱི་མི་དམངས་སྲིད་གཞུང་གིས་ཆོག་མཆན་བཀོད་ནས་བཙུགས་ཤིང་། དཔེ་མཚོན་གྱི་རང་བྱུང་སྐྱེ་ཁམས་མ་ལག་དང་རྩ་ཆེན་སྟོངས་ཉེན་གྱི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་དངོས་རིགས་རང་བྱུང་དུ་གཅིག་འདུས་ཀྱིས་ཁྱབ་ཁུལ། དོན་རྙིང་དམིགས་བསལ་ལྡན་པའི་རང་བྱུང་རྗེས་ཤུལ་སོགས་ལ་སྲུང་སྐྱོབ་བྱེད་པ་དེ་དམིགས་ཡུལ་གཙོ་བོ་བྱས་ཏེ། རང་བྱུང་ཐོན་ཁུངས་ལ་ཚན་རིག་དང་མཐུན་པར་སྲུང་སྐྱོབ་དང་ལུགས་མཐུན་གྱིས་བེད་སྤྱོད་བྱེད་པ་མངོན་འགྱུར་བྱུང་བའི་དམིགས་བཙུགས་ཀྱི་སྐམ་ས་དང་རྒྱ་མཚོའི་ས་ཁོངས་ལ་བསྟན་པ་ཡིན།
དོན་ཚན་གསུམ་པ། རང་བྱུང་སྲུང་སྐྱོབ་ཁུལ་འཛུགས་པར་ཏང་དང་རྒྱལ་ཁབ་ཀྱི་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་དང་ཇུས་ཆོད་བཀོད་སྒྲིག་ལག་བསྟར་མཐར་ཕྱིན་དང་། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ལག་ལེན་དུ་བསྟར་དགོས་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་དང་། སྐྱེ་ཁམས་སྲུང་སྐྱོབ་ཨང་དང་པོར་བཞག་སྟེ་སྲུང་སྐྱོབ་དང་འཕེལ་རྒྱས་ལ་གཅིག་འདོམས་བྱེད་པ་རྒྱུན་འཁྱོངས། ཡུལ་བབ་དང་བསྟུན་པ་དང་ཁྱད་ཆོས་འབུར་དུ་དོད་པ་རྒྱུན་འཁྱོངས་བཅས་བྱ་དགོས་པ་དང། སྲིད་གཞུང་གིས་གཙོ་ཁྲིད་དང་ཕྱོགས་མང་པོ་ཐེ་ཞུགས། སྤྱི་ཚོགས་ཀྱིས་མཉམ་སྤྱོད་བཅས་བྱེད་པའི་རྐྱེན་སྲོལ་འཛུགས་སྐྱོང་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་ལྗང་མདོག་འཕེལ་རྒྱས། དམངས་འཚོ་ལེགས་བཅོས་བཅས་གཅིག་གྱུར་ཡོང་བ་མངོན་འགྱུར་བྱ་དགོས།
དོན་ཚན་བཞི་བ། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་རང་བྱུང་སྲུང་སྐྱོབ་ཁུལ་ཡོད་སའི་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་རང་བྱུང་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་ལ་གཅིག་འདོམས་དང་མཐུན་སྦྱོར་བྱེད་པར་ཤུགས་སྣོན་པ་དང་། རང་བྱུང་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ཐབས་བཀོད་འཐུས་ཚང་དུ་བཏང་སྟེ། རང་བྱུང་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་གྱི་འབྲེལ་ཡོད་འཆར་འགོད་ནང་གཞུག་དགོས།
དོན་ཚན་ལྔ་བ། རྒྱལ་ཁབ་ཀྱིས་རྒྱུ་མང་ཅན་གྱི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་དངུལ་འགན་སྲུང་ལམ་ལུགས་གཟུག་དགོས། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ནོར་སྲིད་དོན་དབང་དང་འགྲོ་སོང་འགན་ཁུར་དབྱེ་བགོད་ཀྱི་རྩ་དོན་གཞིར་བཟུང་སྟེ་རང་བྱུང་སྲུང་སྐྱོབ་ཁུལ་གྱི་དོ་དམ་བྱ་བར་མཁོ་བའི་གྲོན་དངུལ་དེ་རིམ་པ་དེ་གའི་སྔོན་རྩིས་ནང་གཞག་དགོས།
ཐེབས་རྩ་འཛུགས་པ་དང་ཞལ་འདེབས་འབུལ་བ། རོགས་དངུལ་སྟེར་བ་སོགས་བྱེད་སྟངས་བརྒྱུད་དེ། རང་བྱུང་སྲུང་སྐྱོབ་ཁུལ་གྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པར་རྒྱལ་ཁབ་ཀྱིས་བསྟོད་སྐུལ་བྱ་དགོས།
དོན་ཚན་དྲུག་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ནགས་ལས་རྩྭ་ཐང་གཙོ་སྐྱོང་སྡེ་ཁག་གིས་རྒྱལ་ཡོངས་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ་ལ་ལྟ་སྐུལ་དོ་དམ་གྱི་བྱ་བའི་འགན་འཁུར་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རང་བྱུང་ཐོན་ཁུངས་དང་། སྐྱེ་ཁམས་ཁོར་ཡུག ཆུའི་སྲིད་འཛིན། ཞིང་ལས་ཞིང་སྡེ། འགྲིམ་འགྲུལ་སྐྱེལ་འདྲེན་སོགས་འབྲེལ་ཡོད་སྡེ་ཁག་གིས་རང་རང་གི་ལས་ཁུར་ཁྱབ་ཁོངས་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ་དང་འབྲེལ་ཡོད་ཀྱི་ལྟ་སྐུལ་དོ་དམ་གྱི་བྱ་བའི་འགན་འཁུར་དགོས།
རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ནགས་ལས་རྩྭ་ཐང་གཙོ་སྐྱོང་སྡེ་ཁག་གིས་རང་སྲིད་འཛིན་ས་ཁོངས་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ་ལ་ལྟ་སྐུལ་དོ་དམ་གྱི་བྱ་བའི་འགན་འཁུར་དགོས། རྫོང་རིམ་པའི་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གཞན་དག་གིས་རང་རང་གི་ལས་ཁུར་ཁྱབ་ཁོངས་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ་དང་འབྲེལ་ཡོད་ཀྱི་ལྟ་སྐུལ་དོ་དམ་གྱི་བྱ་བའི་འགན་འཁུར་དགོས།
གཏན་འབེབས་ལྟར་བཙུགས་པའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ལས་ཁུངས་ཀྱིས་སྲོལ་ཡིག་འདི་དང་གཏན་ལ་ཕབ་པའི་ལས་ཁུར་གཞིར་བཟུང་སྟེ། རང་བྱུང་སྲུང་སྐྱོབ་ཁུལ་དེར་སྲུང་སྐྱོབ་དང་དོ་དམ་བྱེད་པའི་བྱ་བ་སོ་སོའི་འགན་འཁུར་དགོས།
དོན་ཚན་བདུན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ནགས་ལས་རྩྭ་ཐང་གཙོ་སྐྱོང་སྡེ་ཁག་དང་འབྲེལ་ཡོད་སྡེ་ཁག་གིས་ལས་ཁུར་ལྟར་རང་བྱུང་སྲུང་སྐྱོབ་ཁུལ་གྱི་འབྲེལ་ཡོད་ལག་རྩལ་ཚད་ལྡན་དང་ཚད་གཞིའི་མ་ལག་འཐུས་ཚང་དུ་གཟུག་དགོས་པ་དང་། ཁྲིམས་ལྟར་རྩ་འཛུགས་བྱས་ནས་རང་བྱུང་སྲུང་སྐྱོབ་ཁུལ་གྱི་འབྲེལ་ཡོད་ལག་རྩལ་ཚད་ལྡན་དང་ཚད་གཞི་བཟོ་བ་མ་ཟད་དུས་དང་མཐུན་པར་དག་བཅོས་ཀྱང་བྱ་དགོས།
དོན་ཚན་བརྒྱད་པ། རྒྱལ་ཁབ་ཀྱིས་རང་བྱུང་སྲུང་སྐྱོབ་ཁུལ་གྱི་འབྲེལ་ཡོད་ཚན་རིག་ལག་རྩལ་ལ་ཞིབ་འཇུག་གསར་སྤེལ་དང་ཉེར་སྤྱོད་ཁྱབ་སྤེལ་བྱེད་པར་བསྟོད་སྐུལ་དང་རྒྱབ་སྐྱོར་བྱེད་པ་དང་། རང་བྱུང་སྲུང་སྐྱོབ་ཁུལ་གྱི་འབྲེལ་ཡོད་ཆེད་ལས་འཇོན་མི་སྐྱེད་སྲིང་བྱེད་པར་ཤུགས་བསྣན་ཏེ། ཚན་རྩལ་གསར་གཏོད་ཀྱིས་རང་བྱུང་སྲུང་སྐྱོབ་ཁུལ་གྱི་འཛུགས་སྐྲུན་ལ་འདེགས་སྐྱོར་བྱེད་ནུས་འདོན་ཤུགས་ཇེ་དྲག་ཏུ་གཏང་དགོས།
དོན་ཚན་དགུ་བ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ནགས་ལས་རྩྭ་ཐང་གཙོ་སྐྱོང་སྡེ་ཁག་དང་འབྲེལ་ཡོད་སྡེ་ཁག་དང་། རང་བྱུང་སྲུང་སྐྱོབ་ཁུལ་གནས་སའི་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཁག་དང་། རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ལས་ཁུངས་བཅས་ཀྱིས་རང་བྱུང་སྲུང་སྐྱོབ་ཁུལ་སྲུང་སྐྱོབ་དྲིལ་སྒྲོག་གི་སློབ་གསོའི་བྱེད་སྒོ་རྣམ་པ་སྣ་ཚོགས་རྩ་འཛུགས་བྱས་ནས་སྤེལ་དགོས།
