༄༅། །མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན་གྱིས《དབང་བོ་སྐྱོན་ཅན་གྱི་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་ལོ་གསུམ་གྱི་འགུལ་སྐྱོད་ལག་བསྟར་ཇུས་གཞི(2025—2027ལོའི་བར)》དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར།

ཡོང་ཁུངས། 2026ལོའི༼ མཚོ་སྔོན་སྲིད་དོན༽འདོན་ཐེངས3པ།

༄༅། །མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན་གྱིས《དབང་བོ་སྐྱོན་ཅན་གྱི་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་ལོ་གསུམ་གྱི་འགུལ་སྐྱོད་ལག་བསྟར་ཇུས་གཞི(2025—2027ལོའི་བར)》

དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར།

མཚོ་སྲིད་གཞུང་ལས་ཐིན﹝2025﹞ཨང23པ།

གྲོང་ཁྱེར་དང་རང་སྐྱོང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང་། ཞིང་ཆེན་སྲིད་གཞུང་གི་ཨུ་ཡོན་ལྷན་ཁང་དང་གཞུང་ལས་ཁང་། ཐིན། ཅུས་སོ་སོ་བཅས་ལ། 

《དབང་བོ་སྐྱོན་ཅན་གྱི་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་ལོ་གསུམ་གྱི་འགུལ་སྐྱོད་ལག་བསྟར་ཇུས་གཞི(2025—2027ལོའི་བར)》ལ་ཞིང་ཆེན་སྲིད་གཞུང་འཐད་པ་བྱུང་ནས་ད་ལྟ་ཁྱོད་ཚོར་དཔར་འགྲེམ་བྱས་པ་ཡིན་པས།  ནན་ཏན་གྱིས་རྩ་འཛུགས་ལག་བསྟར་བྱ་དགོས། 

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།

2025ལོའི་ཟླ11པའི་ཚེས28ཉིན།

༄༅། །མཚོ་སྔོན་ཞིང་ཆེན་གྱི་དབང་བོ་སྐྱོན་ཅན་གྱི་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་ལོ་གསུམ་གྱི་འགུལ་སྐྱོད་ལག་བསྟར་ཇུས་གཞི 

(2025—2027ལོའི་བར)

ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དབང་བོ་སྐྱོན་ཅན་ལ་ལས་ཞུགས་ རོགས་སྐྱོར་བྱེད་པར་ཤུགས་སྣོན་པའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། དབང་བོ་སྐྱོན་ཅན་ཅུང་གང་ལེགས་དང་སྤུས་ཚད་ཅུང་མཐོ་བའི་སྒོ་ནས་ལས་ཞུགས་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་ཆེད།  རང་ཞིང་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཇུས་གཞི་འདི་གཏན་ལ་ཕབ་པ་ཡིན། 

གཅིག སྲིད་ཇུས་རང་བཞིན་གྱི་ལས་གནས་སུ་དབང་བོ་སྐྱོན་ཅན་ལས་ཞུགས་བྱེད་པའི་འགུལ་སྐྱོད་ལག་ཏུ་བསྟར་དགོས།

(གཅིག) ལས་ཁུངས་དང་དོན་ལས་སྡེ་ཚན་གྱིས་སྣེ་ཁྲིད་དེ་ལས་ཞུགས་བཀོད་སྒྲིག་བྱ་དགོས། ཞིང་ཆེན་རིམ་པ་དང་། གྲོང་ཁྱེར་རམ་ཁུལ་རིམ་པའི་སྒྲིག་ཁོངས་མི50(འདུ)ཡན་གྱི་ལས་ཁུངས་དང་། དེ་མིན་སྒྲིག་ཁོངས་མི67(འདུ)ཡན་གྱི་དོན་ལས་སྡེ་ཚན(སློབ་གྲྭ་འབྲིང་ཆུང་དང་བྱིས་སྐྱོང་ཁང་ཕུད)དུ་དབང་བོ་སྐྱོན་ཅན་གྱི་ལས་ཞུགས་བཀོད་སྒྲིག་བྱས་ཚུལ་གཏན་ལ་ཕབ་པའི་བསྡུར་ཚད་དུ་སླེབས་མེད་ན། 2027ལོའི་ལོ་མཇུག་གི་སྔོན་ལ་ཉུང་མཐར་ཡང་དབང་བོ་སྐྱོན་ཅན1གི་ལས་ཞུགས་བཀོད་སྒྲིག་ཐུབ་པར་ཁག་ཐེག་བྱ་དགོས།  རྫོང་དང་ཤང་རིམ་པ་གཉིས་ཀྱིས་ལས་ཁུངས་དང་དོན་ལས་སྡེ་ཚན་གྱི་སྒྲིག་ཁུངས་ཀྱི་བསྡོམས་འབོར་གཞིར་བཟུང་ནས། དབང་བོ་སྐྱོན་ཅན་གྱི་ལས་ཞུགས་གཏན་ལ་ཕབ་པའི་བསྡུར་ཚད་དུ་སླེབས་སུ་འཇུག་པར་གཅིག་འདོམས་ཀྱིས་བཀོད་སྒྲིག་བྱ་དགོས། (འགན་འཁུར་སྡེ་ཚན་ནི་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན།  གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་བཅས་ཡིན། གཤམ་གྱི་ལས་འགན་ཚང་མ་གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་གིས་དོན་འཁྱོལ་བྱ་རྒྱུ་དང་འབྲེལ་བ་ཡོད་པས་བསྐྱར་དུ་མི་འགོད)

