༄༅། །རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་གྱི་རྒྱལ་ཡོངས་ཀྱི་དབང་བོ་སྐྱོན་ཅན་ལ་དཔེ་འཐེན་བརྟག་དཔྱད་ཐེངས་གསུམ་པ་བྱེད་པའི་སྐོར་གྱི་བརྡ་སྦྱོར།

ཡོང་ཁུངས། 2026ལོའི༼ མཚོ་སྔོན་སྲིད་དོན༽འདོན་ཐེངས6པ།

༄༅། །རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་གྱི་རྒྱལ་ཡོངས་ཀྱི་དབང་བོ་སྐྱོན་ཅན་ལ་དཔེ་འཐེན་བརྟག་དཔྱད་ཐེངས་གསུམ་པ་བྱེད་པའི་སྐོར་གྱི་བརྡ་སྦྱོར།

རྒྱལ་གཞུང་འཕྲིན〔2026〕ཨང48པ།

 ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་སོ་སོའི་མི་དམངས་སྲིད་གཞུང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པུའུ་ཨུ་སོ་སོ་དང་ཐད་གཏོགས་ལས་ཁུངས་སོ་སོ་བཅས་ལ། 

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་བོ་སྐྱོན་ཅན་འགན་སྲུང་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྡོམ་རྩིས་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སྟེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས2026ལོའི་ཟླ6པ་ནས་བཟུང་སྟེ་རྒྱལ་ཡོངས་ཀྱི་དབང་བོ་སྐྱོན་ཅན་ལ་དཔེ་འཐེན་བརྟག་དཔྱད་ཐེངས་གསུམ་པ་བྱ་རྒྱུ་ཐག་བཅད། ད་ལྟ་འབྲེལ་ཡོད་དོན་ཚན་བརྡ་སྦྱོར་བཏང་བ་གཤམ་གསལ་ལྟར། 

གཅིག སྤྱིའི་བླང་བྱ།

   ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་བ་དང་སྐབས་ཉི་ཤུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ལག་བསྟར་ཟབ་མོ་བྱས་ཐོག ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ནན་ཏན་གྱིས་དོན་འཁྱོལ་བྱེད་པ་དང་། ཁྲིམས་ལྟར་ལག་བསྟར་དང་ཚན་རིག་ལྟར་བརྟག་དཔྱད། ཞིབ་ཚགས་ཀྱིས་བཀོད་སྒྲིག དངོས་སྒྲུབ་གསར་གཏོད་བཅས་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། རང་རྒྱལ་གྱི་དབང་བོ་སྐྱོན་ཅན་དང་དེ་དག་གི་ཁྱིམ་ཚང་གི་གཞི་རྩའི་གནས་ཚུལ་དང་། དབང་བོ་སྐྱོན་ཅན་གྱི་དབང་བོར་སྐྱོན་བྱུང་བའི་གནས་ཚུལ་དང་འཚོ་བ། འཕེལ་རྒྱས་ཀྱི་གནས་ཚུལ་སོགས་ཕྱོགས་ཡོངས་ནས་དོན་དངོས་ལྟར་མཚོན་པར་བྱས་ཏེ། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ།  སྲིད་ཇུས་བཅས་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་། མི་འབོར་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་ལ་ཡང་དག་པའི་སྡོམ་རྩིས་ཆ་འཕྲིན་གྱི་འདེགས་སྐྱོར་འདོན་སྤྲོད་བྱ་དགོས།

གཉིས། བརྟག་དཔྱད་བྱ་ཡུལ་དང་ཁྱབ་ཁོངས།

   བརྟག་དཔྱད་བྱ་ཡུལ་ནི་རང་རྒྱལ་གྱི་མངའ་ཁོངས་ཀྱི་ཟུར་འཐེན་བརྟག་དཔྱད་སྡེ་ཁུལ་གྱི་རྒྱུན་སྡོད་མི་འབོར་ཡོངས་ཡིན་པ་དང་། རྒྱལ་ཡོངས་སུ་བསྡོམས་པས་ཧ་ལམ་མི་ཁྲི280ཙམ་ཟུར་འཐེན་བྱ་རྒྱུ་ཡིན།