གསར་འགྱུར་སྨྱན་བྱད་ཀྱིས་རང་བྱུང་སྲུང་སྐྱོབ་ཁུལ་སྲུང་སྐྱོབ་ཀྱི་སྤྱི་ཕན་དྲིལ་སྒྲོག་སྤེལ་བ་དང་། ཁྲིམས་ལྟར་གླེང་ཕྱོགས་ཀྱིས་ལྟ་སྐུལ་བྱ་དགོས།
དོན་ཚན་བཅུ་བ། རྒྱལ་ཁབ་ཀྱིས་བྱེད་སྟངས་མི་འདྲ་བ་སྣ་ཚོགས་བརྒྱུད་དེ། རང་བྱུང་སྲུང་སྐྱོབ་ཁུལ་གྱི་ཁྱབ་ཁོངས་སུ་རྒྱལ་སྤྱིའི་སྤེལ་རེས་དང་མཉམ་ལས་བྱེད་པར་རྒྱབ་སྐྱོར་དང་ཡར་སྐུལ་བྱ་དགོས།
ལེའུ་གཉིས་པ། རང་བྱུང་སྲུང་སྐྱོབ་ཁུལ་འཛུགས་པའི་སྐོར།
དོན་ཚན་བཅུ་གཅིག་པ། རང་བྱུང་སྲུང་སྐྱོབ་ཁུལ་འཛུགས་པར་གཤམ་གསལ་གྱི་ཆ་རྐྱེན་ལས་སྣ་གཅིག་འཛོམ་དགོས་ཏེ།
(གཅིག)དཔེ་མཚོན་གྱི་རང་བྱུང་ས་ཁམས་ས་ཁོངས་དང་རང་བྱུང་སྐྱེ་ཁམས་མ་ལག་གི་ས་ཁོངས། དེ་མིན་གཏོར་བརླག་ཐེབས་མྱོང་མོད། སྲུང་སྐྱོབ་དང་ཉམས་གསོ་བྱས་ཚེ་སླར་གསོ་ཐུབ་པའི་རང་བྱུང་སྐྱེ་ཁམས་མ་ལག་རིགས་གཅིག་པའི་ས་ཁོངས།
(གཉིས)རྩ་ཆེན་སྟོངས་ཉེན་གྱི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་དངོས་རིགས་རང་བྱུང་དུ་གཅིག་འདུས་ཀྱིས་ཁྱབ་པའི་ས་ཁུལ།
(གསུམ)དམིགས་བསལ་གྱི་སྲུང་སྐྱོབ་རིན་ཐང་ལྡན་པའི་མཚོ་ཁོངས་དང་མཚོ་ངོགས། གླིང་ཕྲན། རླན་ས། སྐམ་སའི་ཆུ་ཁོངས། ནགས་ཚལ། རྩྭ་ཐང་། མྱ་ངམ་ཐང་།
(བཞི)ཚན་རིག་དང་རིག་གནས་ཀྱི་རིན་ཐང་གལ་ཆེན་ལྡན་པའི་ས་གཤིས་བཅད་ངོས་དང་། ས་གཤིས་ཆགས་གྲུབ། གནའ་བོའི་སྐྱེ་དངོས་ཀྱི་འགྱུར་རྡོ་གཅིག་འདུས་ཀྱིས་ཁྱབ་པའི་ས་ཁུལ། ས་དབྱིབས་ལྗོངས་གཟིགས། ས་གཤིས་གནོད་འཚེ་འགྱུར་ལྡོག་གི་རྗེས་ཤུལ་སོགས་རང་བྱུང་རྗེས་ཤུལ།
(ལྔ)དམིགས་བསལ་གྱིས་སྲུང་སྐྱོབ་བྱ་དགོས་པའི་རང་བྱུང་ས་ཁོངས་གཞན་དག
རང་བྱུང་སྲུང་སྐྱོབ་ཁུལ་འཛུགས་ན། འབྲེལ་ཡོད་ཀྱི་ཕྱོགས་སོ་སོའི་བསམ་འཆར་ལ་གང་ལེགས་ཀྱིས་མཉན་དགོས་ལ། དེ་དང་ས་གནས་དེ་གའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སམ་སྡོད་དམངས་ཀྱི་ཐོན་སྐྱེད་འཚོ་བའི་བར་གྱི་འབྲེལ་བ་ཐག་གཅོད་འོས་མཐུན་བྱ་དགོས།
དོན་ཚན་བཅུ་གཉིས་པ། རང་བྱུང་སྲུང་སྐྱོབ་ཁུལ་ནི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དང་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གཉིས་སུ་དབྱེ་ཡོད།
རྒྱལ་ཁབ་ཕྱི་ནང་དུ་དཔེ་མཚོན་གྱི་དོན་སྙིང་ལྡན་ལ་ཚན་རིག་གི་ཐོག་ནས་རྒྱལ་སྤྱིའི་ཤུགས་རྐྱེན་ཆེན་པོ་ཡོད་པའམ་ཡང་ན་དམིགས་བསལ་གྱི་ཚན་རིག་ཞིབ་འཇུག་གི་རིན་ཐང་ལྡན་པའི་རང་བྱུང་སྲུང་སྐྱོབ་ཁུལ་དང་། རྒྱལ་ཁབ་ཀྱི་རྒྱ་མཚོའི་ཁེ་དབང་དང་འབྲེལ་བའི་རང་བྱུང་སྲུང་སྐྱོབ་ཁུལ་ནི། རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་གྲས་སུ་གཞག་དགོས་ལ། རང་བྱུང་སྲུང་སྐྱོབ་ཁུལ་གཞན་དག་ནི་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་གྲས་སུ་གཞག་དགོས།
དོན་ཚན་བཅུ་གསུམ་པ། རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་འཛུགས་རྩིས་ཡོད་ན། འཛུགས་རྩིས་ཡོད་པའི་རང་བྱུང་སྲུང་སྐྱོབ་ཁུལ་གནས་སའི་ཞིང་ཆེན་ནམ་རང་སྐྱོང་ལྗོངས་སམ་ཐད་སྐྱོང་གྲོང་ཁྱེར་གྱི་མི་དམངས་སྲིད་གཞུང་ངམ་ཡང་ན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གིས་རེ་ཞུ་གདོན་དགོས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ནགས་ལས་རྩྭ་ཐང་གཙོ་སྐྱོང་སྡེ་ཁག་གིས་འབྲེལ་ཡོད་སྡེ་ཁག་དང་ལྷན་དུ་རྩ་འཛུགས་བྱས་ནས་དཔྱད་ཞིབ་བྱས་རྗེས། ཞིབ་མཆན་འགོད་པའི་གྲོས་གཞི་བཏོན་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཆོག་མཆན་ཞུ་དགོས།
ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་འཛུགས་རྩིས་ཡོད་ན། འཛུགས་རྩིས་ཡོད་པའི་རང་བྱུང་སྲུང་སྐྱོབ་ཁུལ་གནས་སའི་ཆུས་བཙུགས་པའི་གྲོང་ཁྱེར་དང་རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་རེ་ཞུ་གདོན་དགོས་པ་དང་། ཞིང་ཆེན་ནམ་རང་སྐྱོང་ལྗོངས་སམ་ཐད་སྐྱོང་གྲོང་ཁྱེར་གྱི་མི་དམངས་སྲིད་གཞུང་གི་ནགས་ལས་རྩྭ་ཐང་གཙོ་སྐྱོང་སྡེ་ཁག་གིས་འབྲེལ་ཡོད་སྡེ་ཁག་དང་ལྷན་དུ་རྩ་འཛུགས་བྱས་ནས་དཔྱད་ཞིབ་བྱས་རྗེས། ཞིབ་མཆན་འགོད་པའི་གྲོས་གཞི་བཏོན་ཏེ། ཞིང་ཆེན་ནམ་རང་སྐྱོང་ལྗོངས་སམ་ཐད་སྐྱོང་གྲོང་ཁྱེར་གྱི་མི་དམངས་སྲིད་གཞུང་ལ་ཆོག་མཆན་ཞུ་དགོས་པ་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ནགས་ལས་རྩྭ་ཐང་གཙོ་སྐྱོང་སྡེ་ཁག་དང་འབྲེལ་ཡོད་སྡེ་ཁག་ལ་བཤུ་སྐྱེལ་ཡང་བྱ་དགོས།
འཛུགས་རྩིས་ཡོད་པའི་རང་བྱུང་སྲུང་སྐྱོབ་ཁུལ་དེ་སྲིད་འཛིན་ས་ཁོངས་གཉིས་ཡན་བརྒལ་ཡོད་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གིས་རེ་ཞུ་འདོན་པ་ཕུད། འབྲེལ་ཡོད་སྲིད་འཛིན་ས་ཁོངས་ཀྱི་མི་དམངས་སྲིད་གཞུང་གིས་ཀྱང་གྲོས་མོལ་གཅིག་མཐུན་བྱུང་རྗེས་རེ་ཞུ་གདོན་དགོས་ལ། དོན་ཚན་འདིའི་ནང་གསེས་དོན་ཚན་དང་པོ་དང་གཉིས་པར་གཏན་ལ་ཕབ་པའི་བྱ་རིམ་ལྟར་ཞིབ་མཆན་དགོད་དགོས།
དོན་ཚན་བཅུ་བཞི་བ། རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ཡིན་ན། དེ་གནས་སའི་ས་མིང་ལ“རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ”ཞེས་པ་སྦྱར་ནས་མིང་དུ་གདགས་དགོས་པ་དང་། ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ཡིན་ན། དེ་གནས་སའི་ས་མིང་ལ“ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ”ཞེས་པ་སྦྱར་ནས་མིང་དུ་གདགས་དགོས། དམིགས་བསལ་གྱི་སྲུང་སྐྱོབ་བྱ་ཡུལ་ཡོད་པའི་རང་བྱུང་སྲུང་སྐྱོབ་ཁུལ་ཡིན་ན། དེ་གནས་སའི་ས་མིང་གི་རྗེས་སུ་དམིགས་བསལ་གྱི་སྲུང་སྐྱོབ་བྱ་ཡུལ་དེའི་མིང་སྣོན་ཆོག