(གཉིས)སྤྱི་ཕན་རང་བཞིན་གྱི་ལས་གནས་སུ་སྔོན་ལ་དབང་བོ་སྐྱོན་ཅན་ལས་ཞུགས་བཀོད་སྒྲིག་བྱ་དགོས།  སྤྱི་ཕན་རང་བཞིན་གྱི་ལས་གནས་ཀྱི་ལས་ཞུགས་མཐའ་སྐྱོང་འགན་སྲུང་ནུས་པ་འདོན་སྤེལ་བྱས་ཏེ།  ལས་ཁུངས་དང་དོན་ལས་སྡེ་ཚན་དང་སྤྱི་ཕན་རང་བཞིན་གྱི་སྤྱི་ཚོགས་རྩ་འཛུགས་བཅས་ཀྱིས་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་དང་། དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་སྡེ་ཁག་གིས་གསར་སྤེལ་བྱས་པའི་སྤྱི་པའི་དོ་དམ་དང་། སྤྱི་ཚོགས་ཀྱི་སྤྱི་ཕན་རང་བཞིན་གྱི་ཞབས་ཕྱིའི་ལས་གནས་བརྒྱུད་དེ། ལས་གནས་དེར་འཚམ་པའི་ནུས་པ་ཡོད་པའི་དཀའ་ངལ་ཅན་གྱི་དབང་བོ་སྐྱོན་ཅན་སྔོན་ལ་ལས་ཀར་ཞུགས་པར་བཀོད་སྒྲིག་བྱ་དགོས།   ཤང་དང་གྲོང་རྡལ(སྲང་ལམ)རེ་རེརགཏན་འབེབས་ལྟར་དབང་བོ་སྐྱོན་ཅན་ནམ་ཡང་ན་དེའི་ཐད་ཀའི་གཉེན་ཉེ་གཅིག་བཀོད་སྒྲིག་བྱས་ནས་དབང་བོ་སྐྱོན་ཅན་བྱ་བའི་ཆེད་བསྐོས་ཨུ་ཡོན་འཁུར་དུ་འཇུག་དགོས།   སྤྱི་ཕན་རང་བཞིན་གྱི་ལས་གནས་ཐོག་དབང་བོ་སྐྱོན་ཅན་ལས་ཞུགས་བཀོད་སྒྲིག་བྱེད་སྐབས་སྔོན་ལ་དབང་བོ་སྐྱོན་ཅན་གྱི་སློབ་ཆེན་སློབ་མ་འདེམ་ཆོག (འགན་འཁུར་སྡེ་ཚན་ནི་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་དང་།  ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཡིན)

(གསུམ)ཕྱོགས་གཏན་བསྡུ་ལེན་བྱས་ཏེ(གདན་ཞུ)ལས་ཞུགས་ལ་སྐུལ་འདེད་གཏོང་བར་བསྔགས་སྐུལ་བྱ་དགོས། རིམ་པ་སོ་སོའི་གཞུང་ཞབས་པའི་གཙོ་སྐྱོང་སྡེ་ཁག་དང་དོན་ལས་སྡེ་ཚན་གྱི་མི་དོན་ཕྱོགས་བསྡུས་སྡེ་ཁག་གིས་རྒྱལ་ཁབ་ཀྱི་དབང་བོ་སྐྱོན་ཅན་ལས་ཞུགས་བྱེད་པར་སྐུལ་འདེད་གཏོང་བའི་སྲིད་ཇུས་ཀྱི་གཏན་འབེབས་ནན་ཏན་གྱིས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། མི་བཀོལ་མཁན་སྡེ་ཚན་གྱིས་ཆེད་དམིགས་ལས་གནས་བཏོན་ནས། དབང་བོ་སྐྱོན་ཅན་ལ་ཕྱོགས་གཏན་བསྡུ་ལེན(གདན་ཞུ)བྱེད་པར་ཧུར་ཐག་གིས་བསྔགས་སྐུལ་དང་རྒྱབ་སྐྱོར་བྱ་དགོས། བསྡུར་ཚད་ལྟར་དབང་བོ་སྐྱོན་ཅན་ལས་ཞུགས་བཀོད་སྒྲིག་བྱས་པའི་ཞིབ་བཤེར་གཏན་འཁེལ་གྱི་གཞི་གྲངས་གཞིར་བཟུང་སྟེ།  ལས་ཁུངས་དང་དོན་ལས་སྡེ་ཚན་གྱིས་དབང་བོ་སྐྱོན་ཅན་ལས་ཞུགས་ཀྱི་བཀོད་སྒྲིག་བྱས་ཚུལ་དུས་ཐོག་ཏུ་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱ་དགོས། (འགན་འཁུར་སྡེ་ཚན་ནི་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་།  ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན།  ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་བཅས་ཡིན)

གཉིས།  ཁྲོམ་རའི་བྱེད་པོས་དབང་བོ་སྐྱོན་ཅན་གྱི་ལས་ཞུགས་ལ་རམ་འདེགས་བྱེད་པའི་འགུལ་སྐྱོད་ལག་ཏུ་བསྟར་དགོས།

(བཞི)ཁེ་ལས་ཀྱི་དབང་བོ་སྐྱོན་ཅན་ལས་ཞུགས་བསྡུ་ལེན་བྱེད་པའི་ནུས་པ་འདོན་སྤེལ་བྱ་དགོས། དབང་བོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་ཁེ་ལས་མནའ་འབྲེལ་འཛུགས་པ་དང་། ཁེ་ལས་ཀྱིས་དབང་བོ་སྐྱོན་ཅན་གྱི་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་སྐུལ་སྤེལ་ཚོགས་འདུ་འཚོགས་པ་སོགས་བྱེད་ཐབས་ལ་བརྟེན་ནས། ཁེ་ལས་ཀྱིས་ལས་གནས་གསར་གཏོད་བྱས་ནས་དབང་བོ་སྐྱོན་ཅན་ཕྱོགས་གཏན་བསྡུ་ལེན་བྱེད་པར་སྐུལ་འདེད་གཏང་དགོས།  རྒྱལ་དབང་ཁེ་ལས་ཀྱིས་ཡོངས་བསྒྲགས་འོས་འགུག་ཉོ་སྒྲུབ་རྩ་འཛུགས་བྱེད་སྐབས།  ཆ་རྐྱེན་གཅིག་འདྲའི་འོག་ཏུ་དབང་བོ་སྐྱོན་ཅན་གཅིག་སྡུད་ལས་ཞུགས་བྱས་པའི་ལས་ཁུངས་དང་ རམ་འདེགས་རང་བཞིན་གྱི་ལས་ཞུགས་ལས་ཁུངས་ཀྱི་ཐོན་རྫས་སམ་ཞབས་ཕྱི་སྔོན་ལ་ཉོ་སྒྲུབ་བྱེད་པར་བསྔགས་སྐུལ་བྱ་དགོས།   གཞུང་ལམ་དང་ལྕགས་ལམ། གནམ་གྲུ་ཐང་སོགས་འགྲུལ་སྐྱེལ་ས་ཚིགས་ཀྱི་ཚོང་ཁང་ཚོང་འགུགས་དང་རྡོ་ཐ་ཆེད་འཚོང་སིལ་འཚོང་གི་ཆོག་འཐུས་དཔང་ཡིག་སྒྲུབ་གཉེར་བྱེད་པའི་ཁྲོད། འབྲེལ་ཡོད་དོ་དམ་སྡེ་ཁག་གིས་གཙོ་གནད་རྒྱབ་སྐྱོར་བྱ་དགོས། ཁེ་ལས་དབང་བོ་སྐྱོན་ཅན་གཅིག་སྡུད་ལས་ཞུགས་བཀོད་སྒྲིག་བྱེད་པར་རྒྱབ་སྐྱོར་བྱས་ཏེ། གཏན་འབེབས་ལྟར་ཁྲལ་གྲོན་གཟིགས་སྐྱོང་སྲིད་ཇུས་དང་བསྡུར་ཚད་ལས་བརྒལ་ཏེ་དབང་བོ་སྐྱོན་ཅན་ལས་ཞུགས་བཀོད་སྒྲིག་བྱས་པའི་བྱ་དགའི་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་།  ཁེ་ལས་ཀྱིས་བསྡུར་ཚད་ལྟར་དབང་བོ་སྐྱོན་ཅན་ལས་ཞུགས་བཀོད་སྒྲིག་བྱས་ཚུལ་དེ་ཁེ་ལས་ཀྱི་སྤྱི་ཚོགས་འགན་ཁུར་གྱི་སྙན་ཞུའི་ནང་གཞག་དགོས། (འགན་འཁུར་སྡེ་ཚན་ནི་ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་དང་།  ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན།  ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས། ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས།  ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས།  ཞིང་ཆེན་རྡོ་ཐ་ཆེད་འཚོང་ཅུས། ཀྲུང་གོ་ལྕགས་ལམ་མཚོ་བོད་ཀུང་སི།  མཚོ་སྔོན་གནམ་གྲུ་ཐང་ཚད་ཡོད་ཀུང་སི་བཅས་ཡིན)

