མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཁྱབ་ནགས(རྩྭ)དཔོན་གྱི་བཀའ་ཁྱབ།
2026ལོའི་ཨང1པོ།
2026ལོ་ནི“ལོ་ལྔ་ཚན་བཅོ་ལྔ་བ”མགོ་ཚུགས་པའི་ལོ་ཡིན་ལ། “བྱང་གསུམ”ལས་གྲྭའི་འགག་སྒྲོལ་དམག་འཐབ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཞིང་འགག་སྒྲོལ་དཀའ་སེལ་བྱེད་པའི་གནད་འགག་གི་དུས་མཚམས་ཤིག་ཀྱང་ཡིན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ནགས(རྩྭ)དཔོན་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་གཏིང་ཟབ་མོས་སློབ་སྦྱོང་དང་ལག་བསྟར་བྱེད་ཅིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བྱང་གསུམ”ལས་གྲྭ་འཛུགས་སྐྲུན་སྐོར་གྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་མཆན་བཀོད་ཀྱི་དགོངས་དོན་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་ཐོག “ཆེ་ཤོས་གསུམ”གྱི་ཞིང་ཆེན་གནས་བབ་ངེས་གནས་དང“ལྷག་ཏུ་གལ་ཆེ་བ་གསུམ”གྱི་འཐབ་ཇུས་གོ་གནས་ལ་གཞི་ཚུགས་ཤིང་། མ་ལག་ལྡན་པའི་ལྟ་བ་རྒྱུན་འཁྱོངས་དང་བཅོས་སྐྱོང་གི་གཙོ་གནད་འབུར་ཐོན། ཚན་རིག་དང་མཐུན་པའི་བྱེ་བཅོས་རྒྱུན་འཁྱོངས། ནགས(རྩྭ)དཔོན་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱ་རྒྱུ་འཆང་གཟུང་བྱེད་པ་རྒྱུན་འཁྱོངས་བཅས་བྱས་ནས། “བྱང་གསུམ”ལས་གྲྭ་འཛུགས་སྐྲུན་གྱི་སྤུས་འདེགས་ནུས་སྤེལ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། ཞིང་ཆེན་ཡོངས་ཀྱི་ནགས་རྩྭའི་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ཏེ། མཛེས་པའི་ཀྲུང་གོ་འཛུགས་སྐྲུན་གྱི་མཚོ་སྔོན་གྱི་ལེའུ་ནུས་ཤུགས་ཡོད་རྒུས་བྲི་དགོས།
གཅིག ཆབ་སྲིད་ཀྱི་ལངས་གནས་ཇེ་མཐོར་བཏང་སྟེ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཆབ་སྲིད་འགན་ཁུར་བརྟན་པོར་འཁུར་དགོས།