དོན་ཚན་བཅོ་ལྔ་བ། རང་བྱུང་སྲུང་སྐྱོབ་ཁུལ་གྱི་ས་ཁོངས་ཁྱབ་ཁོངས་དབྱེ་མཚམས་གཅོད་པར། རང་བྱུང་སྐྱེ་ཁམས་མ་ལག་སོགས་སྲུང་སྐྱོབ་བྱ་ཡུལ་ཁྱབ་པའི་ས་ཁོངས་ཀྱི་ཆ་ཚང་རང་བཞིན་དང་དོ་དམ་བྱེད་རུང་རང་བཞིན། མཐའ་འཁོར་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་བཅས་ལ་གཅིག་འདོམས་ཀྱིས་བསམ་བློ་གཏང་དགོས་པ་དང་། དངོས་ཐོག་བདེན་འཚོལ་དང་ཚན་རིག་ལུགས་མཐུན་ཡིན་པ་རྒྱུན་འཁྱོངས་བྱས་ཏེ། བརྟག་དཔྱད་གང་ལེགས་དང་ཚན་རིག་དང་མཐུན་པར་རིགས་པས་ཁུངས་སྐྱེལ་བྱ་དགོས།
རང་བྱུང་སྲུང་སྐྱོབ་ཁུལ་གྱི་ས་ཁོངས་ཁྱབ་ཁོངས་སུ་རང་བྱུང་སྤྱི་གླིང་རིགས་ཀྱི་རང་བྱུང་སྲུང་སྐྱོབ་ས་ཆ་སོར་འཇོག་མི་བྱེད། རང་བྱུང་སྲུང་སྐྱོབ་ཁུལ་ཧྲིལ་པོ་རྒྱལ་ཁབ་སྤྱི་གླིང་གི་ས་ཁོངས་ཁྱབ་ཁོངས་སུ་དབྱེ་ཡོད་ན། སྔོན་ཆད་ཀྱི་ཁུལ་དེ་སོར་འཇོག་མི་བྱེད། ཆ་ཤས་ཙམ་དབྱེ་ཡོད་ན། མ་དབྱེ་བའི་ཆ་ཤས་དེར་ཚན་རིག་དང་མཐུན་པར་དཔྱད་དཔོག་བྱས་ཏེ་གཏན་ལ་ཕབ་པའི་གོ་རིམ་ལྟར་ཆོག་མཆན་བཀོད་རྗེས། ཟླ་སྒྲིལ་ལམ་ཡང་ན་ཕྱིར་འཐེན་བྱ་དགོས།
དོན་ཚན་བཅུ་དྲུག་པ། རང་བྱུང་སྲུང་སྐྱོབ་ཁུལ་ནི་ལྟེ་བའི་སྲུང་སྐྱོབ་ཁུལ་དང་སྤྱིར་བཏང་གི་ཚོད་འཛིན་ཁུལ་གཉིས་སུ་དབྱེ་སྟེ། ཁུལ་དབྱེ་ནས་དམ་སྡོམ་བྱ་དགོས།
རང་བྱུང་སྲུང་སྐྱོབ་ཁུལ་གྱི་གཤམ་གསལ་གྱི་ས་ཁོངས་དག་ལྟེ་བའི་སྲུང་སྐྱོབ་ཁུལ་དུ་དབྱེ་དགོས་ཏེ།
(གཅིག)རང་བྱུང་སྐྱེ་ཁམས་མ་ལག་ཆ་ཚང་ཉར་འཇོག་བྱས་ཡོད་པའམ་ཡང་ན་སྐྱེ་ཁམས་ཉམ་ཐག་པས། སོར་ཆུད་སྐྱེ་འཕེལ་བྱ་དགོས་པའི་ས་ཁོངས།
(གཉིས)རྩ་ཆེན་སྟོངས་ཉེན་གྱི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་དངོས་རིགས་ཁྱབ་པའི་གནད་འགག་ས་ཁོངས་དང་སྐྱེ་ཁམས་ཁྱམས་ལམ་གྱི་ཚིགས་གནས་གལ་ཆེན།
(གསུམ)རང་བྱུང་རྗེས་ཤུལ་གལ་ཆེན་གཅིག་འདུས་ཀྱིས་ཁྱབ་པའི་ས་ཁོངས།
(བཞི)གཙོ་གནད་དུ་བཟུང་ནས་སྲུང་སྐྱོབ་བྱ་དགོས་པའི་ས་ཁོངས་གཞན་དག
ལྟེ་བའི་སྲུང་སྐྱོབ་ཁུལ་དུ་མི་གཏོགས་པའི་ས་ཁོངས་སྤྱིར་བཏང་གི་ཚོད་འཛིན་ཁུལ་དུ་དབྱེ་དགོས།
དོན་ཚན་བཅུ་བདུན་པ། རང་བྱུང་སྲུང་སྐྱོབ་ཁུལ་བཙུགས་རྗེས། རང་བྱུང་སྲུང་སྐྱོབ་ཁུལ་གནས་སའི་ཞིང་ཆེན་ནམ་རང་སྐྱོང་ལྗོངས་སམ་ཐད་སྐྱོང་གྲོང་ཁྱེར་གྱི་མི་དམངས་སྲིད་གཞུང་གིས་འབྲེལ་ཡོད་གཏན་འབེབས་ལྟར་དུས་ཐོག་ཏུ་རྩ་འཛུགས་བྱས་ནས་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ས་མཚམས་དབྱེ་གཅོད་ལེགས་འགྲུབ་བྱ་དགོས། རྒྱལ་ཁབ་ཀྱི་རྒྱ་མཚོའི་ཁེ་དབང་དང་འབྲེལ་བའི་རང་བྱུང་སྲུང་སྐྱོབ་ཁུལ་ཡིན་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གིས་རྩ་འཛུགས་བྱས་ནས་ས་མཚམས་དབྱེ་གཅོད་ལེགས་འགྲུབ་བྱ་དགོས། རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ལས་ཁུངས་ཀྱིས་སྲུང་སྐྱོབ་དང་དོ་དམ་བྱེད་པའི་དགོས་མཁོ་གཞིར་བཟུང་སྟེ་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ས་མཚམས་རྡོ་རིང་དང་ཕུར་ཐོ། གློག་རྡུལ་རྟགས་མཚན་ནམ་ཡང་ན་གློག་རྡུལ་ལྕགས་ར་སོགས་ས་མཚམས་དབྱེ་རྟགས་དུས་ཐོག་ཏུ་གཟུག་དགོས།
རང་བྱུང་སྲུང་སྐྱོབ་ཁུལ་གྱི་ས་མཚམས་དབྱེ་རྟགས་ལ་གཏོར་བརླག་དང་སུབ་བཅོས་དང་སྒྲིབ་གཡོག་བཅས་སམ་ཡང་ན་རང་དགར་བཤིག་འདོར་དང་སྤོ་སྣུར་བྱེད་མི་ཆོག
དོན་ཚན་བཅོ་བརྒྱད་པ། རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དང་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མིང་དང་ས་ཁོངས་ཁྱབ་ཁོངས་དང་དམ་སྡོམ་དབྱེ་ཁུལ་བཅས་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་གནས་སའི་ཞིང་ཆེན་ནམ་རང་སྐྱོང་ལྗོངས་སམ་ཐད་སྐྱོང་གྲོང་ཁྱེར་གྱི་མི་དམངས་སྲིད་གཞུང་གིས་ཐ་དད་དུ་འཛུགས་པར་ཆོག་མཆན་འགོད་པའི་སྐབས་སུ་དཀྱུས་གཅིག་ཏུ་མཆན་ལན་གནང་དགོས་པ་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ནགས་ལས་རྩྭ་ཐང་གཙོ་སྐྱོང་སྡེ་ཁག་དང་གནས་སའི་ཞིང་ཆེན་ནམ་རང་སྐྱོང་ལྗོངས་སམ་ཐད་སྐྱོང་གྲོང་ཁྱེར་གྱི་མི་དམངས་སྲིད་གཞུང་གི་ནགས་ལས་རྩྭ་ཐང་གཙོ་སྐྱོང་སྡེ་ཁག་གིས་ཐ་དད་དུ་ཁྲིམས་ལྟར་ཁྱབ་བསྒྲགས་བྱ་དགོས།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ནགས་ལས་རྩྭ་ཐང་གཙོ་སྐྱོང་སྡེ་ཁག་དང་གནས་སའི་ཞིང་ཆེན་ནམ་རང་སྐྱོང་ལྗོངས་སམ་ཐད་སྐྱོང་གྲོང་ཁྱེར་གྱི་མི་དམངས་སྲིད་གཞུང་གི་ནགས་ལས་རྩྭ་ཐང་གཙོ་སྐྱོང་སྡེ་ཁག་གིས་འབྲེལ་ཡོད་སྡེ་ཁག་ལ་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ས་ཁོངས་ཁྱབ་ཁོངས་དང་དམ་སྡོམ་དབྱེ་ཁུལ་གྱི་གནས་ཚད་སོགས་ཆ་འཕྲིན་མཉམ་སྤྱོད་བྱ་དགོས།
དོན་ཚན་བཅུ་དགུ་བ། རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྲུང་སྐྱོབ་བྱ་ཡུལ་གཙོ་བོའི་འཚོ་གནས་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་བྱུང་བས། རང་བྱུང་སྲུང་སྐྱོབ་ཁུལ་གྱི་ས་ཁོངས་ཁྱབ་ཁོངས་ལ་དངོས་གནས་ལེགས་སྒྲིག་བྱ་དགོས་ན། རང་བྱུང་སྲུང་སྐྱོབ་ཁུལ་འཛུགས་པའི་བྱ་རིམ་ལྟར། རང་བྱུང་སྲུང་སྐྱོབ་ས་ཁུལ་དེ་ཉིད་དང་ཐོག་འཛུགས་པར་ཆོག་མཆན་འགོད་མཁན་གྱི་མི་དམངས་སྲིད་གཞུང་གིས་ཆོག་མཆན་དགོད་དགོས། རང་བྱུང་སྲུང་སྐྱོབ་ཁུལ་གྱི་མིང་བརྗེ་དགོས་ན། གོང་དུ་བརྗོད་པའི་བྱ་རིམ་ལྟར་བསྒྲུབ་དགོས།
རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དང་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་དམ་སྡོམ་དབྱེ་ཁུལ་ལེགས་སྒྲིག་བྱ་དགོས་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ནགས་ལས་རྩྭ་ཐང་གཙོ་སྐྱོང་སྡེ་ཁག་དང་གནས་སའི་ཞིང་ཆེན་ནམ་རང་སྐྱོང་ལྗོངས་སམ་ཐད་སྐྱོང་གྲོང་ཁྱེར་གྱི་མི་དམངས་སྲིད་གཞུང་གི་ནགས་ལས་རྩྭ་ཐང་གཙོ་སྐྱོང་སྡེ་ཁག་གིས་ཐ་དད་དུ་རིམ་པ་མཚུངས་པའི་འབྲེལ་ཡོད་སྡེ་ཁག་དང་ལྷན་དུ་རྩ་འཛུགས་བྱས་ནས་དཔྱད་ཞིབ་བྱས་རྗེས་ཆོག་མཆན་དགོད་དགོས།
