མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཁྱབ་ནགས(རྩྭ)དཔོན་གྱི་བཀའ་ཁྱབ།

ཡོང་ཁུངས། 2024ལོའི༼ཏང་གི་འཚོ་བ༽འདོན་ཐེངས4པ།

མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཁྱབ་ནགས(རྩྭ)དཔོན་གྱི་བཀའ་ཁྱབ།

2026ལོའི་ཨང2པ།

རྩྭ་བཀག་དོ་དམ་ལ་ངེས་པ་དོན་གྱིས་ཤུགས་སྣོན་པ་དང་། ནགས་རྩྭའི་སྐྱེ་ཁམས་སླར་གསོའི་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ། སྐྱེ་ཁམས་བདེ་འཇགས་དང་ནགས་རྩྭའི་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགན་སྲུང་བྱེད་ཆེད། 《མཚོ་སྔོན་ཞིང་ཆེན་གྱི་ལྗང་སྒྱུར་སྲོལ་ཡིག》སོགས་ཁྲིམས་སྲོལ་དང་འབྲེལ་ཡོད་སྲིད་ཇུས་ཀྱི་གཏན་འབེབས་གཞིར་བཟུང་སྟེ། བཀའ་ཁྱབ་འདི་ཆེད་དུ་བསྒྲགས་པ་ཡིན། 

གཅིག རྩྭ་བཀག་ཁྱབ་ཁོངས།

ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་དབྱེ་མཚམས་བཅད་པའི་རྩྭ་བཀག་རྩྭ་ཐང་དང་རང་བྱུང་ནགས་ཚལ་སྲུང་སྐྱོབ་ཁུལ། རྨོ་བསྐྱུར་ནགས་གསོའི་ལས་གྲྭའི་ཁུལ། “བྱང་གསུམ”ལས་གྲྭ་དང་རྒྱལ་ཁོངས་ལྗང་སྒྱུར་གྱི་བཙུགས་ཤིང་ནགས་ས་གསར་བ།  སྡོང་ཕྲུག་ནགས་ས། བྱེ་འགྱུར་ས་ཞིང་བཀག་སྡོམ་ཁུལ་སོགས་ཀྱི་ས་ཁོངས་འདུས།

གཉིས། རྩྭ་བཀག་དུས་ཡུན།

ས་གནས་སོ་སོས་འགོག་སྡོམ་དངོས་ཀྱི་བླང་བྱ་ལྟར། ཚན་རིག་དང་མཐུན་པར་དཔྱད་དཔོག་བྱས་པའི་རྨང་གཞིའི་སྟེང་། རྩྭ་བཀག་ཁུལ་ལ་འགུལ་རྣམ་ལྟར་ལེགས་སྒྲིག་བྱ་དགོས། རྩྭ་བཀག་པའི་ཁྱབ་ཁོངས་དང་རྒྱ་ཁྱོན། མཐའ་མཚམས། དུས་ཡུན་བཅས་ནི་རྫོང་རིམ་པའི་ནགས་རྩྭ་གཙོ་སྐྱོང་སྡེ་ཁག་གིས་ཞིབ་བཤེར་གཏན་འབེབས་བྱ་དགོས་པ་མ་ཟད་རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱ་དགོས།

གསུམ། རྩྭ་བཀག་བླང་བྱ། 

(གཅིག)རྩྭ་བཀག་ཁྱབ་ཁོངས་སུ་ཉེན་བརྡའི་མཚོན་རྟགས་དང་འགན་ཁུར་སྤྱི་བསྒྲགས་བྱང་བུ་བཙུགས་ནས། རྩྭ་བཀག་དུས་ཡུན་དང་འགན་ཁུར་སྡེ་ཚན། བདག་སྲུང་མི་སྣ། ཐེར་འདོན་ཁ་པར་བཅས་ངེས་གསལ་བཟོས་ཏེ། མཐའ་མཚམས་གསལ་བོ་ཡིན་པ་དང་། འགན་ཁུར་མི་ལ་འགེལ་བ། ལྟ་སྐུལ་དོ་དམ་གནད་ལ་འཁེལ་བ་བཅས་ཁག་ཐེག་བྱ་དགོས།