(ལྔ)དབང་བོ་སྐྱོན་ཅན་གྱིས་རང་བདག་སྒོས་ལས་ཞུགས་ལས་གཏོད་བྱེད་པར་བསྔགས་སྐུལ་བྱ་དགོས།  ད་ཡོད་ཀྱི་ཐོན་ཁུངས་གཅིག་འདོམས་བྱས་ཏེ་ཞིང་ཆེན་རིམ་པའི་དབང་བོ་སྐྱོན་ཅན་གྱི་ལས་གཏོད་སྐྱེད་སྲིང་དཔེ་སྟོན་རྟེན་གཞི་འཛུགས་པ་དང་། གྲོང་ཁྱེར་དང་ཁུལ་རིམ་པའི་དབང་བོ་སྐྱོན་ཅན་གྱི་ལས་གཏོད་སྐྱེད་སྲིང་རྟེན་གཞིའི་ནུས་པ་འདོན་སྤེལ་བྱས་ཏེ། དབང་བོ་སྐྱོན་ཅན་གྱི་ལས་གཏོད་ལ་ལས་ཡུལ་དང་ཆ་འགྲིག་ཞབས་ཕྱི་འདོན་སྤྲོད་བྱ་དགོས། སྲིད་གཞུང་གིས་མ་དངུལ་བཞག་ནས་འཛུགས་སྐྲུན་བྱས་པའི་གཉེར་སྐྱོང་བྱེད་ས་དེར་བསྡུར་ཚད་བརྒྱ་ཆ10ལས་མི་དམའ་བའི་ཚོང་ཁང་དང་ཁྲོམ་སྟེགས་དབང་བོ་སྐྱོན་ཅན་གྱི་ལས་ཞུགས་ལ་བཀོད་སྒྲིག་བྱས་ཏེ། ཁྲོམ་སྟེགས་ཀྱི་གླ་ཡོན་དང་བོགས་དངུལ་འོས་འཚམ་གྱིས་ཆག་ཡང་ངམ་རྩ་ཆག་གཏང་དགོས། གློག་རྡུལ་ཚོང་དོན་དང་གཞི་གྲངས་གསལ་འགོད་སོགས་ལས་ཞུགས་ལས་གནས་སྐྱེད་སྲིང་དང་། ལས་སྟེགས་ཁེ་ལས་ལ་དབང་བོ་སྐྱོན་ཅན་མནའ་འབྲེལ་དུ་ཞུགས་པའི་འགྲོ་གྲོན་དང་རིན་ཐང་སྤར་བའི་ཞབས་ཕྱིའི་འགྲོ་གྲོན་སོགས་ཆག་ཡང་དང་རྩ་ཆག་གཏོང་བར་བསྔགས་སྐུལ་བྱེད་པ་དང་། སྦྲེལ་དྲ་བརྒྱུད་ནས་འགུག་འདྲེན་བྱེད་པ་དང“རྒྱུན་འགོག”གི་ཆ་རྐྱེན་ཇེ་ཡངས་སུ་གཏོང་བ་སོགས་ཀྱི་ཐབས་བཀོད་སྤྱད་དེ་རོགས་སྐྱོར་བྱེད་ཤུགས་ཇེ་དྲག་ཏུ་གཏང་དགོས། “དབང་བོ་སྐྱོན་ཅན་ཁྱིམ་ཚང”དང་དེ་བཞིན་ལས་ཡུལ་ཐོན་ཁུངས་སྣ་ཚོགས་ལ། རམ་འདེགས་རང་བཞིན་གྱི་ལས་ཞུགས་རྟེན་གཞིའི་ཁ་གསབ་ཚད་གཞི་ལྟར་སྒྲིག་བཀོད་སྒྲིག་ཆས་འཐུས་ཚང་དང་སྒྱུར་བཀོད་བྱས་ཏེ། དབང་བོ་སྐྱོན་ཅན་གྱི་སྒོ་འགྲམ་དུ“ལས་ཞུགས་ཕྲན་ཙམ”བྱེད་པར་སྐུལ་འདེད་གཏོང་བ་དང་། གཞིས་ལས་དོ་དམ་དང་མྱུར་སྐྱེལ་སྡེབ་སྐྱེལ། ཁྱིམ་ལས་ཞབས་ཕྱི་སོགས་བྱེད་ཐབས་བརྒྱུད་དེ་རང་བདག་སྒོས་ལས་ཞུགས་ཐུབ་པར་བྱ་དགོས།  དབང་བོ་སྐྱོན་ཅན་གྱིས་རྒྱན་ཤོག་ཚབ་ཚོང་གི་ལས་སྒོ་གཉེར་སྐབས། སྔོན་ལ་ས་ཚིགས་འཛུགས་པ་དང་གཉེར་སྐྱོང་མཛུབ་སྟོན་སོགས་རོགས་སྐྱོར་བྱ་དགོས། (འགན་འཁུར་སྡེ་ཚན་ནི་ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན།  ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན།  ཞིང་ཆེན་དམངས་སྲིད་ཐིན། ཞིང་ཆེན་ལས་རྩལ་ཅུས།  ཞིང་ཆེན་སྦྲགས་སྲིད་དོ་དམ་ཅུས་བཅས་ཡིན)