རང་བྱུང་སྲུང་སྐྱོབ་ཁུལ་བཙུགས་རྗེས། རྩ་དོན་ཐོག་དེ་ཕྱིར་འཐེན་བྱེད་མི་ཆོག་མོད། དམིགས་བསལ་གྱི་གནས་ཚུལ་གྱི་དབང་གིས་སྲུང་སྐྱོབ་རིན་ཐང་མེད་པར་གྱུར་ན། རང་བྱུང་སྲུང་སྐྱོབ་ས་ཁུལ་དེ་ཉིད་དང་ཐོག་འཛུགས་པར་ཆོག་མཆན་འགོད་མཁན་གྱི་མི་དམངས་སྲིད་གཞུང་གིས་ཆོག་མཆན་བཀོད་རྗེས། ཕྱིར་འཐེན་བྱེད་ཆོག་པ་ཡིན།
ལེའུ་གསུམ་པ། རང་བྱུང་སྲུང་སྐྱོབ་ཁུལ་ལ་སྲུང་སྐྱོབ་དང་དོ་དམ་བྱེད་པའི་སྐོར།
དོན་ཚན་ཉི་ཤུ་བ། རྒྱལ་ཁབ་ཀྱིས་རི་ཆུ་ནགས་ཞིང་མཚོ་རྩྭ་བྱེ་བཅས་ལ་གཞི་གཅིག་ཏུ་སྲུང་སྐྱོབ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རང་བྱུང་སྐྱེ་ཁམས་མ་ལག་གི་ཁྱད་གཤིས་དང་ནང་གནས་ཀྱི་ཆོས་ཉིད་ལྟར། རང་བྱུང་སྲུང་སྐྱོབ་ཁུལ་ལ་སྤྱི་ཡོངས་ནས་སྲུང་སྐྱོབ་དང་མ་ལག་ལྡན་པར་ཉམས་གསོ། ཕྱོགས་བསྡུས་སྒོས་བཅོས་སྐྱོང་བཅས་བྱ་དགོས།
དོན་ཚན་ཉེར་གཅིག་པ། རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ལས་ཁུངས་ཀྱིས་ཕྱོགས་བསྡུས་སྒོས་ཚན་རིག་རྟོག་ཞིབ་དང་ཆེད་དོན་བརྟག་དཔྱད་བྱས་པའི་རྨང་གཞིའི་ཐོག་ཏུ། དགོས་མཁོ་ལྟར་དོ་དམ་བགྱི་བྱའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་འབྲེལ་ཡོད་འཆར་འགོད(གཤམ་དུ་རང་བྱུང་སྲུང་སྐྱོབ་ཁུལ་གྱི་འཆར་འགོད་ཟེར་རྒྱུ)རྩ་འཛུགས་བྱས་ནས་སྒྲིག་བཟོ་བྱས་ཏེ། སྲུང་སྐྱོབ་དང་དོ་དམ་གྱི་དམིགས་འབེན་ལས་འགན་དང་སྲུང་སྐྱོབ་བྱ་ཡུལ། དོ་དམ་བླང་བྱ། སྲུང་སྐྱོབ་ཐབས་བཀོད་སོགས་ཀྱི་དོན་ཚན་ངེས་གསལ་བྱ་དགོས་པ་མ་ཟད། སྔར་ཡོད་སྡོད་དམངས་ཀྱི་ཐོན་སྐྱེད་དང་འཚོ་བའི་བྱེད་སྒོ་སོགས་བཀོད་སྒྲིག་ཀྱང་བྱ་དགོས། རང་བྱུང་སྲུང་སྐྱོབ་ཁུལ་གྱི་འཆར་འགོད་སྒྲིག་བཟོ་བྱེད་ན། འབྲེལ་ཡོད་ཀྱི་ཕྱོགས་སོ་སོའི་བསམ་འཆར་རྒྱ་ཁྱབ་ཏུ་བསྡུ་ལེན་དང་རིགས་པས་ཁུངས་སྐྱེལ་གཏིང་ཟབ་བྱ་དགོས།
རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་འཆར་འགོད་ལ་དེ་གནས་སའི་ཞིང་ཆེན་ནམ་རང་སྐྱོང་ལྗོངས་སམ་ཐད་སྐྱོང་གྲོང་ཁྱེར་གྱི་མི་དམངས་སྲིད་གཞུང་གི་ནགས་ལས་རྩྭ་ཐང་གཙོ་སྐྱོང་སྡེ་ཁག་གིས་ཞིབ་བཤེར་བྱས་ནས་འཐད་པ་བྱུང་རྗེས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ནགས་ལས་རྩྭ་ཐང་གཙོ་སྐྱོང་སྡེ་ཁག་ལ་ཆོག་མཆན་ཞུས་ནས་ལག་བསྟར་བྱ་དགོས། རྒྱལ་ཁབ་ཀྱི་རྒྱ་མཚོའི་ཁེ་དབང་དང་འབྲེལ་བའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་འཆར་འགོད་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གིས་ཞིབ་བཤེར་བྱས་ནས་འཐད་པ་བྱུང་རྗེས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ནགས་ལས་རྩྭ་ཐང་གཙོ་སྐྱོང་སྡེ་ཁག་ལ་ཆོག་མཆན་ཞུས་ནས་ལག་བསྟར་བྱ་དགོས། ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་འཆར་འགོད་དེ་གནས་སའི་ཞིང་ཆེན་ནམ་རང་སྐྱོང་ལྗོངས་སམ་ཐད་སྐྱོང་གྲོང་ཁྱེར་གྱི་མི་དམངས་སྲིད་གཞུང་གི་ནགས་ལས་རྩྭ་ཐང་གཙོ་སྐྱོང་སྡེ་ཁག་ལ་ཆོག་མཆན་ཞུས་ནས་ལག་བསྟར་བྱ་དགོས། འཆར་འགོད་ལ་ཞིབ་མཆན་མ་བཀོད་སྔོན་དུ། རིམ་པ་མཚུངས་པའི་འབྲེལ་ཡོད་སྡེ་ཁག་གི་བསམ་འཆར་བསྡུ་ལེན་བྱ་དགོས།
རང་བྱུང་སྲུང་སྐྱོབ་ཁུལ་གྱི་འཆར་འགོད་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་གྱི་འཆར་འགོད་དང་རྒྱལ་ཁོངས་བར་སྟོང་གི་སྤྱི་ཁོག་འཆར་འགོད་སོགས་ལ་འབྲེལ་མཐུད་བྱ་དགོས་པ་མ་ཟད། རྒྱལ་ཁོངས་བར་སྟོང་གི་འཆར་འགོད་ལག་བསྟར་ལྟ་སྐུལ་ཆ་འཕྲིན་མ་ལག་ཏུ་བཞག་སྟེ། གཅིག་གྱུར་གྱིས་ལྟ་སྐུལ་དོ་དམ་བྱས་པ་དང་ལེན་བྱ་དགོས། རང་བྱུང་སྲུང་སྐྱོབ་ཁུལ་གྱི་འཆར་འགོད་ཁྲིམས་ལྟར་ཡོངས་བསྒྲགས་བྱ་དགོས།
དོན་ཚན་ཉེར་གཉིས་པ། རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ལས་ཁུངས་ཀྱིས་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་དང་རང་བྱུང་སྲུང་སྐྱོབ་ཁུལ་གྱི་འཆར་འགོད་གཞིར་བཟུང་སྟེ། རང་བྱུང་སྲུང་སྐྱོབ་ཁུལ་ལ་སྲུང་སྐྱོབ་དང་དོ་དམ་བྱེད་པའི་སྒྲིག་ཡིག་དང་ལམ་ལུགས་འཐུས་སྒོ་ཚང་བར་འཛུགས་པ་དང་། རང་བྱུང་སྲུང་སྐྱོབ་ཁུལ་གྱི་ཉིན་རྒྱུན་གྱི་སྲུང་སྐྱོབ་དང་དོ་དམ་བྱ་བར་ཤུགས་བསྣན་དགོས།
རང་བྱུང་སྲུང་སྐྱོབ་ཁུལ་གྱི་ས་ཁོངས་སུ་ཡོད་པའི་སྡེ་ཚན་དང་མི་སྒེར། དེ་མིན་རང་བྱུང་སྲུང་སྐྱོབ་ཁུལ་དུ་ཡོང་བའི་མི་སྣ་བཅས་ཀྱིས་བཅའ་ཁྲིམས་དང་ཁྲིམས་སྲོལ། རང་བྱུང་སྲུང་སྐྱོབ་ཁུལ་ལ་སྲུང་སྐྱོབ་དང་དོ་དམ་བྱེད་པའི་སྒྲིག་ཡིག་དང་ལམ་ལུགས་བཅས་བརྩི་སྲུང་བྱ་དགོས་པ་དང་། རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ལས་ཁུངས་ཀྱི་དོ་དམ་དང་ལེན་བྱ་དགོས།
དོན་ཚན་ཉེར་གསུམ་པ། རང་བྱུང་སྲུང་སྐྱོབ་ཁུལ་གྱི་ས་ཁོངས་སུ་ཡོད་པའི་རང་བྱུང་ཐོན་ཁུངས་ལ། རྒྱལ་ཁབ་ཀྱི་རང་བྱུང་ཐོན་ཁོངས་ཀྱི་བདག་དབང་གཏན་ཁེལ་ཐོ་འགོད་བྱེད་པའི་འབྲེལ་ཡོད་གཏན་འབེབས་ལྟར་བདག་དབང་གཏན་ཁེལ་ཐོ་འགོད་བྱ་དགོས་པ་དང་། བདག་དབང་གཏན་ཁེལ་ཐོ་འགོད་བྱེད་སྐབས་རང་བྱུང་སྲུང་སྐྱོབ་ཁུལ་དེ་ཁེར་ཚུགས་ཀྱི་ཐོ་འགོད་སྡེ་ཚན་དུ་བརྩི་དགོས།
དོན་ཚན་ཉེར་བཞི་བ། རྒྱལ་ཁབ་ཀྱིས་རང་བྱུང་སྲུང་སྐྱོབ་ཁུལ་གྱི་བརྟག་འཇལ་དྲ་རྒྱའི་མ་ལག་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། བརྟག་འཇལ་ས་ཚིགས་རིགས་མི་འདྲ་བ་སོ་སོའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཆ་འཕྲིན་ཅན་གྱི་ཐབས་ཤེས་སྤྱད་དེ་བརྟག་འཇལ་གཞི་གྲངས་ལ་འདུས་གྲུབ་དབྱེ་ཞིབ་དང་། མཉམ་སྤྱོད་དང་ཕྱོགས་བསྡུས་ཉེར་སྤྱོད་བཅས་བྱེད་པར་ཤུགས་བསྣན་ཏེ། རང་བྱུང་སྐྱེ་ཁམས་མ་ལག་གི་གྲུབ་ཚུལ་དང་ཁྱབ་ཚུལ། འགུལ་རྣམ་གྱི་འགྱུར་ལྡོག་དང་སྐྱེ་དངོས་སྣ་མང་རང་བཞིན་གྱི་གནས་ཚུལ། དེ་མིན་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་དང་མིས་བཟོས་བྱེད་སྒོའི་བར་ཆད་ཐེབས་ཚུལ་བཅས་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་བྱས་ཏེ། སྐྱེ་ཁམས་ཀྱི་ཉེན་ཁར་དུས་ཐོག་ཏུ་དཔྱད་དཔོག་བྱེད་པ་དང་ཉེན་ཟོན་སྔོན་བརྡ་གཏང་དགོས།