གསུམ། བརྟག་དཔྱད་ཀྱི་ནང་དོན་དང་དུས་ཚོད།

   བརྟག་དཔྱད་ཀྱི་ནང་དོན་ནི་བརྟག་དཔྱད་བྱ་ཡུལ་མི་སྒེར་དང་ཁྱིམ་ཚང་གི་གཞི་རྩའི་གནས་ཚུལ་དང་། བརྟག་དཔྱད་བྱ་ཡུལ་ཁྲོད་ཀྱི་དབང་བོ་སྐྱོན་ཅན་དག་གི་དབང་བོར་སྐྱོན་བྱུང་བའི་གནས་ཚུལ་དང་དབང་བོ་སྐྱོན་ཅན་དུ་གྱུར་བའི་རྒྱུ་རྐྱེན། དབང་བོ་སྐྱོན་ཅན་གྱི་དཔང་ཡིག་བླངས་ཡོད་མེད་ཀྱི་གནས་ཚུལ(དཔང་ཡིག་བླངས་མེད་པའི་རྒྱུ་རྐྱེན་འདུས)། འཚོ་བའི་གནས་ཚུལ། ཞབས་ཕྱིའི་གནས་ཚུལ་དང་དགོས་མཁོ་སོགས་ཡིན།

  ཐེངས་འདིའི་བརྟག་དཔྱད་ནི2026ལོའི་ཟླ6པ་ནས་མགོ་བརྩམས་ཏེ2028ལོའི་ཟླ12པར་མཇུག་བསྒྲིལ་རྒྱུ་ཡིན།

བཞི། རྩ་འཛུགས་དང་ལག་བསྟར།

  རྒྱལ་ཡོངས་ཀྱི་དབང་བོ་སྐྱོན་ཅན་ལ་དཔེ་འཐེན་བརྟག་དཔྱད་ཐེངས་གསུམ་པ་བྱེད་པ་ནི་རྒྱལ་ཁབ་ཀྱི་གནས་ཚུལ་ལ་བརྟག་དཔྱད་བྱེད་ཐེངས་གལ་ཆེན་ཞིག་ཡིན་པས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་རྒྱལ་ཡོངས་ལ་གཅིག་གྱུར་གྱིས་མགོ་ཁྲིད་དང་སྡེ་ཁག་གིས་ལས་བགོས་མཉམ་ལས་བྱེད་པ། ས་གནས་ཀྱིས་རིམ་པ་དབྱེ་ནས་འགན་འཁུར་བ། ཕྱོགས་སོ་སོ་མཉམ་དུ་ཐེ་ཞུགས་བྱེད་པ་བཅས་ཀྱི་རྩ་དོན་ལྟར་རྩ་འཛུགས་དང་ལག་བསྟར་བྱ་དགོས།

  བརྟག་དཔྱད་བྱ་བར་རྩ་འཛུགས་དང་མགོ་ཁྲིད་བྱེད་ཤུགས་ཇེ་ཆེར་གཏོང་ཆེད། ཀྲུང་གོའི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་དམངས་སྲིད་པུའུ་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན།  ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས། རྒྱལ་ཁབ་སྡོམ་རྩིས་ཅུས་སོགས་འབྲེལ་ཡོད་སྡེ་ཁག་སྡེ་ཚན་དང་མཉམ་དུ་རྒྱལ་ཡོངས་ཀྱི་དབང་བོ་སྐྱོན་ཅན་དཔེ་འཐེན་བརྟག་དཔྱད་ཐེངས་གསུམ་པའི་མགོ་ཁྲིད་ཚན་ཆུང་བཙུགས་ནས། བརྟག་དཔྱད་བྱ་བར་རྩ་འཛུགས་དང་བརྟག་དཔྱད་བྱེད་ཁྲོད་ཀྱི་གནད་དོན་གལ་ཆེན་མཐུན་སྦྱོར་དང་ཐག་གཅོད་བྱེད་འགན་འཁུར་དགོས། མགོ་ཁྲིད་ཚན་ཆུང་གི་གཞུང་ལས་ཁང་དེ་ཀྲུང་གོའི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་སུ་བཙུགས་ཏེ། བརྟག་དཔྱད་བྱ་བར་ནམ་རྒྱུན་རྩ་འཛུགས་དང་དངོས་སུ་མཐུན་སྦྱོར་བྱེད་འགན་འཁུར་དགོས། བརྟག་དཔྱད་ལས་འགན་འགྲུབ་རྗེས་སུ་མགོ་ཁྲིད་ཚན་ཆུང་རང་ཤུགས་ཀྱིས་རྩིས་མེད་དུ་བུད་འགྲོ།