རིམ་པ་སོ་སོའི་ནགས(རྩྭ)དཔོན་གྱིས“བྱང་གསུམ”ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་ཟབ་མོ་བྱེད་ཅིང་། འགན་ཁུར་པ་དང་པོའི་ལས་ཁུར་ངེས་པ་དོན་གྱིས་ལག་ཏུ་བསྟར་ནས། “བྱང་གསུམ”ལས་གྲྭ་འཛུགས་སྐྲུན་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩི་ཞིང་། ཏང་ཨུ་དང་སྲིད་གཞུང་གི་གྲོས་རིམ་ཉིན་ཐོ་གལ་ཆེན་དུ་བཞག་ནས་བཀོད་སྒྲིག་སྐུལ་སྤེལ་དང་གནད་འཕིག་དཔྱད་ཞིབ་བྱས་ཏེ། ཏང་སྲིད་ཀྱི་འགན་མཚུངས་པ་དང་། གཏོགས་ཡུལ་གྱིས་འགན་འཁུར་བ། སྡེ་ཁག་གིས་མཉམ་སྡེབ་བྱེད་པ། འབྱུང་རྩ་ནས་བཅོས་སྐྱོང་བྱེད་པ། ཁོངས་ཡོངས་སུ་ཁེབས་པར་བྱེད་པ་བཅས་ཀྱི་བྱ་བའི་རྣམ་པ་འཛུགས་སྐྱོང་བྱ་དགོས། “བྱང་གསུམ”ལས་གྲྭའི་ལས་གཞི་གལ་ཆེན་ཚད་གཞི་མཐོན་པོས་འཛུགས་སྐྲུན་དང་ལས་ཕྱོད་མཐོན་པོས་སྐུལ་སྤེལ་བྱེད་ཅིང་། འགན་ཁུར་དོན་འཁྱོལ་ནན་མོ་བྱས་ཏེ། ལས་གྲྭ་འཛུགས་སྐྲུན་གྱི་གྲུབ་འབྲས་ཀྱིས་བརྟག་བཤེར་གྱི་ཉམས་སད་ཐེག་ཐུབ་པར་ཁག་ཐེག་བྱ་དགོས།
གཉིས། ཚན་རིག་དང་མཐུན་པར་ཇུས་བསྟར་བ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁོངས་ལྗང་སྒྱུར་བར་སྟོང་གི་བཀོད་པ་ཇེ་ལེགས་སུ་གཏང་དགོས།
འཆར་འགོད་ཀྱིས་སྣེ་ཁྲིད་པ་རྒྱུན་འཁྱོངས་བྱེད་ཅིང་། ཞིང་ནགས་རྩྭ་གསུམ་གྱི་བར་སྟོང་བཀོད་པ་གཅིག་འདོམས་ཀྱིས་ལེགས་སྒྱུར་བྱེད་པ་དང་། ནགས་ས་དང་རྩྭ་སའི་སྐྱེ་ཁམས་བར་སྟོང་ལ་གནད་འཕིག་དབྱེ་འབྱེད་བྱས་ཏེ། ནགས་རྩའི་ཐོན་ཁུངས་ཀྱི་སྤྱི་འབོར་བརྟན་འཇགས་ཡིན་པ་སྲུང་འཛིན་བྱ་དགོས། ཡུལ་བབ་དང་བསྟུན་ཞིང་ས་འཚམ་སྔོ་འཚམ་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཆུའི་ཐོན་ཁུངས་ཀྱི་ཐེག་ནུས་ལ་བསམ་གཞིགས་གང་ལེགས་བྱས་ཏེ། ཤིང་སྡོང་འཚམ་ན་ཤིང་སྡོང་འཛུགས་པ་དང་། ཞིང་ཆུ་འཚམ་ན་ཞིང་ཆུ་གཏོང་བ། རྩྭ་འཚམ་ན་རྩྭ་འདེབས་པ་བཅས་བྱས་ནས་སྐྱེ་ཁམས་ཉམས་ཞན་ཁུལ་དང་བྱེ་རླུང་གི་གནོད་འཚེ་ཕོག་ཁུལ། གཙོ་གནད་སྐྱེ་ཁམས་རྩོལ་ནུས་ཁུལ་བཅས་སུ་སྔོན་ལ་བཅོས་སྐྱོང་ལས་གཞི་བཀོད་སྒྲིག་བྱ་དགོས། ལས་གཞིའི་དུས་མགོར་དངོས་ཞིབ་རིགས་པས་ཁུངས་སྐྱེལ་བྱེད་ཤུགས་ཇེ་ཆེར་གཏོང་ཞིང་། ས་ཞིང་དུམ་བུ་རེ་རེའི་ས་ཆའི་ཆ་རྐྱེན་དང་ཆུའི་ཐོན་ཁུངས་ཀྱི་ཐེག་ནུས། སྔོ་ཁེབས་འཚམ་མཐུན་རང་བཞིན་བཅས་གསལ་རྟོགས་བྱས་