དོན་ཚན་ཉེར་ལྔ་བ། རང་བྱུང་སྲུང་སྐྱོབ་ཁུལ་ཀྱི་ས་ཁོངས་སུ་གནོད་སྐྱོན་ཐེབས་པའི་རང་བྱུང་སྐྱེ་ཁམས་མ་ལག་ཉམས་གསོ་དང་། སྐྱེ་ཁམས་ཁྱམས་ལམ་མཐུད་སྦྲེལ། འབབ་སྡོད་བྱེད་ས་གལ་ཆེན་སླར་གསོ་སོགས་བྱེད་ན་རང་བྱུང་གིས་སླར་གསོ་བྱ་རྒྱུ་གཙོར་འཛིན་པ་རྒྱུན་འཁྱོངས་བྱ་དགོས། རིགས་ཁྱུ་ཚོད་འཛིན་དང་ཤིང་རིགས་གསར་སྒྱུར་སོགས་མིའི་ཐབས་ཀྱི་ཉམས་གསོ་བྱེད་སྒོ་དངོས་གནས་སྤེལ་དགོས་ངེས་བྱུང་ན། འབྲེལ་ཡོད་ཕྱོགས་ཀྱི་བསམ་འཆར་བསྡུ་ལེན་གང་ལེགས་བྱས་ཐོག འབྲེལ་ཡོད་གཏན་འབེབས་ལྟར་ཚན་རིག་དང་གནས་ལུགས་གཉིས་ཀར་མཐུན་པའི་ཉམས་གསོའི་ཇུས་གཞི་བཟོ་དགོས་པ་མ་ཟད་ཁྲིམས་ལྟར་ལག་བསྟར་ཡང་བྱ་དགོས།
རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ལས་ཁུངས་ཀྱིས་ཐབས་བཀོད་སྤྱད་དེ། ཕྱི་ཡོང་དངོས་རིགས་ཀྱིས་ཚུར་རྒོལ་བྱེད་པར་འགོག་ཟོན་དང་ཁ་གཏད་བཅལ་ནས། སྐྱེ་ཁམས་མ་ལག་གི་བདེ་འཇགས་སྲུང་སྐྱོང་དང་སྐྱེ་ཁམས་མ་ལག་གི་སྤུས་ཚད་ཇེ་མཐོར་གཏང་དགོས།
དོན་ཚན་ཉེར་དྲུག་པ། རང་བྱུང་སྲུང་སྐྱོབ་ཁུལ་གྱི་ལྟེ་བའི་སྲུང་སྐྱོབ་ཁུལ་དུ་གཤམ་གསལ་གྱི་བྱེད་སྒོ་མ་གཏོགས་མིས་བཟོས་བྱེད་སྒོ་སྤེལ་མི་ཆོག་སྟེ།
(གཅིག)རང་བྱུང་སྲུང་སྐྱོལ་ཁུལ་ལ་སྲུང་སྐྱོབ་བྱེད་ཆེད་སྤེལ་བའི་བརྟག་དཔྱད་བརྟག་འཇལ་དང་། སྐྱེ་ཁམས་ཉམས་གསོ། བདག་སྐྱོང་སྐོར་སྲུང་སོགས་ཀྱི་བྱེད་སྒོ་དང་། ཚན་ཞིབ་ལྟ་འཇལ་དང་རྨང་གཞིའི་ཐིག་ལེན། རིག་དངོས་དང་རིག་གནས་ཤུལ་ནོར་གཞན་དག་སྲུང་སྐྱོབ། གནོད་འགོག་གནོད་སྙུང་། འཚུབ་ཟློག་སྐྱོབ་རོགས་བཅས་ཀྱི་བྱེད་སྒོ། དེ་མིན་རྒྱལ་ཁབ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཁྲིམས་བསྟར་ལས་ཁུར་སྒྲུབ་པར་དངོས་གནས་སྤེལ་དགོས་པའི་བྱེད་སྒོ།
(གཉིས)སྔར་ཡོད་སྡོད་དམངས་ཀྱི་དགོས་ངེས་ཀྱི་ཐོན་སྐྱེད་དང་འཚོ་བའི་བྱེད་སྒོ་དང་། དངོས་གནས་སོར་འཇོག་བྱ་དགོས་པ་དང་གཡོལ་ཐབས་མེད་པའི་ད་ཡོད་རྨང་གཞིའི་སྒྲིག་བཀོད་གལ་ཆེན་འཁོར་སྐྱོད་དང་སྲུང་སྐྱོང་དང་སྒྱུར་བཀོད་བཅས་བྱེད་པ།
(གསུམ)ངེས་པར་མཁོ་ཞིང་གཡོལ་ཐབས་མེད་ལ། སྐྱེ་ཁམས་ཁོར་ཡུག་ལ་གནོད་པ་མེད་པའི་བྱེད་ཐབས་ཀྱིས་ས་འོག་དང་ཆུ་འོག་གམ་ཡང་ན་བར་སྣང་བརྒྱུད་དགོས་པའི་སྐུད་གཤིས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པ།
(བཞི)རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལག་བསྟར་བྱེད་ཆེད་དངོས་གནས་སྤེལ་དགོས་པའི་བྱེད་སྒོ་དང་། གཡོལ་ཐབས་མེད་པའི་རྒྱལ་ཁབ་ཀྱི་ལས་གཞི་གལ་ཆེན་འཛུགས་སྐྲུན་བྱེད་པ།
(ལྔ)བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་དུ་གཏན་འབེབས་བྱས་པའམ་ཡང་ན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་པའི་བྱེད་སྒོ་གཞན་དག
དོན་ཚན་ཉེར་བདུན་པ། རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྤྱིར་བཏང་གི་ཚོད་འཛིན་ཁུལ་དུ་གཤམ་གསལ་གྱི་མིས་བཟོས་བྱེད་སྒོ་མ་གཏོགས་སྤེལ་མི་ཆོག་སྟེ།
(གཅིག)ལྟེ་བའི་སྲུང་སྐྱོབ་ཁུལ་དུ་སྤེལ་ཆོག་པའི་བྱེད་སྒོ།
(གཉིས)རྒྱལ་ཁོངས་བར་སྟོང་འཆར་འགོད་དང་འཚམ་ཞིང་གཡོལ་ཐབས་མེད་པའི་རྨང་གཞིའི་སྒྲིག་བཀོད་གལ་ཆེན་འཛུགས་སྐྲུན་དང་འཁོར་སྐྱོད་དང་སྲུང་སྐྱོང་བཅས་བྱེད་པ།
(གསུམ)གནའ་བོའི་སྐྱེ་དངོས་འགྱུར་རྡོ་བརྟག་དཔྱད་དང་སྔོག་འདོན། རྨང་གཞིའི་ས་གཤིས་བརྟག་དཔྱད། འཐབ་ཇུས་རང་བཞིན་གྱི་གཏེར་ཁའི་ཐོན་ཁུངས་ཕུགས་ཡུལ་བརྟག་དཔྱད། གཏན་ལ་ཕབ་པའི་ཁྱབ་ཁོངས་ཀྱི་འཐབ་ཇུས་རང་བཞིན་གྱི་གཏེར་ཁའི་ཐོན་ཁུངས་རྩད་བཤེར་བཅས་བྱེད་པ།
(བཞི)རྩ་ཆེན་སྟོངས་ཉེན་གྱི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་དག་རྒོད་སྒྱུར་དང་གསོ་སྤེལ་བྱེད་པ་དང་། གཏོར་བརླག་མེད་པའི་རང་བཞིན་གྱི་དམར་དཔེ་འཚོལ་བསྡུ་བྱེད་སྒོ།
(ལྔ)རང་བྱུང་སྲུང་སྐྱོབ་ཁུལ་གྱི་དམིགས་འབེན་དང་མཐུན་པའི་མིའི་ཐབས་ཀྱིས་ཚོང་རྫས་ནགས་ཚལ་གསོ་སྐྱོང་དང་ཤིང་རིགས་གསར་སྒྱུར་སོགས་ཀྱི་ནགས་ཚལ་ཚོང་གཉེར་བྱེད་སྒོ།
(དྲུག)ཚན་རྩལ་ཁྱབ་གདལ་དྲིལ་སྒྲོག་དང་། སྐྱེ་ཁམས་ཡུལ་སྐོར། སློབ་གསོ་རིག་གནས་ལུས་རྩལ་སོགས་སྤྱི་པའི་ཞབས་ཕྱིའི་བྱེད་སྒོ།
(བདུན)བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་དུ་གཏན་འབེབས་བྱས་པའམ་ཡང་ན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་པའི་བྱེད་སྒོ་གཞན་དག
དོན་ཚན་ཉེར་བརྒྱད་པ། གཤམ་གསལ་གྱི་གནས་ཚུལ་ཡོད་པའི་རང་བྱུང་སྲུང་སྐྱོབ་ཁུལ་ལ། ཚན་རིག་གི་རིགས་པས་ཁུངས་སྐྱེལ་བྱས་པ་བརྒྱུད། སྲུང་སྐྱོབ་བྱ་ཡུལ་གཙོ་བོའི་བདེ་འཇགས་ཁག་ཐེག་ཐུབ་ཅིང་སྐྱེ་ཁམས་བྱེད་ནུས་ལ་གནོད་པ་མེད་པའི་སྔོན་འགྲོའི་འོག་ཏུ། ཁྱད་པར་ཡོད་པའི་དམ་སྡོམ་ཐབས་བཀོད་ལག་བསྟར་བྱེད་ཆོག་སྟེ།
(གཅིག)སྲུང་སྐྱོབ་བྱ་ཡུལ་གཙོ་བོ་རང་བྱུང་རྗེས་ཤུལ་ཡིན་པའི་རང་བྱུང་སྲུང་སྐྱོབ་ཁུལ་ཡིན་ན། དེའི་ལྟེ་བའི་སྲུང་སྐྱོབ་ཁུལ་དུ་དགོས་ངེས་ཀྱི་འགོག་སྲུང་དང་སྒྲིག་གཤོམ། འགྲེམ་སྟོན་སོགས་ཀྱི་སྒྲིག་བཀོད་སྐྲུན་ཆོག་པ་དང་། གནའ་བོའི་སྐྱེ་དངོས་འགྱུར་རྡོ་བརྟག་དཔྱད་སྔོག་འདོན་དང་འོས་འཚམ་གྱི་ཚན་རྩལ་ཁྱབ་གདལ་དྲིལ་སྒྲོག སྐྱེ་ཁམས་ཡུལ་སྐོར། སློབ་གསོ་རིག་གནས་ལུས་རྩལ་སོགས་སྤྱི་པའི་ཞབས་ཕྱིའི་བྱེད་སྒོ་སྤེལ་ཆོག
(གཉིས)སྲུང་སྐྱོབ་བྱ་ཡུལ་གཙོ་བོ་ས་འོག་ཏུ་ཡོད་པའི་རང་བྱུང་སྲུང་སྐྱོབ་ཁུལ་ཡིན་ན། དེའི་ལྟེ་བའི་སྲུང་སྐྱོབ་ཁུལ་གྱི་ས་ཐོག་གི་ཁག་ལ་སྤྱིར་བཏང་གི་ཚོད་འཛིན་ཁུལ་ལྟར་སྲུང་སྐྱོབ་དང་དོ་དམ་བྱེད་ཆོག