(དྲུག)དབང་བོ་སྐྱོན་ཅན་གྱི་ལས་ཞུགས་ཟོང་རྟགས་གསོ་སྐྱོང་བྱ་དགོས། “ཁྲོམ་རས་གཙོ་ཁྲིད་དང་སྲིད་གཞུང་གིས་ཁྲིད་སྟོན”བྱེད་པའི་ནུས་པ་འདོན་སྤེལ་བྱེད་པ་དང་། ཞིང་ཆེན་དང་གྲོང་ཁྱེར་རམ་ཁུལ་རིམ་པའི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁྲོམ་ར་ཅན་གྱི་དབང་བོ་སྐྱོན་ཅན་ལས་ཞུགས་ལས་གཞི་དང་ཐོན་རྫས་སྡེབ་སྒྲིག་ལྟེ་གནས་འཛུགས་པ་དང་།  དབང་བོ་སྐྱོན་ཅན་གྱི་ལས་ཞུགས་དང་ཞབས་ཕྱིའི་ལས་གཞི་གཅིག་འདོམས་ཀྱིས་གསར་སྤེལ་དང་། གསོག་འཇོག།  བཀོད་སྒྲིག་བཅས་བྱས་ཏེ། དབང་བོ་སྐྱོན་ཅན་གྱི་ལས་ཞུགས་ཐོན་རྫས་འཚོལ་སྡུད་དང་ཕྱིར་འཚོང་། དྲིལ་བསྒྲགས་ཁྱབ་གདལ་བཅས་ཀྱི་བྱ་བ་ཚད་ལྡན་ངང་སྤེལ་དགོས།     དབང་བོ་སྐྱོན་ཅན་གྱི་ལས་ཞུགས་ཐོན་རྫས་ཟོང་རྟགས་གསོ་སྐྱོང་བྱེད་པ་དང་། སྤྱི་པའི་བྱེད་སྒོ་ཆེ་གྲས་དང་བཤམས་སྟོན་འགྲེམ་སྟོན་བྱས་པ་བརྒྱུད་ནས་ཐོན་རྫས་ཁྱབ་གདལ་བྱེད་པར་ཤུགས་བསྣན་དགོས་ལ།  Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་དྲ་རྒྱའི་ལས་སྟེགས་སོགས་ཐབས་ལམ་ལ་བརྟེན་ནས་དབང་བོ་སྐྱོན་ཅན་གྱི་ཐོན་རྫས་ཕྱིར་འཚོང་བྱེད་པར་སྐུལ་འདེད་གཏང་དགོས། གཏན་འབེབས་དང་མཐུན་པའི་དབང་བོ་སྐྱོན་ཅན་གྱི་ལས་ཞུགས་རྟེན་གཞིའི་ཞབས་ཕྱི་དེ་སྲིད་གཞུང་གི་ཉོ་སྒྲུབ་ཞབས་ཕྱིའི་དཀར་ཆག་ནང་གཞག་དགོས། “བརྩོན་སྐྱེད་སྙན་སྒྲོན་པ་གཙོ་བོ”དང་།“རིག་གནས་གསར་གཏོད་བཟོ་ཁང”གི་ལས་ཞུགས་ཟོང་རྟགས་གཏོད་པ་དང་། རྒྱུན་མཐུད་ངང“མཛེས་པའི་བཟོ་ཁང”གི་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཞིང་། མཚོ་དྲུབ་སོགས་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཐོན་རྫས་དང་དེ་བཞིན་ཚྭ་བརྐོས་སོགས་ལག་ཤེས་བཟོ་རྩལ་ཐོན་རྫས་ཐོན་སྐྱེད་དང་ཕྱིར་འཚོང་ཁྲོད་དབང་བོ་སྐྱོན་ཅན་ཞུགས་པར་རྒྱབ་སྐྱོར་བྱ་དགོས།  (འགན་འཁུར་སྡེ་ཚན་ནི་ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་།   ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་ཡིན)

གསུམ། དབང་བོ་སྐྱོན་ཅན་གྱི་གཙོ་གནད་ཚོགས་སྤྱི་ལ་ལས་ཞུགས་རོགས་སྐྱོར་གྱི་འགུལ་སྐྱོད་ལག་ཏུ་བསྟར་དགོས།