ཏེ། བཅོས་སྐྱོང་ཐབས་བཀོད་དང་ཤིང་རིགས་རྩྭ་རིགས། འཛུགས་སྐྲུན་གཞི་ཁྱོན་བཅས་ཚན་རིག་དང་མཐུན་པའི་སྒོ་ནས་གཏན་ཁེལ་བྱ་དགོས། བྱེད་རུང་ཞིབ་འཇུག་དང་། ཇུས་འགོད། ལས་གཞི་འཛུགས་པ་བཅས་ཀྱི་ལྷུ་ཚིགས་སོ་སོར་གཅིག་གྱུར་གྱིས་འཆར་འགོད་བྱེད་ཅིང་། ལས་གཞིའི་འཁོར་ཡུན་ཧྲིལ་བོའི་སྤྱི་ཡོངས་ཀྱི་ཇུས་འགོད་སྐུལ་སྤེལ་བྱས་ཏེ། གཅིག་གནད་སྨིན་འཐུས་ཚང་ཡོང་ན་དེ་སྐུལ་སྤེལ་བྱས་ནས། ལས་གཞི་ཚན་རིག་དང་མཐུན་ཞིང་བྱེད་དུ་རུང་བ། དོན་འཁྱོལ་གནད་འཕིག་ཡོང་བ་བཅས་ཁག་ཐེག་བྱ་དགོས།
གསུམ། དུས་སྐབས་ཡག་ཤོས་དམ་འཛིན་བྱས་ཏེ། ལས་གྲྭ་འཛུགས་སྐྲུན་གྱི་ཕན་འབྲས་ཚན་རིག་དང་མཐུན་པའི་སྒོ་ནས་ཇེ་ཆེར་གཏང་དགོས།
དཔྱིད་དུས་ནགས་འཛུགས་ལྗང་སྒྱུར་དང་སྔོ་ཁེབས་ལྗང་སྒྱུར་གྱི་གནད་འགག་དུས་སྐབས་དམ་འཛིན་བྱས་ཏེ། རྒྱལ་ཁོངས་ལྗང་སྒྱུར་དང་བྱེ་འགོག་བྱེ་བཅོས། ཉམས་ཞན་ནགས་རྩྭ་ཉམས་གསོ་སོགས་ཀྱི་གཙོ་གནད་ལས་འགན་གཅིག་འདོམས་ཀྱིས་སྐུལ་སྤེལ་བྱ་དགོས། བསྐྲུན་ཟིན་པའི་ལས་གཞིའི་སྤུས་འབྲས་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་བ་དང་། དུས་མཇུག་གི་བདག་སྲུང་འགན་ཁུར་ནན་དཀྲི་བྱེད་ཅིང་། གསོན་ཚད་དང་ཉར་ཚད་སྲ་བརྟན་དུ་བཏང་སྟེ། བཅོས་སྐྱོང་གི་ཕན་འབྲས་སྲུང་སྐྱོང་བྱ་དགོས། གསར་སྐྲུན་ལས་གཞིའི་འཛུགས་སྐྲུན་ཚད་ལྡན་དུ་བཏང་སྟེ་སྐུལ་སྤེལ་བྱེད་ཅིང་། ལས་སྒྲུབ་ཇུས་འགོད་དང་ལག་རྩལ་ཚད་གཞི་གཟབ་ནན་སྒོས་ལག་ཏུ་བསྟར་བ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་འགན་ཁུར་དོན་འཁྱོལ་བྱེད་ལ། ཨར་ལས་ལ་ལྟ་སྐུལ་དོ་དམ་དང་ཉེན་ཁ་འགོག་སྡོམ་བྱེད་ཤུགས་ཇེ་ཆེར་བཏང་ནས། ལས་གཞི་འཛུགས་སྐྲུན་བྱེད་པར་བདེ་འཇགས་དང་ཕན་མཐོ་ཡིན་ཞིང་། སྤུས་ཚད་མཐོ་བར་ཁག་ཐེག་བྱ་དགོས།
བཞི། གཙོ་རྒྱུ་འགན་སྲུང་བྱེད་ཤུགས་ཇེ་ཆེར་བཏང་སྟེ། ལས་གྲྭ་འཛུགས་སྐྲུན་གྱི་རྨང་གཞི་རྒྱུན་ཆད་མེད་པར་ཇེ་བརྟན་དུ་གཏང་དགོས།