(གསུམ)རང་བྱུང་གི་སྐྱེ་ཁམས་བརྒྱུད་རིམ་དང་སྲུང་སྐྱོབ་བྱ་ཡུལ་གཙོ་བོའི་འཚོ་གནས་འཕེལ་སྐྱེད་ལ་དུས་ཚིགས་རང་བཞིན་གྱི་འགྱུར་ལྡོག་ཆོས་ཉིད་མངོན་གསལ་ལྡན་པའི་རང་བྱུང་སྲུང་སྐྱོབ་ཁུལ་ཡིན་ན། དུས་ཚིགས་རང་བཞིན་གྱི་ཁྱད་པར་དབྱེ་བའི་དམ་སྡོམ་ཐབས་བཀོད་ལག་བསྟར་བྱེད་ཆོག
དོན་ཚན་ཉེར་དགུ་བ། རང་བྱུང་སྲུང་སྐྱོབ་ཁུལ་གྱི་ས་ཁོངས་ནང་གི་སྔར་ཡོད་སྡོད་དམངས་ཀྱི་ཐོན་སྐྱེད་དང་འཚོ་བའི་བྱེད་སྒོ་སྤེལ་བར། ད་ཡོད་ཀྱི་གཞི་ཁྱོན་དང་བེད་སྤྱོད་བྱེད་ཚད་ལས་མི་བརྒལ་ཞིང་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་ལུགས་མཐུན་བྱེད་པ་སྔོན་འགྲོ་བྱ་དགོས།
སྲུང་སྐྱོབ་དང་དོ་དམ་གྱི་དགོས་མཁོ་ལྟར་ན། རང་བྱུང་སྲུང་སྐྱོབ་ཁུལ་གྱི་ས་ཁོངས་ནང་གི་སྔར་ཡོད་སྡོད་དམངས་དངོས་གནས་ཕྱི་རུ་སྤོ་དགོས་ངེས་བྱུང་ཚེ། འབྲེལ་ཡོད་ས་གནས་མི་དམངས་སྲིད་གཞུང་གིས་བདེ་འགོད་གང་འཚམ་བྱ་དགོས།
དོན་ཚན་སུམ་བཅུ་བ། ཆོག་མཆན་མ་ཐོབ་པར། ཕྱི་རྒྱལ་པས་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ས་ཁོངས་ནང་དུ་དམར་དཔེ་འཚོལ་སྡུད་སོགས་ཀྱི་བྱེད་སྒོ་སྤེལ་མི་ཆོག
དོན་ཚན་སོ་གཅིག་པ། རང་བྱུང་སྲུང་སྐྱོབ་ཁུལ་དུ་སྲོལ་ཡིག་འདིའི་དོན་ཚན་ཉེར་དྲུག་པ་དང་ཉེར་བདུན་པ། ཉེར་བརྒྱད་པར་གཏན་འབེབས་བྱས་པའི་བྱེད་སྒོ་སྤེལ་བར། ཁྲིམས་ལྟར་དེ་འབྲེལ་གྱི་འགྲོ་ལུགས་བསྒྲུབ་དགོས་ན། འབྲེལ་ཡོད་སྡེ་ཚན་དང་མི་སྒེར་གྱིས་ཁྲིམས་ལྟར་འགྲོ་ལུགས་བསྒྲུབ་དགོས། སྒྲིག་བཀོད་སྐྲུན་བཟོ་བྱེད་པར་འབྲེལ་བ་ཡོད་ན། ད་དུང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ནགས་ཚལ་རྩྭ་ཐང་གཙོ་སྐྱོང་སྡེ་ཁག་གམ་ཡང་ན་དེ་གནས་སའི་ཞིང་ཆེན་ནམ་རང་སྐྱོང་ལྗོངས་སམ་ཐད་སྐྱོང་གྲོང་ཁྱེར་གྱི་མི་དམངས་སྲིད་གཞུང་གི་ནགས་ལས་རྩྭ་ཐང་གཙོ་སྐྱོང་སྡེ་ཁག་འཐད་པ་འབྱུང་དགོས། འོན་ཀྱང་སྔར་ཡོད་སྡོད་དམངས་ཀྱི་དགོས་ངེས་ཀྱི་ཐོན་སྐྱེད་དང་འཚོ་བའི་བྱེད་སྒོ་དང་། སྔར་ཡོད་སྐུད་གཤིས་ཀྱི་རྨང་གཞིའི་སྒྲིག་བཀོད་འཁོར་སྐྱོད་དང་སྲུང་སྐྱོང་བྱེད་སྒོ། རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ལས་ཁུངས་ཀྱིས་རང་བྱུང་སྲུང་སྐྱོབ་ཁུལ་གྱི་འཆར་འགོད་ལྟར་བདག་སྐྱོང་སྐོར་སྲུང་དང་ཚན་ཞིབ་ལྟ་འཇལ། ཚན་རྩལ་ཁྱབ་གདལ་དྲིལ་སྒྲོག གནོད་འགོག་གནོད་སྙུང་སོགས་ཀྱི་སྒྲིག་བཀོད་སྐྲུན་བཟོ་བྱེད་པ་བཅས་ཕུད།
རང་བྱུང་སྲུང་སྐྱོབ་ཁུལ་དུ་བརྟག་དཔྱད་བརྟག་འཇལ་དང་ཚན་ཞིབ་ལྟ་འཇལ། དམར་དཔེ་འཚོལ་སྡུད་བཅས་བྱེད་པའི་སྡེ་ཚན་དང་མི་སྒེར་གྱིས། རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ལས་ཁུངས་ཀྱི་བླང་བྱ་ལྟར། འབྲེལ་ཡོད་བྱེད་སྒོའི་གྲུབ་འབྲས་སྤྲད་དགོས། རང་བྱུང་སྲུང་སྐྱོབ་ཁུལ་དུ་སྲོལ་ཡིག་འདིའི་དོན་ཚན་ཉེར་དྲུག་པ་དང་ཉེར་བདུན་པ། ཉེར་བརྒྱད་པར་གཏན་འབེབས་བྱས་པའི་བྱེད་སྒོ་སྤེལ་ན། དགོས་ངེས་ཀྱི་ཐབས་བཀོད་སྤྱད་དེ། རང་བྱུང་སྐྱེ་ཁམས་མ་ལག་དང་སྐྱེ་ཁམས་ཁྱམས་ལམ། འབབ་སྡོད་བྱེད་ས་གལ་ཆེན། རང་བྱུང་དང་མི་ཆོས་ལྗོངས་གཟིགས་བཅས་ལ་ཤུགས་རྐྱེན་ངན་པ་མི་ཐེབས་པའམ་ཡང་ན་ཉུང་ཐེབས་བྱ་དགོས། རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ལས་ཁུངས་ཀྱིས་དོན་དངོས་གནས་ཚུལ་དང་དགོས་མཁོར་གཞིགས་ནས། འབྲེལ་ཡོད་བྱེད་སྒོ་སྤེལ་བའི་མཐའ་མཚམས་དང་དྲག་ཚད། ངེས་པར་སྤྱད་དགོས་པའི་སྲུང་སྐྱོབ་རང་བཞིན་གྱི་ཐབས་བཀོད་སོགས་ངེས་གསལ་བྱ་དགོས།
དོན་ཚན་སོ་གཉིས་པ། རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ལས་ཁུངས་ཀྱིས་ཉིན་རྒྱུན་གྱི་སྐོར་སྲུང་ལམ་ལུགས་བཙུགས་ཏེ། སྐོར་སྲུང་མི་སྣ་དང་སྐོར་སྲུང་སྒྲིག་ཆས་ལུགས་མཐུན་གྱིས་བཀོད་སྒྲིག་བྱེད་པ་དང་། སྐོར་སྲུང་ས་ཚིགས་འཛུགས་སྐྲུན་ལ་ཤུགས་བསྣན་དགོས། སྐོར་སྲུང་མི་སྣས་སྲུང་སྐྱོབ་བྱ་ཡུལ་གཙོ་བོའི་འཚོ་གནས་བྱེད་ས་དང་དེའི་འགྱུར་ལྡོག་གནས་ཚུལ་ལ་ལྟ་ཞིབ་དང་ཟིན་ཐོ་དགོད་དགོས་པ་དང་། རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྲུང་སྐྱོབ་དང་དོ་དམ་སྐོར་གྱི་གཏན་འབེབས་དང་འགལ་བའི་བྱ་སྤྱོད་ལ་བཞམས་འགོག་དང་བཀག་འགོག་བྱ་དགོས་པ་མ་ཟད་དུས་ཐོག་ཏུ་སྙན་སེང་ཞུ་དགོས།
དོན་ཚན་སོ་གསུམ་པ། རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ལས་ཁུངས་ཀྱིས་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ཐོལ་བྱུང་དོན་རྐྱེན་གྱི་འཚུབ་ཟློག་སྔོན་ཇུས་བཟོ་བ་དང་། དེ་གནས་སའི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་དང་མཉམ་ལས་གཞོགས་འདེགས་བྱེད་པར་ཤུགས་བསྣན་ནས། གནོད་འགོག་གནོད་སྙུང་དང་བདེ་འཇགས་དོ་དམ། འཚུབ་ཟློག་འགན་སྲུང་བཅས་ཀྱི་འབྲེལ་ཡོད་བྱ་བ་ལེགས་པོར་སྒྲུབ་པ་དང་། འཚུབ་ཟློག་འགན་སྲུང་གི་ནུས་པ་ཇེ་ཆེར་གཏང་དགོས།
དོན་ཚན་སོ་བཞི་བ། རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ལས་ཁུངས་ཀྱིས་སྐྱེ་ཁམས་ལ་སྲུང་སྐྱོབ་ཐོབ་པར་ཁག་ཐེག་བྱས་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཏུ། རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྤྱི་པའི་ཞབས་ཕྱིའི་མ་ལག་འཐུས་ཚང་དུ་བཏང་སྟེ། སྤྱི་པའི་ཞབས་ཕྱིའི་ནུས་པ་ཇེ་ཆེར་གཏང་དགོས། རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྤྱིར་བཏང་གི་ཚོད་འཛིན་ཁུལ་དུ་ས་ཁོངས་འོས་འཚམ་བཅད་ནས། དགོས་ངེས་ཀྱི་རམ་འདེགས་སྒྲིག་བཀོད་དང་སྒྲིག་ཆས་བཞག་སྟེ། འབྲེལ་ཡོད་ཀྱི་ཚན་རིག་ཞིབ་འཇུག་དང་ཚན་རྩལ་ཁྱབ་གདལ་དྲིལ་སྒྲོག སྐྱེ་ཁམས་ཡུལ་སྐོར། སློབ་གསོ་རིག་གནས་ལུས་རྩལ་སོགས་སྤྱི་པའི་ཞབས་ཕྱིའི་བྱེད་སྒོར་རྒྱབ་སྐྱོར་འདོན་སྤྲོད་བྱེད་ཆོག
རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ལས་ཁུངས་ཀྱིས་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ཕེབས་མགྲོན་ལ་དོ་དམ་དང་ཞབས་ཕྱི་སྒྲུབ་པར་ཤུགས་བསྣན་ཏེ། ཕེབས་མགྲོན་ཤོང་ཚད་ལུགས་མཐུན་གྱིས་གཏན་ཁེལ་བྱེད་པ་དང་། ཕེབས་མགྲོན་གྱི་སྤྱོད་ལམ་ཚད་ལྡན་ངེས་གསལ་བྱས་ཏེ། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་དགོས་ངེས་ཀྱི་གེགས་མེད་ཞབས་ཕྱི་འདོན་སྤྲོད་བྱ་དགོས་ལ། ཕེབས་མགྲོན་གྱི་བདེ་འཇགས་འགན་སྲུང་དང་མྱུར་མཁོ་རོགས་སྐྱོབ་སོགས་ཀྱི་འབྲེལ་ཡོད་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས།
རང་བྱུང་སྲུང་སྐྱོབ་ཁུལ་གྱི་ས་ཁོངས་ནང་དུ་སྲུང་སྐྱོབ་ཀྱི་དམིགས་འབེན་དང་མི་མཐུན་པའི་ལྟ་སྐོར་དང་ཡུལ་སྐོར་སོགས་ཀྱི་རྣམ་གྲངས་བཀོད་སྒྲིག་བྱེད་མི་ཆོག
དོན་ཚན་སོ་ལྔ་བ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ནགས་ལས་རྩྭ་ཐང་གཙོ་སྐྱོང་སྡེ་ཁག་དང་། རང་བྱུང་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག ཆུའི་སྲིད་འཛིན། ཞིང་ལས་ཞིང་སྡེ་སོགས་འབྲེལ་ཡོད་སྡེ་ཁག་དང་། རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ལས་ཁུངས་བཅས་ཀྱིས་ལས་ཁུར་ལྟར་རང་བྱུང་སྲུང་སྐྱོབ་ཁུལ་སྲུང་སྐྱོབ་ཀྱི་གནས་ཚུལ་ལ་ལྟ་སྐུལ་དང་ཞིབ་བཤེར་བྱེད་པར་ཤུགས་སྣོན་པ་དང་། ཁྲིམས་འགལ་གྱི་བྱ་སྤྱོད་ལ་ཁྲིམས་ལྟར་རྩད་གཅོད་བྱ་དགོས།
མཚོ་ཐོག་ཉེན་རྟོག་ལས་ཁུངས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོ་ཐོག་ཉེན་རྟོག་བཅའ་ཁྲིམས》ཀྱི་གཏན་འབེབས་ལྟར། རང་གི་ལས་ཁུར་ཁྱབ་ཁོངས་ནང་དུ་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ས་ཁོངས་ནང་གི་མཚོ་ངོགས་དབྱེ་མཚམས་ཀྱི་རྒྱ་མཚོའི་གཞོགས་ལ་སྲུང་སྐྱོབ་བྱས་པའི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པ་དང་། ཁྲིམས་འགལ་གྱི་བྱ་སྤྱོད་ལ་ཁྲིམས་ལྟར་རྩད་གཅོད་བྱ་དགོས།
ལྟ་སྐུལ་ཞིབ་བཤེར་མི་སྣས་ལྟ་སྐུལ་ཞིབ་བཤེར་བྱེད་སྐབས། རང་འགུལ་གྱིས་ཁྲིམས་བསྟར་འཛིན་ཡིག་བསྟན་དགོས། ཞིབ་བཤེར་བྱ་ཡུལ་གྱི་སྡེ་ཚན་དང་མི་སྒེར་གྱིས་དེར་རམ་འདེགས་བྱ་དགོས་པ་ལས། ངོ་ཟློག་དང་བར་ཆད་བྱེད་མི་ཆོག
སྤྱི་བདེ་ལས་ཁུངས་ཀྱིས་དགོས་མཁོར་གཞིགས་ནས་རང་བྱུང་སྲུང་སྐྱོབ་ཁུལ་དུ་ལས་སྒྲུབ་ས་ཚིགས་བཙུགས་ཏེ། སྐྱེ་ཁམས་ཉེན་རྟོག་ལས་དོན་སྒྲུབ་ཆོག
འབྲེལ་ཡོད་ཀྱི་རྒྱལ་ཁབ་ལས་ཁུངས་ཀྱིས་ཁྲིམས་ལྟར་རང་བྱུང་སྲུང་སྐྱོབ་ཁུལ་དུ་ཁྲིམས་བཀོད་ཀྱི་ལས་ཁུར་སྒྲུབ་ན། རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ལས་ཁུངས་ཀྱིས་དགོས་ངེས་ཀྱི་སྟབས་བདེ་བསྐྲུན་དགོས།
དོན་ཚན་སོ་དྲུག་པ། རང་བྱུང་སྲུང་སྐྱོབ་ཁུལ་ལ་སྲུང་སྐྱོབ་དང་དོ་དམ་བྱེད་པའི་སྐོར་གྱི་གཏན་འབེབས་དང་འགལ་བའི་བྱ་སྤྱོད་ཡོད་ན། སྡེ་ཚན་དང་མི་སྒེར་གང་ལའང་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ལས་ཁུངས་སམ་ཡང་ན་འབྲེལ་ཡོད་སྡེ་ཁག་ལ་ཐེར་འདོན་བྱེད་དབང་ཡོད་པ་དང་། ཐེར་འདོན་འབྱོར་བའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ལས་ཁུངས་དང་འབྲེལ་ཡོད་སྡེ་ཁག་གིས་ཁྲིམས་ལྟར་དུས་ཐོག་ཏུ་ཐག་གཅོད་བྱ་དགོས།
དོན་ཚན་སོ་བདུན་པ། རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ལས་ཁུངས་ཀྱིས་རང་བྱུང་སྲུང་སྐྱོབ་ཁུལ་ལ་སྲུང་སྐྱོབ་དང་དོ་དམ་སོགས་བྱས་པའི་བྱ་བའི་གནས་ཚུལ་ཁྲིམས་ལྟར་དུས་ཐོག་ཏུ་ཡོངས་བསྒྲགས་བྱས་ཏེ། སྤྱི་ཚོགས་ཀྱི་ལྟ་སྐུལ་དང་གླེང་ཕྱོགས་ཀྱི་ལྟ་སྐུལ་རང་རྟོགས་ཀྱིས་དང་ལེན་བྱ་དགོས།
ལེའུ་བཞི་བ། བཅའ་ཁྲིམས་འགན་ཁུར་གྱི་སྐོར།
དོན་ཚན་སོ་བརྒྱད་པ། རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ལས་ཁུངས་དང་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཁག རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གི་ལས་བྱེད་མི་སྣ་བཅས་ཀྱིས་རང་བྱུང་སྲུང་སྐྱོབ་ཁུལ་ལ་སྲུང་སྐྱོབ་དང་དོ་དམ་སོགས་བྱེད་པའི་བྱ་བའི་ཁྲོད་དུ་འགན་དབང་གང་བྱུང་དུ་སྤྱོད་པ་དང་། ལས་ཁུར་སྣང་མེད་དུ་འཇོག་པ། ཉེར་ཕྱོགས་གཡོ་ཟོལ་བྱེད་པ་བཅས་ལ། ཁྲིམས་ལྟར་ཆད་པ་གཅད་དགོས།
དོན་ཚན་སོ་དགུ་བ། རང་བྱུང་སྲུང་སྐྱོབ་ཁུལ་གྱི་ས་མཚམས་དབྱེ་རྟགས་ལ་གཏོར་བརླག་དང་སུབ་བཅོས་དང་སྒྲིབ་གཡོག་བཅས་སམ་ཡང་ན་རང་དགར་བཤིག་འདོར་དང་སྤོ་སྣུར་བྱས་ན། རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ལས་ཁུངས་ཀྱིས་ཁྲིམས་འགལ་བྱ་སྤྱོད་མཚམས་འཇོག་པ་དང་གསབ་བཅོས་ཐབས་བཀོད་སྤྱོད་པའི་བཀའ་དབབ་དགོས་པ་དང་། སྒོར་ཁྲི2མན་གྱི་དངུལ་ཆད་གཅོད་ཆོག གྱོང་གུན་བཟོས་ཡོད་ན། ཁྲིམས་ལྟར་སྐྱིན་ཚབ་འཇལ་བའི་འགན་འཁུར་དགོས།
རང་བྱུང་སྲུང་སྐྱོབ་ཁུལ་དུ་བརྟག་དཔྱད་བརྟག་འཇལ་དང་ཚན་ཞིབ་ལྟ་འཇལ། དམར་དཔེ་འཚོལ་སྡུད་བཅས་བྱེད་པའི་སྡེ་ཚན་དང་མི་སྒེར་གྱིས་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ལས་ཁུངས་ལ་འབྲེལ་ཡོད་བྱེད་སྒོའི་གྲུབ་འབྲས་མ་སྤྲད་ན། རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ལས་ཁུངས་ཀྱིས་ཡོ་བསྲང་བྱ་དགོས་པའི་བཀའ་དབབ་དགོས་པ་དང་། སྒོར5000མན་གྱི་དངུལ་ཆད་གཅོད་ཆོག
དོན་ཚན་བཞི་བཅུ་བ། རང་བྱུང་སྲུང་སྐྱོབ་ཁུལ་གྱི་ལྟེ་བའི་སྲུང་སྐྱོབ་ཁུལ་དུ་སྲོལ་ཡིག་འདིའི་དོན་ཚན་ཉེར་དྲུག་པར་གཏན་ལ་ཕབ་པ་ཕུད་པའི་བྱེད་སྒོ་གཞན་སྤེལ་ན། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ནགས་ལས་རྩྭ་ཐང་དང་རང་བྱུང་ཐོན་ཁུངས། སྐྱེ་ཁམས་ཁོར་ཡུག ཆུའི་སྲིད་འཛིན། ཞིང་ལས་ཞིང་སྡེ་སོགས་འབྲེལ་ཡོད་སྡེ་ཁག་གིས་ལས་ཁུར་དབྱེ་བགོས་ལྟར་ཁྲིམས་འགལ་བྱ་སྤྱོད་མཚམས་འཇོག་པའི་བཀའ་འབེབས་པ་དང་། ཁྲིམས་འགལ་ཐོབ་བྱ་གཞུང་བཞེས་བྱ་དགོས་ལ། སྒོར་ཁྲི10མན་གྱི་དངུལ་ཆད་གཅོད་ཆོག ཁྲིམས་འགལ་གྱིས་སྒྲིག་བཀོད་སྐྲུན་བཟོའམ་ལས་གྲྭ་འཛུགས་སྐྲུན་བྱས་པར་གཏོགས་ན། དུས་བཀག་ནང་དེ་དག་བཤིག་པ་དང་སྔར་གྱི་རྣམ་པ་སླར་གསོ་བྱེད་པའི་བཀའ་དབབ་དགོས་ལ། སྒོར་ཁྲི10ཡན་ནས་སྒོར་ཁྲི100མན་གྱི་དངུལ་ཆད་གཅད་དགོས། སྐྱེ་ཁམས་ལ་གཏོར་བརླག་བཟོས་ན། དུས་བཀག་ནང་དེ་དག་སླར་གསོ་བྱེད་པའམ་ཡང་ན་གསབ་བཅོས་ཐབས་བཀོད་གཞན་སྤྱོད་པའི་བཀའ་དབབ་དགོས་ལ། སྒོར་ཁྲི100ཡན་ནས་སྒོར་ཁྲི500མན་གྱི་དངུལ་ཆད་གཅད་དགོས།