(བདུན)རོང་འབྲོག་ཁུལ་གྱི་དབང་བོ་སྐྱོན་ཅན་གྱི་ལས་ཞུགས་ཐབས་ལམ་རྒྱ་བསྐྱེད་གཏང་དགོས། རོང་འབྲོག་ཁུལ་གྱི་དབང་བོ་སྐྱོན་ཅན་གྱི་ལས་ཞུགས་ལས་གཏོད་དེ་གྲོང་གསེབ་དར་སྤེལ་གཏོང་བའི་གཙོ་གནད་ལས་འགན་གྱི་ཁྱབ་ཁོངས་ནང་བཅུག་ནས། དབང་བོ་སྐྱོན་ཅན་ཁྱིམ་ཚང་གིས་ས་ཞིང་བརྒྱུད་བཤུག་དང་ཐོན་ལས་གཏད་གཉེར། མ་རྐང་བཞག་ནས་ཁེ་སྤོགས་བགོ་བ་སོགས་བྱེད་སྟངས་སྤྱད་དེ་སྡེ་བའི་ཐུན་མོང་ཐོན་སྐྱེད་གཉེར་སྐྱོང་གི་ལས་གཞིའི་ནང་ཞུགས་པར་རྒྱབ་སྐྱོབ་བྱེད་པ་དང་། སྐྱེ་ཁམས་དོ་དམ་སྲུང་སྐྱོང་པ་དང་སྡེ་བ་རིམ་པའི་སྤྱི་ཕན་བྱ་གཞག་སོགས་ལས་གཞི་དེ་སྔོན་ལ་དཀའ་ངལ་ཡོད་པའི་དབང་བོ་སྐྱོན་ཅན་ལ་བཀོད་སྒྲིག་བྱས་ནས་ཕན་པ་ཐོབ་པར་བྱ་དགོས།    ཤར་རྒྱུད་ནུབ་རྒྱུད་མཉམ་ལས་དང་ཁ་གཏད་མཚོ་ སྐྱོར། ཞིང་ཆེན་ནང་ཁུལ་གྱི་ས་ཁོངས་ཆ་བསྒྲིགས་རོགས་སྐྱོར་བཅས་བྱ་བའི་རྐྱེན་སྲོལ་ལ་བརྟེན་ནས། རྩ་འཛུགས་བྱས་པ་བརྒྱུད་གཞི་རིམ་དང་རོང་འབྲོག་ཁུལ་གྱི་དཀའ་ངལ་ཡོད་པའི་དབང་བོ་སྐྱོན་ཅན་ལ་ཆ་བསྒྲིགས་གཅེས་སྐྱོང་རོགས་སྐྱོར་བྱེད་པ་དང་། ངལ་རྩོལ་ནུས་ཤུགས་སྤོ་སྒྱུར་ལས་ཞུགས་དང་ཐོན་ལས་རོགས་སྐྱོར་སོགས་ཀྱི་ཐད་རོགས་སྐྱོར་བྱ་དགོས།  རོང་འབྲོག་ཁུལ་གྱི་དབང་བོ་སྐྱོན་ཅན་གྱི་ལས་ཞུགས་དགོས་མཁོ་དང་ཐོན་ལས་ཁྱད་ཆོས་ལ་གཞིགས་ནས་དངོས་སྤྱོད་ལག་རྩལ་གསོ་སྦྱོང་རྩ་འཛུགས་བྱས་ཏེ། རོང་འབྲོག་ཁུལ་གྱི་དབང་བོ་སྐྱོན་ཅན་དང་དེའི་ཁྱིམ་ཚང་གིས་འདེབས་འཛུགས་གསོ་སྤེལ་ལས་རིགས་དང་ལག་ཤེས་བཟོ་ལས་གཉེར་བར་རོགས་སྐྱོར་བྱེད་པ་དང་། དབང་བོ་སྐྱོན་ཅན་གྱིས་ཞིང་སྡེའི་གློག་རྡུལ་ཚོང་དོན་དང་ཟོང་འགྲེམ་བསྐུར་སྐྱེལ། གྲོང་གསེབ་ཡུལ་སྐོར་སོགས་ཐོན་སྐྱེད་གཉེར་སྐྱོང་གི་བྱེད་སྒོ་སྤེལ་བར་རྒྱབ་སྐྱོར་བྱ་དགོས།   རོང་འབྲོག་ཁུལ་གྱི་ལས་ཞུགས་རོགས་སྐྱོར་འཁོར་ཁང་དང་མཉམ་ལས་ཁང་སོགས་ཀྱིས་དབང་བོ་སྐྱོན་ཅན་བསྡུ་ལེན་བྱས་ནས་ཉེ་འགྲམ་དུ་ལས་ཞུགས་བྱེད་པར་བསྔགས་སྐུལ་བྱེད་པ་དང་། ཆ་རྐྱེན་དང་མཐུན་ན་གཏན་འབེབས་ལྟར་དབང་བོ་སྐྱོན་ཅན་གཅིག་སྡུད་ལས་ཞུགས་རྟེན་གཞིར་ངོས་འཛིན་བྱ་དགོས།  (འགན་འཁུར་སྡེ་ཚན་ནི་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་དང་།  ཞིང་ཆེན་སྦྲག་སྲིད་ཅུས། ཞིང་ཆེན་མཁོ་འཚོང་མཉམ་འབྲེལ་ཁང་། ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་བཅས་ཡིན)

(བརྒྱད)ལས་ཞུགས་ཐད་དཀའ་ངལ་ཡོད་པའི་དབང་བོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པར་ཤུགས་བསྣན་དགོས། དབང་བོ་སྐྱོན་ཅན་བཅོལ་སྐྱོང་ཞབས་ཕྱིའི་ལས་ཁུངས་ཀྱིས་རམ་འདེགས་རང་བཞིན་གྱི་ལས་ཞུགས་རྟེན་གཞི་ཡོངས་ཁྱབ་ཏུ་འཛུགས་པ་དང་། སྤྱི་ཚོགས་ཀྱི་སྟོབས་ཤུགས་ལ་རམ་འདེགས་རང་བཞིན་གྱི་ལས་ཞུགས་རྟེན་གཞི་འཛུགས་པར་རྒྱབ་སྐྱོར་བྱས་ཏེ། སེམས་ཁམས་དང་རིག་སྟོབས།  རྐང་ལག་སྐྱོན་ཅན་ཚབས་ཆེ་བ་སོགས་ལས་ཞུགས་ཐད་དཀའ་ངལ་ཡོད་པའི་དབང་བོ་སྐྱོན་ཅན་ལ་རམ་འདེགས་རང་བཞིན་གྱི་ལས་ཞུགས་ཐུབ་པར་རོགས་རམ་བྱ་དགོས།   ཆ་རྐྱེན་ཡོད་པའི་ས་ཁུལ་གྱིས་རམ་འདེགས་རང་བཞིན་གྱི་ལས་ཞུགས་ལས་ཁུངས་སུ་སྤྱི་ཚོགས་བྱ་བའི་ལས་གནས་འཛུགས་པ་དང་། དབང་བོ་སྐྱོན་ཅན་ལས་ཞུགས་ཀྱི་ཟུར་ཁྲིད་པ་བཀོད་སྒྲིག་བྱ་དགོས།  ལས་རིགས་ཁམས་གསོའི་མ་ལག་འཐུས་ཚང་དུ་བཏང་ནས། བློ་རིག་མི་དྭངས་པའི་ཚོགས་སྤྱིར་སྦྲེལ་ཐག་ཧྲིལ་བོའི་མཉམ་འདྲེས་ལས་ཞུགས་ཞབས་ཕྱི་འདོན་སྤྲོད་བྱ་དགོས།  རམ་འདེགས་རང་བཞིན་གྱི་ལས་ཞུགས་རྟེན་གཞི་དང་ལས་ཞུགས་ཐབས་ལམ་གཞན་དག་ལ་བརྟེན་ནས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་མི་བཀོལ་མཁན་སྡེ་ཚན་ལ་དབང་བོ་སྐྱོན་ཅན་གྱི་ལས་ཞུགས་བཀོད་སྒྲིག་བྱེད་པར་རོགས་རམ་བྱེད་པ་དང་། རམ་འདེགས་རང་བཞིན་གྱི་ལས་ཞུགས་རྟེན་གཞིས་མི་བཀོལ་མཁན་སྡེ་ཚན་དང་འབྲེལ་མཐུད་བྱས་ནས་དབང་བོ་སྐྱོན་ཅན་གྱི་ལས་ཞུགས་བཀོད་སྒྲིག་བྱེད་པའི་སྒྲུབ་ཐབས་ཚད་ལྡན་བཟོ་དགོས། (འགན་འཁུར་སྡེ་ཚན་ནི་ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་། ཞིང་ཆེན་དམངས་སྲིད་ཐིན། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་བཅས་ཡིན)