ལོ་འཁོར་གྱི་དམིགས་ཚད་ལས་འགན་ལ་དམིགས་ནས་སྡོང་ཕྲུག་དང་དངོས་ཟོག ལས་མི། མ་དངུལ་སོགས་གནད་འགག་གི་གཙོ་རྒྱུ་སྔ་མོ་ནས་གཅིག་གྱུར་འཆར་འགོད་བྱས་ཏེ། མཁོ་སྤྲོད་སྦྲེལ་མཐུད་ཀྱི་ལས་སྟེགས་སྐྲུན་ཞིང་། དངོས་ཟོག་གྲབས་གསོག་དང་སྙོམས་སྒྲིག་གི་བྱ་བ་ཡག་པོ་སྒྲུབ་པ་དང་། ལས་གྲྭའི་སོན་མྱུག་དང་བྱེ་གནོན་རྒྱུ་ཆ་ནུས་ལྡན་གྱིས་འདོན་སྤྲོད་ཐུབ་པ་འགན་སྲུང་བྱས་ནས། དངོས་ཟོག་གཏོང་འདྲེན་དེ་ཕན་ནུས་མཐོ་ཞིང་བདེ་བླག་ཡོང་བར་ཁག་ཐེག་བྱ་དགོས། སོན་བཟང་རྟེན་གཞི་དང་འགན་སྲུང་རང་བཞིན་གྱི་མྱུག་ར། རྩྭ་སོན་རྟེན་གཞི་བཅས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་ཞིང་། ས་གནས་ཀྱི་ཤིང་སོན་དང་ལྡོག་འགོག་སོན་བཟང་སྔོན་ལ་འདེམས་སྤྱོད་བྱེད་པ་དང་། སོན་མྱུག་གི་སྤུས་ཚད་དང་གཏོང་འདྲེན་རིམས་བཤེར་ལ་ཚོད་འཛིན་ནན་མོ་བྱས་ཏེ། མངགས་ཐོ་ལྟར་ལྗང་མྱུག་གསོ་བ་དང་། ཁ་ཕྱོགས་གཏན་ཁེལ་གྱིས་མཁོ་སྤྲོད་བྱེད་པ། ཐག་ཉེ་སར་ལྗང་མྱུག་སྤྱོད་པ་བཅས་སྐུལ་སྤེལ་བྱས་ནས་སྤུས་ལེགས་སོན་མྱུག་འདང་ངེས་མཁོ་སྤྲོད་ཐུབ་པར་འགན་སྲུང་བྱ་དགོས།
ལྔ། བརྒྱུད་རིམ་ཧྲིལ་བོར་དོ་དམ་ནན་མོ་བྱས་ཏེ། སྤུས་ཚད་ལ་ལྟ་སྐུལ་དོ་དམ་བྱེད་པའི་མ་ལག་འཐུས་སྒོ་ཚང་བར་གཟུག་དགོས།
ལས་གཞི་འཛུགས་སྐྲུན་ལ་དོ་དམ་བྱེད་པའི་ལམ་ལུགས་དང་གཏན་འབེབས་སོ་སོ་དོན་འཁྱོལ་ནན་མོ་བྱེད་ཅིང་། བརྒྱུད་རིམ་ཧྲིལ་བོར་ལྟ་སྐུལ་དོ་དམ་བྱེད་པ་དང་། དུས་མགོའི་ཞིབ་མཆན་དང་དམིགས་འགུག་དམིགས་འཇོག ཨར་ལས་འཛུགས་སྐྲུན། ལས་གྲུབ་ཀྱི་ཞིབ་བཤེར་རྩིས་ལེན། དུས་མཇུག་གི་བདག་སྲུང་སོགས་གནད་འགག་ལྷུ་ཚིགས་ལ་དམིགས་ནས་སྦྲེལ་ཕྲེང་ཧྲིལ་བོར་ཡོངས་སུ་ཁེབས་པའི་ལྟ་སྐུལ་དོ་དམ་རྐྱེན་སྲོལ་འཛུགས་སྐྱོང་བྱ་དགོས། དམིགས་འགུག་དམིགས་འཇོག་གི་དོ་དམ་ཁྲིམས་ལྟར་ཚད་ལྡན་དུ་གཏོང་ཞིང་། དམིགས་འཇོག་སྡེ་ཚན་གྱི་འཇོན་ཐང་དང་ལས་འབྲས། ཁ་ཆད་ལག་བསྟར་ནུས་པ་སོགས་ཐོབ་ཐང་ཆ་རྐྱེན་ལ་ཞིབ་དཔྱད་ནན་མོ་བྱས་ཏེ། དམིགས་འགུག་ལས་གཡོལ་བ་དང་། ལྐོག་མཐུན་དམིགས་འཇོག་དང་ཁྱུ་མཐུན་དམིགས་འཇོག