དོན་ཚན་ཞེ་གཅིག་པ། རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྤྱིར་བཏང་གི་ཚོད་འཛིན་ཁུལ་དུ་སྲོལ་ཡིག་འདིའི་དོན་ཚན་ཉེར་བདུན་པར་གཏན་ལ་ཕབ་པ་ཕུད་པའི་བྱེད་སྒོ་གཞན་སྤེལ་ན། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ནགས་ལས་རྩྭ་ཐང་དང་རང་བྱུང་ཐོན་ཁུངས། སྐྱེ་ཁམས་ཁོར་ཡུག ཆུའི་སྲིད་འཛིན། ཞིང་ལས་ཞིང་སྡེ་སོགས་འབྲེལ་ཡོད་སྡེ་ཁག་གིས་ལས་ཁུར་དབྱེ་བགོས་ལྟར་ཁྲིམས་འགལ་བྱ་སྤྱོད་མཚམས་འཇོག་པའི་བཀའ་འབེབས་པ་དང་། ཁྲིམས་འགལ་ཐོབ་བྱ་གཞུང་བཞེས་བྱ་དགོས་ལ། སྒོར་ཁྲི5མན་གྱི་དངུལ་ཆད་གཅོད་ཆོག ཁྲིམས་འགལ་གྱིས་སྒྲིག་བཀོད་སྐྲུན་བཟོའམ་ལས་གྲྭ་འཛུགས་སྐྲུན་བྱས་པར་གཏོགས་ན། དུས་བཀག་ནང་དེ་དག་བཤིག་པ་དང་སྔར་གྱི་རྣམ་པ་སླར་གསོ་བྱེད་པའི་བཀའ་དབབ་དགོས་ལ། སྒོར་ཁྲི5ཡན་ནས་སྒོར་ཁྲི50མན་གྱི་དངུལ་ཆད་གཅད་དགོས། སྐྱེ་ཁམས་ལ་གཏོར་བརླག་བཟོས་ན། དུས་བཀག་ནང་དེ་དག་སླར་གསོ་བྱེད་པའམ་ཡང་ན་གསབ་བཅོས་ཐབས་བཀོད་གཞན་སྤྱོད་པའི་བཀའ་དབབ་དགོས་ལ། སྒོར་ཁྲི50ཡན་ནས་སྒོར་ཁྲི200མན་གྱི་དངུལ་ཆད་གཅད་དགོས།
དོན་ཚན་ཞེ་གཉིས་པ། རང་བྱུང་སྲུང་སྐྱོབ་ཁུལ་གྱི་ས་ཁོངས་ནང་གི་སྔར་ཡོད་སྡོད་དམངས་ཀྱིས་སྲོལ་ཡིག་འདིའི་དོན་ཚན་ཉེར་དགུ་བའི་ནང་གསེས་དོན་ཚན་དང་པོའི་གཏན་འབེབས་དང་འགལ་ནས་ཐོན་སྐྱེད་དང་འཚོ་བའི་བྱེད་སྒོ་སྤེལ་ན། རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ལས་ཁུངས་ཀྱིས་ཡོ་བསྲང་བྱེད་པའི་བཀའ་འབེབས་པ་དང་། གནས་ཚུལ་ཚབས་ཆེན་ཡིན་མིན་ལ་གཞིགས་ནས་སྒོར2000མན་གྱི་དངུལ་ཆད་གཅད་དགོས།
དོན་ཚན་ཞེ་གསུམ་པ། རང་བྱུང་སྲུང་སྐྱོབ་ཁུལ་གྱི་ས་ཁོངས་ནང་དུ་སྲོལ་ཡིག་འདིའི་དོན་ཚན་ཉེར་དྲུག་པ་དང་ཉེར་བདུན་པ། ཉེར་བརྒྱད་པ་བཅས་སུ་གཏན་ལ་ཕབ་པའི་བྱེད་སྒོ་སྤེལ་ཏེ། རང་བྱུང་སྐྱེ་ཁམས་མ་ལག་དང་སྐྱེ་ཁམས་ཁྱམས་ལམ། འབབ་སྡོད་བྱེད་ས་གལ་ཆེན། རང་བྱུང་དང་མི་ཆོས་ལྗོངས་གཟིགས་བཅས་ལ་ཤུགས་རྐྱེན་མི་ལེགས་པ་ཐེབས་པར་གཡོལ་བ་དང་དེ་སྙུང་བའི་ཐབས་བཀོད་དགོས་ངེས་སྤྱད་མེད་ན། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ནགས་ལས་རྩྭ་ཐང་དང་རང་བྱུང་ཐོན་ཁུངས། སྐྱེ་ཁམས་ཁོར་ཡུག ཆུའི་སྲིད་འཛིན། ཞིང་ལས་ཞིང་སྡེ་སོགས་འབྲེལ་ཡོད་སྡེ་ཁག་གིས་ལས་ཁུར་དབྱེ་བགོས་ལྟར་ཡོ་བསྲང་བྱེད་པའི་བཀའ་དབབ་དགོས་ལ། སྒོར་ཁྲི10མན་གྱི་དངུལ་ཆད་གཅོད་ཆོག སྐྱེ་ཁམས་ལ་གཏོར་བརླག་བཟོས་ན། དུས་བཀག་ནང་དེ་དག་སླར་གསོ་བྱེད་པའམ་ཡང་ན་གསབ་བཅོས་ཐབས་བཀོད་གཞན་སྤྱོད་པའི་བཀའ་དབབ་དགོས། དེ་འབྲེལ་གྱི་བྱེད་སྒོ་ལྟེ་བའི་སྲུང་སྐྱོབ་ཁུལ་དུ་སྤེལ་ན། སྒོར་ཁྲི10ཡན་ནས་སྒོར་ཁྲི50མན་གྱི་དངུལ་ཆད་གཅད་དགོས་པ་དང་། སྤྱིར་བཏང་གི་ཚོད་འཛིན་ཁུལ་དུ་སྤེལ་ན། སྒོར་ཁྲི5ཡན་ནས་སྒོར་ཁྲི20མན་གྱི་དངུལ་ཆད་གཅད་དགོས།
དོན་ཚན་ཞེ་བཞི་བ། སྲོལ་ཡིག་འདིའི་དོན་ཚན་བཞི་བཅུ་བ་དང་ཞེ་གཅིག་པ། ཞེ་གསུམ་པ་བཅས་སུ་གཏན་ལ་ཕབ་པའི་ཁྲིམས་འགལ་བྱ་སྤྱོད་དེ། རང་བྱུང་སྲུང་སྐྱོབ་ཁུལ་གྱི་ས་ཁོངས་ནང་གི་མཚོ་ངོགས་དབྱེ་མཚམས་ཀྱི་རྒྱ་མཚོའི་གཞོགས་སུ་བྱུང་ན། མཚོ་ཐོག་ཉེན་རྟོག་སྡེ་ཁག་གིས་ལས་ཁུར་ཁྱབ་ཁོངས་ནང་དུ་ཁྲིམས་ལྟར་ཆད་པ་གཅོད་ཆོག
སྲོལ་ཡིག་འདིའི་དོན་ཚན་བཞི་བཅུ་བ་དང་ཞེ་གཅིག་པ། ཞེ་གསུམ་པ་བཅས་སུ་གཏན་ལ་ཕབ་པའི་ཁྲིམས་འགལ་བྱ་སྤྱོད་ལ། འབྲེལ་ཡོད་ཀྱི་སྲིད་འཛིན་ཁྲིམས་སྲོལ་ནང་གཏན་ལ་ཕབ་པའི་དངུལ་ཆད་ཀྱི་སྒོར་གྲངས་དེ་སྲོལ་ཡིག་འདིར་གཏན་ལ་ཕབ་པའི་དངུལ་གྲངས་ལས་མཐོ་ན། གཏན་འབེབས་དེ་ཉིད་སྤྱོད་འཐུས་པ་ཡིན།
དོན་ཚན་ཞེ་ལྔ་བ། རང་བྱུང་སྲུང་སྐྱོབ་ཁུལ་གྱི་ས་ཁོངས་ནང་གི་སྡེ་ཚན་དང་མི་སྒེར། དེ་མིན་རང་བྱུང་སྲུང་སྐྱོབ་ཁུལ་དུ་ཡོང་བའི་མི་སྣ་བཅས་ཀྱིས་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ལས་ཁུངས་ཀྱི་དོ་དམ་བརྩི་སྲུང་མ་བྱས་ན། རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ལས་ཁུངས་ལ་དེར་བཞམས་འགོག་དང་བཀག་འགོག་བྱེད་དབང་ཡོད། སྤྱི་པའི་སྒྲིག་ལམ་དཀྲུགས་པ་སོགས་བདེ་སྐྱོང་དོ་དམ་དང་འགལ་བའི་བྱ་སྤྱོད་དུ་གྲུབ་ན། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་བདེ་སྐྱོང་དོ་དམ་གྱི་ཆད་པ་གཅད་དགོས།
དོན་ཚན་ཞེ་དྲུག་པ། སྲོལ་ཡིག་འདིའི་གཏན་འབེབས་དང་འགལ་ནས། རང་བྱུང་ཐོན་ཁུངས་ལ་གཏོར་བརླག་གམ་ཡང་ན་ཁོར་ཡུག་སྦགས་བཙོག་དང་སྐྱེ་ཁམས་གཏོར་བརླག་བྱས་ན། ཁྲིམས་ལྟར་དམངས་དོན་འགན་ཁུར་འཁུར་དགོས། བྱས་ཉེས་སུ་གྲུབ་ན། ཁྲིམས་ལྟར་ཉེས་དོན་འགན་ཁུར་རྩད་གཅོད་བྱ་དགོས།
ལེའུ་ལྔ་བ། ཞར་བྱུང་དོན་ཚན།
དོན་ཚན་ཞེ་བདུན་པ། རྒྱལ་ཁབ་ཀྱི་རྒྱ་མཚོའི་ཁེ་དབང་དང་འབྲེལ་བའི་རང་བྱུང་སྲུང་སྐྱོབ་ཁུལ་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ནགས་ལས་རྩྭ་ཐང་གཙོ་སྐྱོང་སྡེ་ཁག་གིས་འབྲེལ་ཡོད་སྡེ་ཁག་དང་ལྷན་དུ་སྲོལ་ཡིག་འདི་གཞིར་བཟུང་སྟེ་དོ་དམ་བྱེད་ཐབས་ཞིབ་ཕྲ་བཟོ་དགོས།
ཞིང་ཆེན་ནམ་རང་སྐྱོང་ལྗོངས་སམ་ཐད་སྐྱོང་གྲོང་ཁྱེར་གྱི་མི་དམངས་སྲིད་གཞུང་གིས་སྲོལ་ཡིག་འདི་གཞིར་བཟུང་སྟེ། ལག་བསྟར་བྱེད་ཐབས་བཟོ་ཆོག
དོན་ཚན་ཞེ་བརྒྱད་པ། སྲོལ་ཡིག་འདི2026ལོའི་ཟླ3པའི་ཚེས15ཉིན་ནས་བཟུང་སྟེ་ལག་བསྟར་བྱ་དགོས། །