(དགུ)ལོང་བ་སྣ་མང་རང་བཞིན་གྱི་ལས་ཞུགས་ཐུབ་པར་སྐུལ་འདེད་གཏང་དགོས། ཞིང་ཆེན་གྱི་ལོང་བའི་འཕུར་མཉེད་སྨན་བཅོས་བདེ་གསོ་གསོ་སྦྱོང་གི་ཕྱོགས་བསྡུས་ཞབས་ཕྱིའི་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་ནས། ལོང་བའི་འཕུར་མཉེད་ལས་རིགས་འཕེལ་རྒྱས་ལ་སྣེ་ཁྲིད་དང་སྐུལ་ཁྲིད་བྱ་དགོས། ལོང་བའི་འཕུར་མཉེད་ལས་རིགས་ཀྱི་ཟོང་རྟགས་ཅན་དང་ཚད་གཞི་ཅན། ཚད་ལྡན་ཅན་བཅས་འཛུགས་སྐྲུན་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། ལོང་བའི་བདེ་སྲུང་འཕུར་མཉེད་ལས་ཁུངས་ཀྱི་སྐར་རིམ་དཔྱད་འབེབས་གོ་རིམ་ལྡན་པའི་ངང་སྤེལ་ནས། ལས་རིགས་སྤྱི་ཡོངས་ཀྱི་ཞབས་ཕྱིའི་ཆུ་ཚད་ཇེ་མཐོར་གཏང་དགོས། ལོང་བའི་བདེ་སྲུང་འཕུར་མཉེད་གསོ་སྦྱོང་དང་རྒྱུན་མཐུད་སློབ་གསོ་ལག་ཏུ་བསྟར་ནས། ལོང་བའི་སྨན་བཅོས་འཕུར་མཉེད་མི་སྣའི་རྒྱུགས་ལེན་དང་ལས་གཉེར་ཞུ་ཚགས། དཔང་ཡིག་གི་ལོ་བཤེར། ལས་ཐོབ་ཞིབ་དཔྱད་བཅས་ཀྱི་བྱ་བ་ལེགས་པོར་བསྒྲུབ་དགོས། ལོང་བའི་སྨན་བཅོས་འཕུར་མཉེད་དང་བདེ་སྲུང་འཕུར་མཉེད་ལས་ཁུངས་འཕེལ་རྒྱས་གཏོང་བར་རོགས་སྐྱོར་བྱེད་པ་དང་། ལོང་བའི་སྨན་བཅོས་འཕུར་མཉེད་མི་སྣས་སྡེ་ཁུལ་འཕྲོད་བསྟེན་ཞབས་ཕྱིའི་ལྟེ་གནས་སོགས་སྨན་བཅོས་ལས་ཁུངས་སུ་ལས་གཉེར་བྱེད་པར་རྒྱབ་སྐྱོར་བྱ་དགོས། ལོང་བའི་ལས་ཞུགས་ཐབས་ལམ་རྒྱ་བསྐྱེད་ནས་མིག་དབང་སྐྱོན་ཅན་ཚབས་ཆེན་དེ་རམ་འདེགས་རང་བཞིན་གྱི་ལས་ཞུགས་མི་སྣའི་ཁྱབ་ཁོངས་སུ་གཞག་དགོས། (འགན་འཁུར་སྡེ་ཚན་ནི་ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་། ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ལྷན། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་བཅས་ཡིན)

(བཅུ)དབང་བོ་སྐྱོན་ཅན་གྱི་སློབ་ཆེན་སློབ་མ་ལས་ཞུགས་ཐུབ་པར་སྐུལ་འདེད་གཏང་དགོས། དབང་བོ་སྐྱོན་ཅན་གྱི་སློབ་ཆེན་སློབ་མའི་གཞི་གྲངས་ཞབས་ཕྱིའི་མཛོད་འཐུས་ཚང་དུ་གཏང་དགོས་པ་མ་ཟད“མི་གཅིག་ལ་ཇུས་གཅིག”གི་ལས་ཞུགས་ཞབས་ཕྱིའི་རྩིས་ཐོ་བཙུགས་ནས། དབང་བོ་སྐྱོན་ཅན་གྱི་སློབ་ཆེན་སློབ་མར་ཁ་ཕྱོགས་ནས་ལས་འཚོལ་སྦྱོང་བརྡར་སྒར་ས་དང་ཆེད་སྒྲུབ་གདན་ཞུའི་ཚོགས་འདུ་སོགས་ཀྱི་བྱེད་སྒོ་སྤེལ་དགོས།   དབང་བོ་སྐྱོན་ཅན་གྱི་སློབ་ཆེན་སློབ་མ་ལས་ཞུགས་དཀའ་ངལ་ཡོད་པའི་ཚོགས་སྤྱིའི་ཆེད་དམིགས་རོགས་སྐྱོར་འཆར་གཞིའི་ནང་བཞག་ནས། ལས་གནས་སྡེབ་སྒྲིག་འོས་སྦྱོར་སོགས་རོགས་སྐྱོར་བྱེད་ཐབས་བརྒྱུད་ནས་ལས་ཞུགས་འགྲན་རྩོད་ནུས་པ་དང་ལས་འཚོལ་ལེགས་གྲུབ་བྱུང་ཚད་ཇེ་མཐོར་གཏང་དགོས། ཁྲོམ་ར་ཅན་གྱི་ལས་ཞུགས་ཞབས་ཕྱིའི་ལས་ཁུངས་དང་སྤྱི་པའི་ལས་ཞུགས་ཞབས་ཕྱིའི་ལས་སྟེགས་སྣ་ཚོགས་ལ་དབང་བོ་སྐྱོན་ཅན་གྱི་སློབ་ཆེན་སློབ་མ་སྔོན་འཇོག་གིས་ལས་ཞུགས་ འོས་སྦྱོར་བྱ་རྒྱུར་མཛུབ་སྟོན་བྱས་ནས། དབང་བོ་སྐྱོན་ཅན་གྱི་སློབ་ཆེན་སློབ་མའི་རང་བདག་ལས་གཏོད་ལ་རྒྱབ་སྐྱོར་བྱ་དགོས། (འགན་འཁུར་སྡེ་ཚན་ནི་ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་། ཞིང་ཆེན་སློབ་གསོ་ཐིན། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་བཅས་ཡིན)