དམིགས་ཐོབ་གཡོ་ལེན་སོགས་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་གཏང་དགོས། ལས་གྲྭར་ལྟ་སྐུལ་དོ་དམ་བྱེད་པའི་གཏན་འབེབས་ལག་བསྟར་ནན་མོ་བྱེད་པ་དང་། མཉམ་ཞུགས་ཀྱིས་ལྟ་སྐུལ་དོ་དམ་བྱེད་པའི་ལམ་ལུགས་འགྱུར་མེད་སྒོས་དོན་འཁྱོལ་བྱས་ཏེ། ལྟ་སྐུལ་དོ་དམ་བྱེད་མཁན་མེད་པ་དང་འགན་ཁུར་སྟོང་བར་ལུས་པ། ཟོལ་བཅོས་རྫུན་བཟོ་བྱེད་པ་བཅས་མཐའ་གཅིག་ཏུ་གཏན་འགོག་བྱ་དགོས། ལས་གྲུབ་ཀྱི་ཞིབ་བཤེར་རྩིས་ལེན་འགག་སྒོ་དམ་འཛིན་ནན་མོ་དང་། རིམ་པ་བཀར་ནས་རང་བཤེར་དང་བསྐྱར་བཤེར། འཐེན་བཤེར། ཞིབ་བཤེར་རྩིས་ལེན་གྱི་ཚད་གཞི་ལག་བསྟར་ནན་མོ་བཅས་བྱེད་པ་དང་། ཞིབ་བཤེར་རྩིས་ལེན་གྱི་བརྒྱུད་རིམ་ཚད་ལྡན་དུ་བཏང་ནས་ལས་གྲྭ་འཛུགས་སྐྲུན་ལ་དངོས་འབྲས་ཐོན་པར་ཁག་ཐེག་བྱ་དགོས། རྒྱུན་རྣམ་ལྟར་ལྟ་སྐུལ་ཞིབ་བཤེར་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་ཞིང་། ཡུལ་དངོས་སུ་སྐོར་ཞིབ་དང་མངོན་ཞིབ་ལྐོག་འདྲི། ཆ་འཕྲིན་ཅན་གྱི་ལྟ་སྐུལ་དོ་དམ་སོགས་ཀྱི་བྱེད་ཐབས་ཕྱོགས་བསྡུས་ཀྱིས་བེད་སྤྱོད་བྱས་ཏེ། གནད་དོན་དུས་ཐོག་ཏུ་ཤེས་རྟོགས་བྱེད་པ་དང་། སྒྱུར་བཅོས་ལ་ཕན་མཐོ་སྒོས་སྐུལ་འདེད་བཏང་སྟེ། ལས་གཞི་འཛུགས་སྐྲུན་ཚད་ལྡན་རིམ་ཡོད་ཡིན་པ་དང་སྤུས་ཚད་བཟང་བར་ཁག་ཐེག་བྱ་དགོས།
དྲུག ཡུན་ཕན་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། ལས་གྲྭ་འཛུགས་སྐྲུན་གྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་གཏང་དགོས།
དུས་མཇུག་གི་བདག་སྲུང་འགན་ཁུར་ཕྱོགས་ཡོངས་ནས་ནན་དཀྲི་བྱེད་ཅིང་། རྫོང་དང་ཤང་དང་སྡེ་བ་བཅས་རིམ་པ་གསུམ་གྱི་བདག་སྲུང་མ་ལག་འཐུས་ཚང་དུ་བཏང་ནས་ཤང་དང་སྡེ་བ་རིམ་པ་གཉིས་ཀྱི“མཇུག་སྣེའི”བདག་སྲུང་གཙོ་གནད་དུ་བཟུང་ནས་ཤུགས་བསྣན་དགོས། ནགས་རྩྭའི་ལས་གཞི་བསྐྲུན་རྗེས་ཀྱི་བདག་སྲུང་སྐྱེལ་སྤྲོད་བྱ་བ་ཏན་ཏིག་གིས་བསྒྲུབས་ཏེ། རྒྱལ་དབང་ནགས་ར+དང་། ཆེད་ལས་མཉམ་ལས་ཁང་། སྐྱེ་ཁམས་བདག་སྲུང་པ་སོགས་བདག་སྲུང་བྱེད་སྟངས་སྣ་མང་སྐུལ་སྤེལ་གཏོང་ཞིང་། བདག་སྲུང་གི་བྱེད་པོ་དང་འགན་ཁུར། ཚད་གཞི། གྲོན་དངུལ་འགན་སྲུང་བཅས་ངེས་གསལ་བཟོ་བ་དང་། སྐྱེ་ཁམས་ནགས་སྲུང་པའི“གཅིག་གྱུར་གསོ་སྦྱོང+གནད་འཕིག་དཔྱད་ཞིབ+འགུལ་རྣམ་ལེགས་སྒྲིག+བྱ་དགའ་ཐེར་འདོན”རྐྱེན་སྲོལ་ལག་ཏུ་བསྟར་ལ། བརྒྱུད་རིམ་ཧྲིལ་བོའི་ལམ་ལུགས་འགན་སྲུང་འཐུས་ཚང་དུ་བཏང་ནས“འཛུགས་སྐྲུན་ལ་མཐོང་ཆེན་དང་བདག་སྲུང་ལ་སྣང་ཆུང་བྱེད་པའི”གནད་དོན་ངེས་པ་དོན་གྱིས་ཐག་གཅོད་པ་དང་། འཛུགས་སྐྲུན་དང་བདག་སྲུང་མཉམ་འཛིན་དང་ཡུན་ཕན་རྒྱུན་སྐྱོང་ཡོང་བར་མངོན་འགྱུར་བྱ་དགོས།
བདུན། སྐྱེ་ཁམས་ཀྱི་གཞི་མདངས་རྒྱས་སུ་བཅུག་སྟེ། སྐྱེ་ཁམས་དང་དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་ཕན་འབྲས་མཉམ་དུ་འཕེལ་བར་སྐུལ་འདེད་གཏང་དགོས།
གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལྗང་སྒྱུར་མཛེས་སྒྱུར་ལ་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་བ་དང་། དམངས་ཡོངས་ཀྱིས་འོས་འགན་ལྟར་སྡོང་བོ་འཛུགས་པར་རྩ་འཛུགས་བྱེད་ཅིང་། གནའ་བོའི་ཤིང་སྡོང་གྲགས་ཅན་ལ་སྲུང་སྐྱོབ་དང་བསྐྱར་རྒྱས་ཡོང་བར་ཤུགས་བསྣན་ནས་རྒྱལ་ཁོངས་ལྗང་སྒྱུར་གྱི་དངོས་འབྲས་ཇེ་ཆེར་གཏང་དགོས། ཡུལ་བབ་དང་བསྟུན་ནས་ནགས་རྩྭ་བྱེ་གསུམ་གྱི་ཁྱད་ལྡན་ཐོན་ལས་དང་ནགས་འོག་དཔལ་འབྱོར། སྐྱེ་ཁམས་ཡུལ་སྐོར་བཅས་འཕེལ་རྒྱས་སུ་བཏང་ནས་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་ལམ་བུའི་རྒྱ་བསྐྱེད་དགོས། ལས་ཚབ་རྒུད་སྤྲོད་རྒྱུན་མཐུད་ངང་ཟབ་སྤེལ་བྱེད་ཅིང་། ས་གནས་དེ་གའི་རོང་འབྲོག་པ་ཧུར་ཐག་གིས་བསྡུས་ནས“བྱང་གསུམ”ལས་གྲྭའི་འཛུགས་སྐྲུན་དང་བདག་སྲུང་། ལས་གཉེར་སྲུང་སྐྱོང་བཅས་ལ་ཞུགས་སུ་འཇུག་པ་དང་། ནུས་རྩལ་གསོ་སྦྱོང་སྤེལ་བ་དང་ངལ་ལས་ཀྱི་ཐོབ་ཆ་འགན་སྲུང་བྱས་ཏེ། སྐྱེ་ཁམས་ཀྱིས་དམངས་ལ་ཕན་སྐྱེད་པ་དང་སྐྱེ་ཁམས་ལས་དམངས་ལ་ཁེ་ཕན་ཐོབ་པ། སྐྱེ་ཁམས་དམངས་ཀྱི་ཆེད་དུ་གཉེར་བ་བཅས་ཀྱི་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་སྐྱེ་ཁམས་འཛུགས་སྐྱོང་དང་དམངས་འཚོ་ལེགས་སྒྱུར་མཉམ་སྐུལ་མཉམ་ཕན་ཡོང་བ་མངོན་འགྱུར་བྱ་དགོས།
ཞིང་ཆེན་རིམ་པའི་སྤྱི་ཁྱབ་ནགས(རྩྭ)དཔོན།
ཝུའུ་ཞའོ་ཅུན།
ལུའོ་ཏུང་ཁྲོན།
2026ལོའི་ཟླ4བའི་ཚེས10ཉིན།