མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་རྨ་ཆུའི་ཨར་རྡོ་ཆུ་གློག་ས་ཚིགས་ཀྱི་ལས་གྲྭ་སྐྲུན་ས་གཞུང་བསྡུ་བྱས་པའི་ཁྱབ་ཁོངས་སུ་འཛུགས་སྐྲུན་ལས་གཞི་གསར་འཛུགས་དང་མི་འབོར་སྤོ་སྡོད་བྱེད་མི་ཆོག་པའི་སྐོར་གྱི་ཁྱབ་བརྡ།

ཡོང་ཁུངས། 2024ལོའི༼ཏང་གི་འཚོ་བ༽འདོན་ཐེངས4པ།

༄༅། །མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་རྨ་ཆུའི་ཨར་རྡོ་ཆུ་གློག་ས་ཚིགས་ཀྱི་ལས་གྲྭ་སྐྲུན་ས་གཞུང་བསྡུ་བྱས་པའི་ཁྱབ་ཁོངས་སུ་འཛུགས་སྐྲུན་ལས་གཞི་གསར་འཛུགས་དང་མི་འབོར་སྤོ་སྡོད་བྱེད་མི་ཆོག་པའི་སྐོར་གྱི་ཁྱབ་བརྡ།

མཚོ་སྲིད﹝2026﹞ཨང23པ།

  གྲོང་ཁྱེར་དང་རང་སྐྱོང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང་། ཞིང་ཆེན་སྲིད་གཞུང་གི་ཨུ་ཡོན་ལྷན་ཁང་དང་། གཞུང་ལས་ཁང་། ཐིན། ཅུས་སོ་སོ་བཅས་ལ།  

  རྨ་ཆུའི་ཨར་རྡོ་ཆུ་གློག་ས་ཚིགས་ཀྱི་ལས་གྲྭ་བདེ་བླག་ངང་ལག་བསྟར་བྱེད་པ་དང་། ལས་གྲྭ་སྐྲུན་ས་གཞུང་བསྡུ་དང་ཆུར་ནུབ་པའི་ས་ཁུལ་གྱི་དངོས་རྫས་ཀྱི་དམིགས་ཚད་བརྟག་དཔྱད་བྱ་བ་ཕྱོགས་ཡོངས་ནས་ཡང་དག་ཅིང་ལེགས་པོའི་སྒོ་ནས་བསྒྲུབ་ཆེད། 《ཆུ་བེད་ཆུ་གློག་ལས་གྲྭ་ཆེ་འབྲིང་སྐྲུན་ས་གཞུང་བསྡུ་བྱས་པར་ཁ་གསབ་སྟེར་བ་དང་གནས་སྤོས་ཡུལ་མི་བཀོད་སྒྲིག་སྐོར་གྱི་སྲོལ་ཡིག》གི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སྟེ། ད་ལྟ་ཁྱབ་བརྡ་བཏང་བ་གཤམ་གསལ་ལྟར།

  གཅིག རྨ་ཆུའི་ཨར་རྡོ་ཆུ་གློག་ས་ཚིགས་ཀྱི་ལས་གྲྭ་སྐྲུན་ས་གཞུང་བསྡུ་བྱས་པ་དང་ཆུར་ནུབ་པའི་ས་ཁུལ་དེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུང་ཏེ་རྫོང་ཞོལ་མ་ཞང་གི་ཏ་བ་སྡེ་བ་དང་སྟག་གསོད་སྡེ་བ།  མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་རྭ་རྒྱ་གྲོང་རྡལ་གྱི་མ་བུག་སྡེ་བ། ཆུ་བ་སྡེ་བ།  སེར་ཐོ་སྡེ་བ་བཅས་དང་འབྲེལ་བ་ཡོད། ཞིབ་ཕྲའི་ཁྱབ་ཁོངས་དེ་ལས་གཞིའི་ཁྲིམས་མིས་ཚད་ལེན་གཏན་འབེབས་བྱས་པའི་ས་ཞིང་གཞུང་བསྡུའི་ཐིག་དམར་དཔེ་རིས་ལྟར་ཡུལ་དངོས་སུ་ཕུར་བ་བརྡབས་ནས་ས་མཚམས་བཅད་པའི་ཁྱབ་ཁོངས་ཚད་གཞིར་འཛིན་དགོས།

  གཉིས། བརྡ་ཁྱབ་འདི་ཁྱབ་བསྒྲགས་བྱས་ཉིན་ནས་བཟུང་སྟེ། སྡེ་ཚན་དང་མི་སྒེར་གང་རུང་གིས་རྨ་ཆུའི་ཨར་རྡོ་ཆུ་གློག་ས་ཚིགས་ཀྱི་ལས་གྲྭ་སྐྲུན་ས་གཞུང་བསྡུ་བྱས་པ་དང་ཆུར་ནུབ་པའི་ས་ཁུལ་དུ་ལས་གཞི་གསར་སྐྲུན་དང་རྒྱས་སྐྲུན། སྒྱུར་སྐྲུན་བཅས་བྱེད་མི་ཆོག་པ་དང་། ས་ཞིང་གསར་སྦོལ་དང་ཁང་པ་དང་སྒྲིག་བཀོད་གཞན་དག་གསར་སྐྲུན་བྱེད་མི་ཆོག་ལ། ལོ་མང་སྐྱེ་བའི་དཔལ་འབྱོར་ལོ་ཏོག་དང་ཤིང་སྡོང་སྣ་ཚོགས་གསར་དུ་འདེབས་འཛུགས་བྱེད་མི་ཆོག གོང་གསལ་གྱི་གཏན་འབེབས་དང་འགལ་ནས་མྱུར་དུ་འཛུགས་སྐྲུན་དང་འདེབས་འཛུགས་བྱས་ན།  གནས་སྤོ་བྱེད་སྐབས་མྱུར་དུ་འཛུགས་སྐྲུན་དང་འདེབས་འཛུགས་བྱས་པའི་ཁག་ལ་ཁ་གསབ་མི་སྤྲོད།