བཞི།  དབང་བོ་སྐྱོན་ཅན་གྱི་ལས་རིགས་རྩལ་ནུས་མཐོར་འདེགས་གཏོང་བའི་འགུལ་སྐྱོད་ལག་ཏུ་བསྟར་དགོས།

(བཅུ་གཅིག)དམིགས་བསལ་ལས་རིགས་སློབ་གསོའི་མ་ལག་འཐུས་ཚང་དུ་གཏང་དགོས། དམིགས་བསལ་སློབ་གསོའི་སློབ་གྲྭ་རུ་ལས་རིགས་སློབ་གསོ་པུའུ(འཛིན་གྲྭ)གསར་དུ་འཛུགས་པར་སྐུལ་འདེད་གཏང་དགོས་པ་དང་། འབྲིང་རིམ་ལས་རིགས་སློབ་གྲྭ་དཀྱུས་མ་རུ་དམིགས་བསལ་སློབ་གསོ་པུའུ(འཛིན་གྲྭ)གསར་དུ་འཛུགས་པའམ་ཡང་ན་མཉམ་འབྲེལ་སློབ་སྒྲུབ་བྱས་པ་བརྒྱུད་དམིགས་བསལ་སློབ་གསོའི་སློབ་གྲྭ་རུ་ལས་རིགས་སློབ་གསོའི་འཛིན་གྲྭ་འཛུགས་པར་རྒྱབ་སྐྱོར་བྱས་ཏེ། དབང་བོ་སྐྱོན་ཅན་གྱི་སློབ་མའི་འབྲིང་རིམ་ལས་རིགས་སློབ་གསོའི་ཁྱབ་རྒྱ་ཆེ་རུ་གཏང་དགོས།  དབང་བོ་སྐྱོན་ཅན་ལས་རིགས་སློབ་གསོའི་ཆེད་ལས་འཛུགས་སྐྲུན་གྱི་ཆུ་ཚད་ཇེ་མཐོར་གཏོང་བ་དང་། དབང་བོ་སྐྱོན་ཅན་གྱི་སློབ་མའི་ལུས་སེམས་འཕེལ་རྒྱས་ཀྱི་ཁྱད་ཆོས་ལ་གཞིགས་ནས་ལུགས་མཐུན་ངང་ཆེད་ལས་བཀོད་སྒྲིག་བྱ་དགོས། དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་དབང་བོ་སྐྱོན་ཅན་གྱི་སློབ་མར་ལས་རིགས་རྩལ་ནུས་གསོ་སྦྱོང་རྩ་འཛུགས་བྱས་ཏེ། དབང་བོ་སྐྱོན་ཅན་སློབ་མ་སློབ་གྲྭ་ནས་ལས་གནས་བར་གོ་རིམ་ལྡན་པའི་ངང་འབྲེལ་མཐུད་ཡོང་བར་སྐུལ་འདེད་གཏང་དགོས། (འགན་འཁུར་སྡེ་ཚན་ནི་ཞིང་ཆེན་སློབ་གསོ་ཐིན་དང་ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཡིན)

(བཅུ་གཉིས)ལས་རིགས་ཀྱི་བྱང་ཚད་དང་ནུས་པ་ཇེ་མཐོར་གཏང་དགོས། དབང་བོ་སྐྱོན་ཅན་གྱི་ལས་རིགས་གསོ་སྦྱོང་རྟེན་གཞི་འཛུགས་པར་ཤུགས་སྣོན་པ་དང་། “དགེ་རྒན་གྱིས་དགེ་ཕྲུག་ཁྲིད་པའི”ཚུལ་གྱིས་དབང་བོ་སྐྱོན་ཅན་ལ་ལག་རྩལ་སློབ་ཁྲིད་བྱེད་མཁན་གྱི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་པ་སོགས་ཀྱི་ལས་སྒྲུབ་ཁང་དེ། ལས་རིགས་གསོ་སྦྱོང་རྟེན་གཞིར་ངོས་འཛིན་བྱེད་པར་རྒྱབ་སྐྱོར་བྱ་དགོས།  དབང་བོ་སྐྱོན་ཅན་གྱི་ལས་རིགས་གསོ་སྦྱོང་རྟེན་གཞིའི་དཀར་ཆག་དང་གསོ་སྦྱོང་ལས་གཞིའི་མཛུབ་སྟོན་དཀར་ཆག་འགུལ་རྣམ་ལེགས་སྒྲིག་བྱས་ཏེ། དབང་བོ་སྐྱོན་ཅན་གྱི་ལས་རིགས་རྩལ་ནུས་གསོ་སྦྱོང་ལ་ཤུགས་བསྣན་དགོས། དབང་བོ་སྐྱོན་ཅན་གྱི་ལས་རིགས་རྩལ་ནུས་འགྲན་བསྡུར་དང་འགྲེམས་སྟོན་སྤེལ་རེས་ཀྱི་བྱེད་སྒོ་དུས་བཅད་ལྟར་སྤེལ་ཏེ་འགྲན་བསྡུར་གྱི་སྐུལ་ལྕག་ འགན་སྲུང་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས། འབྲེལ་ཡོད་ཚན་ཞིབ་སྡེ་ཚན་ལ་ཚན་རྩལ་གྱིས་དབང་བོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་ལག་རྩལ་ཞིབ་འཇུག་དང་དཔེ་སྟོན་བྱེད་པར་བསྔགས་སྐུལ་བྱས་ཏེ། གྲུབ་འབྲས་གཞན་སྒྱུར་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་བཏང་ནས་དབང་བོ་སྐྱོན་ཅན་གྱི་ལས་ཞུགས་ནུས་པ་ཇེ་ཆེར་གཏང་དགོས། (འགན་འཁུར་སྡེ་ཚན་ནི་ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་ཚན་རྩལ་ཐིན་བཅས་ཡིན)