(གཉིས)ཁྲིམས་སྲོལ་དང་སྲིད་ཇུས་ནང་གཏན་འབེབས་ལོགས་སུ་བྱས་ཡོད་པའི་གནས་ཚུལ་མ་གཏོགས། རྩྭ་བཀག་ས་ཁོངས་སུ་སྡེ་ཚན་དང་མི་སྒེར་གང་གིས་ཀྱང་སྒྲིག་འགལ་གྱིས་ཕྱུགས་འཚོ་མི་ཆོག རྩྭ་བཀག་ལག་བསྟར་བྱེད་པའི་རྩྭ་ཐང་རང་དགར་འཁོར་རྒྱུག་བྱེད་མི་ཆོག་པ་དང་། རྩྭ་བཀག་ཁུལ་གྱི་རྩྭ་ཐང་ལ་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁ་གསབ་བྱ་དགའི་སྲིད་ཇུས་དོན་འཁྱོལ་བྱ་དགོས།

(གསུམ)ནགས་ཚལ་དང་རྩྭ་ཐང་ལ་གཏོར་བརླག་གཏོང་བ་དང་ས་རྒོད་སློག་པ། ནགས་ས་དང་རྩྭ་ས་ཁྲིམས་འགལ་གྱིས་བདག་བཟུང་བྱེད་པ། རི་སྐྱེས་རྩི་ཤིང་གང་བྱུང་དུ་འཐུ་བ་དང་བསྐོ་བ། ཁྲིམས་མིན་གྱིས་རི་དྭགས་རྔོན་པ། ཕྱི་རོལ་དུ་མེ་འབུད་པ་བཅས་གཏན་འགོག་བྱ་དགོས། རྩྭ་བཀག་མཚོན་རྟགས་དང་། ལྕགས་ར། ལྟ་སྐུལ་ཚོད་འཛིན་སྒྲིག་ཆས་སོགས་བདག་སྲུང་སྒྲིག་བཀོད་རང་འདོད་ཀྱིས་སྤོ་སྣུར་དང་གཏོར་བརླག་གཏོང་མི་ཆོག

(བཞི)ཕྱུགས་འཚོ་བ་བཀག་ཀྱང་ཕྱུགས་གསོ་བ་མི་འགོག་པ་དང་ཕྱུགས་ཀྱི་ཁ་གྲངས་སྙུང་ཡང་ཡོང་འབབ་མི་སྙུང་བ་རྒྱུན་འཁྱོངས་བྱས་ཏེ། རོང་འབྲོག་པས་ཁང་གསོ་སྡོམ་གསོ་དང་། ཚད་ལྡན་ཅན་དང་གཞི་ཁྱོན་ཅན་གྱི་སྒོ་ནས་གསོ་སྤེལ་བྱེད་པའི་ཕྱོགས་སུ་ཁྲིད་སྟོན་བྱ་དགོས།  

བཞི། འགན་ཁུར་ལས་བགོས།

(གཅིག)གཏོགས་ཡུལ་གྱི་འགན་ཁུར། རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་རང་སྲིད་འཛིན་ས་ཁོངས་ཀྱི་རྩྭ་བཀག་བྱ་བར་རྩ་འཛུགས་དང་། མགོ་ཁྲིད་དང་གཅིག་འདོམས་བཅས་བྱེད་པའི་འགན་འཁུར་དགོས་ལ། མགོ་ཁྲིད་གཙོ་བོས་འགན་ཁུར་པ་དང་པོའི་ལས་ཁུར་ཡག་པོ་བསྒྲུབས་ཏེ། མངའ་ཁུལ་གྱི་རྩྭ་བཀག་སྐོར་ཞིབ་དང་། དྲིལ་སྒྲོག་བསླབ་སྟོན། གནད་དོན་སྒྱུར་བཅོས་བཅས་ཞིབ་ཕྲ་སྒོས་རྩ་འཛུགས་ལག་བསྟར་བྱས་ཏེ། ཤང་དང་སྡེ་བ། དུད་ཚང་། ཞིང་དུམ་བཅས་སུ་འགན་ཁུར་དོན་འཁྱོལ་ཐུབ་པར་བྱ་དགོས།