  མགོ་ཁྲིད་ཚན་ཆུང་གི་ཁོངས་ཞུགས་སྡེ་ཚན་སོ་སོས་ལས་ཁུར་དབྱེ་བགོས་ལྟར་རང་འགན་རང་འཁུར་དང་ཤུགས་སྒྲིལ་མཉམ་ལས། གཞོགས་འདེགས་དམ་ཟབ། ཆ་འཕྲིན་མཉམ་སྤྱོད་བཅས་བྱ་དགོས། རྫོང་རིམ་པ་ཡན་གྱི་ས་གནས་ཀྱི་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་རྩ་འཛུགས་དང་མགོ་ཁྲིད་བྱེད་ཤུགས་ངེས་པ་དོན་གྱིས་ཇེ་ཆེར་བཏང་སྟེ། བརྟག་དཔྱད་ལས་འགན་བདེ་བླག་ངང་འགྲུབ་པར་ཁག་ཐེག་བྱ་དགོས། སྲང་ལམ་དོན་གཅོད་ཁང་དང་སྡོད་དམངས་ཨུ་ཡོན་ལྷན་ཁང་། ཞང་ངམ་གྲོང་རྡལ་མི་དམངས་སྲིད་གཞུང་། སྡེ་དམངས་ཨུ་ཡོན་ལྷན་ཁང་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སྤྱི་ཚོགས་ཀྱི་སྟོབས་ཤུགས་ཧུར་ཐག་གིས་བརྟག་དཔྱད་བྱ་བའི་ཁྲོད་དུ་ཞུགས་ནས་ནན་ཏན་གྱིས་གཞོགས་འདེགས་ལེགས་པོ་བྱེད་པར་སྐུལ་སློང་དང་རྩ་འཛུགས་བྱ་དགོས།

ལྔ། གྲོན་དངུལ་འགན་སྲུང་།

   རྒྱལ་ཡོངས་ཀྱི་དབང་བོ་སྐྱོན་ཅན་ལ་དཔེ་འཐེན་བརྟག་དཔྱད་ཐེངས་གསུམ་པ་བྱེད་པར་མཁོ་བའི་གྲོན་དངུལ་དེ། ཀྲུང་དབྱང་དང་ས་གནས་ཀྱི་ནོར་སྲིད་ཀྱིས་ཐ་དད་དུ་འགན་འཁུར་དགོས་ལ། དེ་མཐུན་གྱི་ལོ་འཁོར་གྱི་ནོར་སྲིད་སྔོན་རྩིས་ནང་དུ་བཅུག་སྟེ་དུས་ཐོག་ཏུ་གཏོང་སྤྲོད་དང་མཁོ་སར་འབྱོར་བར་ཁག་ཐེག་བྱས་ནས། བརྟག་དཔྱད་བྱ་བ་བདེ་བླག་ངང་སྤེལ་བར་འགན་སྲུང་བྱ་དགོས།

དྲུག བྱ་བའི་བླང་བྱ།

  (གཅིག) ཁྲིམས་ལྟར་བརྟག་དཔྱད་བྱེད་པ་རྒྱུན་འཁྱོངས་བྱ་དགོས། སྡོམ་རྩིས་བརྟག་དཔྱད་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་གཟབ་ནན་སྒོས་དོན་འཁྱོལ་བྱ་དགོས་པ་ལས། བརྟག་དཔྱད་ཀྱི་གཞི་གྲངས་རྫུན་ཞུ་དང་གསང་བ། ཡར་ཞུ་མི་བྱེད་པ། འགྱངས་ཞུ་བཅས་བྱེད་མི་ཆོག་ལ། རྫུན་བཟོ་དང་གཡོ་བཅོས་ཀྱང་བྱེད་མི་ཆོག  དབང་བོར་སྐྱོན་བྱུང་བར་མཐོང་ཆུང་བྱེད་པར་གཏན་འགོག་དང་། དབང་བོ་སྐྱོན་ཅན་ལ་དམའ་འབེབས་དང་གནོད་འཚེ་གཏོང་བར་གཏན་འགོག་བྱ་དགོས། བརྒྱུད་རིམ་ཧྲིལ་བོར་བརྟག་དཔྱད་བྱ་ཡུལ་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རིམ་པ་སོ་སོའི་བརྟག་དཔྱད་ལས་ཁུངས་དང་དེའི་ལས་བྱེད་མི་སྣས་ངེས་པར་དུ་གསང་སྲུང་གི་འོས་འགན་གཟབ་ནན་གྱིས་བསྒྲུབ་དགོས་པ་ལས། ལས་ཁུངས་དང་སྡེ་ཚན། མི་སྒེར་གང་རུང་ལ་བརྟག་དཔྱད་བྱ་ཡུལ་མི་སྒེར་གྱི་ཆ་འཕྲིན་ཕྱིར་སྒྲོག་གམ་ཕྱིར་འཚོང་བྱེད་པར་གཏན་འགོག་བྱ་དགོས། བརྟག་དཔྱད་བྱ་བའི་ཐད་ནས་དགོས་ངེས་དང་ཚད་ལྡན་གྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བའི་བླང་བྱ་གཟབ་ནན་གྱིས་དོན་འཁྱོལ་བྱེད་པ་དང་། སྐོང་སྤྲོད་ཀྱི་རྣམ་གྲངས་ཁུ་བསྡུ་དང་བསྡུ་སྒྲིལ། དཔྱད་གཞི་ཉུང་འཕྲི་བཅས་བྱས་ནས། ཕྱོགས་མང་པོར་བསྐྱར་ཟློས་ཀྱིས་སྐྱེལ་སྤྲོད་བྱེད་པར་གཏན་འགོག་བྱ་དགོས།