  གསུམ། འབྲེལ་ཡོད་སྡེ་ཁག་གིས་རྨ་ཆུའི་ཨར་རྡོ་ཆུ་གློག་ས་ཚིགས་ཀྱི་ལས་གྲྭ་སྐྲུན་ས་དང་ཆུར་ནུབ་པའི་ས་ཁུལ་གྱི་ཐེམ་ཐོ་དོ་དམ་བྱེད་ཤུགས་ཆེ་རུ་གཏང་དགོས་ལ། གཏན་འབེབས་ལྟར་རྒྱུན་ལྡན་གྱི་ལས་གནས་སྤོ་བ་དང་གཉེན་སྒྲིག་པ། བཟའ་ཟླ་དང་ལྷན་དུ་གནས་སྤོ་བའམ་ལོ་ན་མ་སོན་པའི་བུ་ཕྲུག་ཕ་མ་དང་ལྷན་དུ་གནས་སྤོ་བ། རྒྱལ་ཁབ་ལས་ཁུངས་དང་དོན་ལས་སྡེ་ཚན་གྱིས་མངོན་གསལ་དུ་ལས་བྱེད་མི་སྣ་བསྡུ་ལེན(གདན་འགུག)བྱེད་པ་དང་། དངོས་ཞབས་དམག་ཁོངས་ནས་བུད་པའི་དམག་མི་དང་སློབ་ཆེན་ནམ་འབྲིང་རིམ་ཆེད་ལས་སློབ་གྲྭའི་མཐར་ཕྱིན་སློབ་མ། དུས་ལོངས་བཙོན་གྲོལ་མི་སྣ་བཅས་ཕྱིར་ཕ་ཡུལ་དུ་ལོག་པ་སོགས་ཀྱི་དབང་གིས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས་ལས་གནས་སྤོ་བའི་ཆོག་འཐུས་གནང་བ་ཕུད། མི་གཞན་པ་གནས་དེ་རུ་སྤོ་མི་ཆོག

  བཞི། འབྲེལ་ཡོད་སྡེ་ཁག་གིས་བརྟག་དཔྱད་བྱ་བ་ལེགས་པར་སྒྲུབ་པ་དང་སྲིད་ཇུས་དྲིལ་བསྒྲགས་བྱེད་ཤུགས་ཇེ་ཆེར་བཏང་ཐོག གནས་སྤོས་ཡུལ་མིའི་བསམ་བློའི་བྱ་བ་ལེགས་པར་བསྒྲུབ་དགོས་ལ། གནས་སྤོས་ཡུལ་མིའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་དང་།    ལས་གྲྭའི་འཛུགས་སྐྲུན་བདེ་བླག་ངང་ལག་བསྟར་བྱེད་པར་འགན་སྲུང་བྱ་དགོས།

  ལྔ། ཐུང་ཏེ་རྫོང་དང་རྨ་ཆེན་རྫོང་མི་དམངས་སྲིད་གཞུང་གིས་བླང་བྱ་ལྟར་མི་སྣ་རྩ་འཛུགས་ཡག་པོ་བྱས་ཏེ། དངོས་རྫས་བརྟག་དཔྱད་ཚན་སྐོར་ལ་གཞོགས་འདེགས་བྱས་ནས་འཛུགས་སྐྲུན་བྱེད་ས་གཞུང་བསྡུ་བྱས་པའི་ཁྱབ་ཁོངས་ནང་གི་དངོས་རྫས་ལ་བརྟག་དཔྱད་དང་ཐོ་འགོད། གསལ་བསྒྲགས། ཞིབ་བཤེར་གཏན་འབེབས་བཅས་བྱེད་པར་མ་ཟད། ཁྱིམ་ཚང་དང་མི་རེ་རེ་བཞིན་ངོས་བཟུང་སྟེ། གནས་སྤོས་ཁྱིམ་ཚང་གི་བདག་པོའམ་གནས་སྤོ་སྡེ་ཚན་དང་དངོས་རྫས་བརྟག་དཔྱད་ཡུལ་དངོས་ཀྱི་འཐུས་ཚབ་པ་བཅས་ཕྱོགས་སོ་སོས་མིང་རྟགས་བཀོད་ནས་ཁས་བླངས་རྗེས་ཡིག་ཚགས་དང་ཡིག་བྱང་བཟོ་དགོས། དངོས་རྫས་བརྟག་དཔྱད་བྱེད་པར་ངེས་པར་དུ་དངོས་ཐོག་བདེན་འཚོལ་གྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་ངེས་པར་དུ་དྲང་གཞག་དང་དྲང་བདེན།  ཡོངས་བསྒྲགས་བཅས་བྱས་ནས། མི་བདེན་རྫུན་བཟོའི་བྱ་སྤྱོད་མཐའ་གཅིག་ཏུ་གཏན་འགོག་བྱ་དགོས། 

  དྲུག ཁྱབ་བརྡ་འདི་བསྒྲགས་ཉིན་ནས་བཟུང་སྟེ་ལག་བསྟར་བྱ་དགོས།

 

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།

         2026ལོའི་ཟླ3པའི་ཚེས23ཉིན།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།