(གཉིས)ལྟ་སྐུལ་དོ་དམ་གྱི་འགན་ཁུར། ནགས་རྩྭ་སྡེ་ཁག་སྣེ་ཁྲིད་དེ་རྩྭ་བཀག་བྱ་བར་གཅིག་འདོམས་དང་། ལག་རྩལ་མཛུབ་སྟོན། བརྟག་འཇལ་དཔྱད་དཔོག་དང་ལྟ་སྐུལ་དོ་དམ་བཅས་བྱེད་པའི་འགན་འཁུར་དགོས་པ་དང་། ཞིང་ལས་ཞིང་སྡེ་སྡེ་ཁག་གིས་ཁང་གསོ་སྡོམ་གསོ་དང་རྩྭ་ཐང་གི་ཕྱུགས་ལས་རིགས་སྒྱུར་རིམ་སྤོར་ལ་མཛུབ་སྟོན་བྱེད་པ་དང་། སྤྱི་བདེ་དང་རང་བྱུང་ཐོན་ཁུངས། སྐྱེ་ཁམས་ཁོར་ཡུག  ཆུ་བེད་སོགས་སྡེ་ཁག་གིས་མཉམ་སྡེབ་མཉམ་འགུལ་བྱས་ཏེ། ཁྲིམས་འགལ་བྱ་སྤྱོད་ལ་ཁྲིམས་ལྟར་ཐག་གཅོད་བྱ་དགོས།

(གསུམ)བྱེད་པོའི་འགན་ཁུར། སྡེ་བའི་ཐུན་མོང་དང་རྩྭ་ཐང་འགན་གཙང་ལེན་གྱིས་གཉེར་སྐྱོང་བྱེད་མཁན་ནི་རྩྭ་བཀག་བྱ་བའི་ཐད་ཀའི་འགན་ཁུར་པ་ཡིན་པས། ནགས་རྩྭའི་ཐོན་ཁུངས་སྲུང་སྐྱོབ་ཀྱི་འོས་འགན་བསྒྲུབ་དགོས་པ་དང་། རང་རྟོགས་ཀྱིས་རྩྭ་བཀག་སྐོར་གྱི་གཏན་འབེབས་བརྩི་སྲུང་བྱ་དགོས།

(བཞི)དྲ་མིག་ཅན་གྱི་བདག་སྲུང་། ནགས(རྩྭ)དཔོན་ལམ་ལུགས་ལ་བརྟེན་ནས“ཤང་དང་གྲོང་རྡལ+གྲོང་སྡེ+བདག་སྲུང་པ”བཅས་དྲ་མིག་ཅན་གྱི་མ་ལག་འཐུས་ཚང་དུ་བཏང་སྟེ། ནགས་སྲུང་པས་རྒྱུན་རྣམ་ལྟར་སྐོར་ཞིབ་བྱས་ཏེ་སྒྲིག་འགལ་ཁུངས་སྣེ་དུས་ཐོག་ཏུ་གོང་ཞུ་བྱ་དགོས། 

ལྔ། ཁྲིམས་བསྟར་ནན་མོ་བྱ་དགོས།

(གཅིག)ཉིན་རྒྱུན་གྱི་སྐོར་ཞིབ་དང་ཆེད་དམིགས་སྒྲིག་བཅོས་བྱེད་ཤུགས་ཆེ་རུ་བཏང་ནས། མི་མེད་གནམ་གྲུ་དང་། བརྙན་མིག་ལྟ་སྡོམ། གཞི་གྲངས་ཆེན་མོ་སོགས་ཚན་རྩལ་ཐབས་ཤེས་སྤྱད་དེ་ལྟ་སྐུལ་དོ་དམ་གྱི་ཕན་ནུས་ཆེ་རུ་གཏང་དགོས། 

(གཉིས)རྩྭ་བཀག་ཁྱབ་ཁོངས་སུ་སྒྲིག་འགལ་གྱིས་ཕྱུགས་འཚོ་བ་དང་། ནགས་རྩྭ་དང་སྔོ་ཁེབས་ལ་གཏོར་བརླག་གཏོང་བ། བདག་སྲུང་ སྒྲིག་བཀོད་ལ་གཏོར་བཤིག་གཏོང་བ་བཅས་ལ། ནགས་རྩྭ་གཙོ་སྐྱོང་སྡེ་ཁག་གམ་ཕྱོགས་བསྡུས་ཁྲིམས་བསྟར་སྡེ་ཁག་གིས་ཁྲིམས་ལྟར་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མཚམས་འཇོག་པ་དང་།  དུས་བཀག་ནང་སྔོ་ཁེབས་སླར་གསོ་བྱ་རྒྱུའི་བཀའ་འབེབས་པ་མ་ཟད་དངུལ་ཆད་གཅད་དགོས།  བྱས་ཉེས་སུ་གྲུབ་ན།  ཁྲིམས་འཛིན་ལས་ཁུངས་ལ་སྐྱེལ་སྤྲོད་བྱས་ཏེ་ཁྲིམས་ལྟར་རྩད་གཅོད་བྱ་དགོས།  

(གསུམ)རིམ་པ་སོ་སོའི་ནགས(རྩྭ)དཔོན་དང་གཏོགས་ཡུལ་སྲིད་གཞུང་། འབྲེལ་ཡོད་སྡེ་ཁག་བཅས་ཀྱིས་ལས་ཁུར་སྒྲུབ་ཤུགས་མི་འདང་བ་དང་། ལྟ་སྐུལ་དོ་དམ་བྱེད་མཁན་མེད་པ། རང་འགན་གཞན་དཀྲི་བྱས་པ་བཅས་ཀྱི་དབང་གིས།   རྩྭ་བཀག་པ་ནུས་མེད་དུ་གྱུར་བ་དང་། སྐྱེ་ཁམས་སླར་གསོའི་ལས་གཞི་ལ་གཏོར་བརླག་ཚབས་ཆེན་ཐེབས་པ།  སྐྱེ་ཁམས་གནད་དོན་འབུར་ཐོན་ཡིན་པ་བཅས་བྱུང་ན།  སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ལ་སྐྱེལ་སྤྲོད་བྱས་ཏེ་ཁྲིམས་སྲོལ་དང་སྒྲིག་ཁྲིམས་ལྟར་འགན་འཁྲི་རྩད་གཅོད་བྱ་དགོས། 

དྲུག འགན་སྲུང་བྱེད་ཤུགས་ཆེ་རུ་གཏང་དགོས།

(གཅིག)རྒྱལ་དབང་ནགས་ཚལ་བདག་སྲུང་མ་དངུལ་དང་། རྒྱལ་དབང་མིན་པའི་ནགས་ཚལ་གྱི་སྐྱེ་ཁམས་ཁ་གསབ་མ་དངུལ། རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁ་གསབ་བྱ་དགའི་མ་དངུལ། སྐྱེ་ཁམས་ནགས་སྲུང་པའི་བདག་སྲུང་བྱས་འབྲས་ཀྱི་དོ་དམ་སྲིད་ཇུས་བཅས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཕྱུགས་ར་སྒྱུར་བཀོད་དང་། གཟན་རྩྭ་དང་གཟན་ཆས་རྟེན་གཞི་འཛུགས་སྐྲུན། རྩྭ་སོན་གསོ་སྤེལ་བཅས་ལ་རྒྱབ་སྐྱོར་བྱས་ནས་རོང་འབྲོག་པའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་པ་དང་། རིགས་སྒྱུར་འཕེལ་རྒྱས་ལ་ཧུར་ཐག་གིས་སྐུལ་འདེད་གཏང་དགོས།

(གཉིས)ཐབས་ལམ་མང་པོ་བརྒྱུད་ནས་རྩྭ་བཀག་སྲིད་ཇུས་དང་བཅའ་ཁྲིམས་ཁྲིམས་སྲོལ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཤེས་བྱ་བཅས་དྲིལ་བསྒྲགས་བྱས་ཏེ། མི་ཀུན་གྱིས་ཤེས་ཤིང་། བརྩི་སྲུང་ཐུབ་པར་བྱས་ནས་ཐུན་མོང་ཐོག་ནགས་རྩྭའི་ཐོན་ཁུངས་སྲུང་སྐྱོབ་བྱེད་པའི་རྣམ་པ་བཟང་བོ་བསྐྲུན་དགོས།

(གསུམ)ལྟ་སྐུལ་དང་ཐེར་འདོན་གྱི་ཐབས་ལམ་གེགས་མེད་བཟོ་བ་དང་། ཐེར་འདོན་ཁ་པར་ཁྱབ་བསྒྲགས་བྱེད་ཅིང་། མང་ཚོགས་ཀྱིས་ལྟ་སྐུལ་བྱེད་པར་བསྔགས་སྐུལ་བྱས་ཏེ། ནུས་ལྡན་གྱི་ཐེར་འདོན་ལ་འོས་འཚམ་གྱི་བྱ་དགའ་སྟེར་དགོས། 

ཞིང་ཆེན་རིམ་པའི་སྤྱི་ཁྱབ་ནགས(རྩྭ)དཔོན།

ཝུའུ་ཞའོ་ཅུན།  

ལུའོ་ཏུང་ཁྲོན།  

2026ལོའི་ཟླ4བའི་ཚེས10ཉིན།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།