  (གཉིས) གཞི་གྲངས་ཀྱི་སྤུས་ཚད་ཁག་ཐེག་བྱ་དགོས། བརྟག་དཔྱད་བྱ་བའི་བརྒྱུད་རིམ་ཚད་ལྡན་དུ་གཏོང་བ་དང་། དེང་རབས་ཀྱི་སྡོམ་རྩིས་བརྟག་དཔྱད་བྱེད་ཐབས་གསར་གཏོད་ལྡན་པའི་སྒོ་ནས་བེད་སྤྱོད་བྱེད་ཅིང་། བརྟག་དཔྱད་གཞི་གྲངས་ཀྱི་སྤུས་ཚད་ཁུངས་འདེད་རྐྱེན་སྲོལ་འཐུས་སྒོ་ཚང་བར་འཛུགས་པ་དང་། སྡེ་ཁག་གི་གཞི་གྲངས་ཆ་འཕྲིན་དང་སྤྱི་ཚོགས་ཀྱི་གཞི་གྲངས་ཆེན་མོ་ཉེར་སྤྱོད་གང་ལེགས་བྱས་ཐོག དོན་དག་གི་མགོ་མཇུག་བར་གསུམ་དུ་གཞི་གྲངས་ཀྱི་སྤུས་ཚད་ལ་ཞིབ་བཤེར་དང་ཞིབ་དཔྱད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བརྟག་དཔྱད་ཀྱི་གཞི་གྲངས་འཚོལ་སྡུད་དང་ཐག་གཅོད་བྱེད་པའི་ཕན་ནུས་ཇེ་ཆེར་བཏང་སྟེ། བརྟག་དཔྱད་ཀྱི་གཞི་གྲངས་དངོས་མ་དང་ཡང་དག ཆ་ཚང་ཞིང་ཡིད་རྟོན་རུང་བ་བཅས་ཡོང་བར་ཁག་ཐེག་བྱ་དགོས།

  (གསུམ) དྲིལ་སྒྲོག་དང་ཁྲིད་སྟོན་ལེགས་པོ་བྱ་དགོས། རྒྱལ་ཡོངས་ཀྱི་དབང་བོ་སྐྱོན་ཅན་ལ་དཔེ་འཐེན་བརྟག་དཔྱད་ཐེངས་གསུམ་པ་བྱེད་པའི་དོན་སྙིང་གལ་ཆེན་དང་བླང་བྱ་དྲིལ་སྒྲོག་ཟབ་མོ་བྱས་ཏེ། བརྟག་དཔྱད་བྱ་ཡུལ་གྱིས་ཁྲིམས་ལྟར་བརྟག་དཔྱད་ལ་གཞོགས་འདེགས་བྱས་ནས་བརྟག་དཔྱད་རྣམ་གྲངས་ཇི་མ་ཇི་བཞིན་སྐོང་སྤྲོད་བྱེད་པར་ཁྲིད་སྟོན་བྱ་དགོས། འདྲ་མཉམ་དང་མཉམ་འདྲེས། མཉམ་སྤྱོད་བཅས་ཀྱི་རིན་ཐང་ཕྱོགས་སྟོན་ཁོང་དུ་དམ་པོར་ཆུད་པར་བྱས་ནས། སྤྱི་ཚོགས་ཡོངས་ཀྱིས་དབང་བོ་སྐྱོན་ཅན་ལ་བསམ་ཤེས་དང་བརྩི་བཀུར། སེམས་ཁུར། རོགས་རམ་བཅས་བྱེད་པའི་སྣང་ཚུལ་དང་ཁོར་ཡུག་བཟང་པོ་ཞིག་ཧུར་ཐག་གིས་བསྐྲུན་དགོས།།

 

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན།

2026ལོའི་ཟླ5བའི་ཚེས23ཉིན།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།