ལྔ། དབང་བོ་སྐྱོན་ཅན་གྱི་ངལ་རྩོལ་ཁེ་དབང་འགན་སྲུང་བྱེད་པའི་འགུལ་སྐྱོད་ལག་ཏུ་བསྟར་དགོས།

(བཅུ་གསུམ)ངལ་རྩོལ་ཁེ་དབང་གི་ཁྲིམས་བསྟར་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་དགོས། དབང་བོ་སྐྱོན་ཅན་གྱི་ལས་ཞུགས་ཁེ་དབང་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ལ་ལྟ་སྐུལ་དོ་དམ་དང་ཁྲིམས་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཉེར་སྐྱོང་རང་བཞིན་གྱི་མི་ཤུགས་ཐོན་ཁུངས་ཞབས་ཕྱིའི་ལས་ཁུངས་ཀྱིས་ཁྲིམས་ལྟར་དབང་བོ་སྐྱོན་ཅན་གྱི་ལས་ཞུགས་ཞབས་ཕྱི་ཚད་ལྡན་དུ་གཏོང་བར་སྐུལ་འདེད་གཏོང་ཞིང་། དབང་བོ་སྐྱོན་ཅན་གྱི་ལས་ཞུགས་དང་འབྲེལ་བའི་ཞུ་གཏུག་དང་ཐེར་འདོན་སྣ་ཚོགས་དུས་ཐོག་ཏུ་བདག་སྤྲོད་བྱས་ཏེ། དབང་བོ་སྐྱོན་ཅན་གྱི་འདྲ་མཉམ་ལས་ཞུགས་གྱི་ཁེ་དབང་ཁྲིམས་ལྟར་འགན་སྲུང་བྱ་དགོས། མི་བཀོལ་མཁན་སྡེ་ཚན་དང་ཁྲོམ་ར་ཅན་གྱི་ལས་ཞུགས་ཞབས་ཕྱིའི་ལས་ཁུངས་སྣ་ཚོགས་ལ་གླ་ཕོགས་བཀག་ཉར་དང་སྒྲིག་འགལ་གླ་བསྡུ་སོགས་དབང་བོ་སྐྱོན་ཅན་གྱི་ལས་ཞུགས་ཁེ་དབང་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ཡོད་ཚེ། དུས་ཐོག་ཏུ་གཙོ་སྐྱོང་སྡེ་ཁག་ལ་ཁུངས་སྣེ་སྐྱེལ་སྤྲོད་བྱེད་པ་མ་ཟད་ཐག་གཅོད་བྱེད་ རོགས་བྱ་དགོས།  (འགན་འཁུར་སྡེ་ཚན་ནི་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་དང་། ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཡིན)

(བཅུ་བཞི)སྤྱི་ཚོགས་འགན་སྲུང་གི་མཐའ་སྐྱོང་སྲིད་ཇུས་དོན་འཁྱོལ་བྱ་དགོས། དབང་བོ་སྐྱོན་ཅན་གྱིས་མ་མཐའི་འཚོ་བའི་འགན་སྲུང་རེ་ཞུ་བྱས་ནས་ལས་ཞུགས་ཡོང་འབབ་རྩིས་རྒྱག་སྐབས། རང་ཞིང་གི་ཆེས་དམའ་བའི་གླ་ཕོགས་ཚད་གཞིའི50%ལྟར་ལས་ཞུགས་མ་གནས་འཕྲི་དགོས་པ་དང་། དབང་བོ་སྐྱོན་ཅན་གྱི་ཁྱིམ་ཚང་གི་ཡོང་འབབ་མ་མཐའི་འཚོ་བ་འགན་སྲུང་གི་ཚད་གཞི་ལས་བརྒལ་ན་ཟླ6ལས་མི་བརྒལ་བའི་རིམ་འབུད་ དུས་ཡུན་སྟེར་དགོས་ལ། ཆ་རྐྱེན་ཡོད་པའི་ས་ཁུལ་གྱིས་ལས་ཞུགས་ལོ་ཚད་ལོན་པའི་དབང་བོ་སྐྱོན་ཅན་ལ་བསམ་འདས་རྨས་སྐྱོན་གྱི་ཚོང་ལས་འགན་བཅོལ་ཉོ་སྒྲུབ་བྱེད་པའི་ལམ་ལུགས་འཚོལ་ཞིབ་བྱས་ནས་འཛུགས་པར་བསྔགས་སྐུལ་བྱ་དགོས།(འགན་འཁུར་སྡེ་ཚན་ནི་ཞིང་ཆེན་དམངས་སྲིད་ཐིན་དང་ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཡིན)

དྲུག དབང་བོ་སྐྱོན་ཅན་ལས་ཞུགས་ཀྱི་ཞབས་ཕྱིའི་སྤུས་ཚད་ཇེ་མཐོར་གཏོང་བའི་འགུལ་སྐྱོད་ལག་ཏུ་བསྟར་དགོས།   

(བཅོ་ལྔ)ལས་ཞུགས་ཞབས་ཕྱིའི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏང་དགོས། བཙུགས་ཟིན་པའི་དབང་བོ་སྐྱོན་ཅན་གྱི་ལས་ཞུགས་རྟེན་གཞིའི་ཞབས་ཕྱི་འགན་སྲུང་བྱེད་ནུས་སྲ་བརྟན་དང་ཇེ་མཐོར་གཏོང་བ་དང་། ཁྱད་ཆོས་མངོན་གསལ་དོད་ཅིང་དཔེ་སྟོན་སྐུལ་ཁྲིད་བྱེད་ནུས་ཅུང་ཆེ་བའི་རྟེན་གཞི་ཁག་ཅིག་གསོ་སྐྱོང་བྱ་དགོས།  དངུལ་རྩས་དབང་བོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་ཞབས་ཕྱི་སྤེལ་བ་དང་། “མཚོ་སྔོན་ཡིད་རྟོན་དངུལ་བུན”དང“eའོས་སྦྱོར་པ”སོགས་ལས་སྟེགས་ཀྱི་ཡིད་རྟོན་དངུལ་བུན་གྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏང་དགོས།  དབང་བོ་སྐྱོན་ཅན་གྱི་ལས་ཞུགས་འགན་སྲུང་མ་དངུལ་བསྡུ་ལེན་དང་བེད་སྤྱོད་དོ་དམ་དང་ལས་ཞུགས་རྒྱབ་སྐྱོར་གྱི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། བསྡུར་ཚད་ལྟར་དབང་བོ་སྐྱོན་ཅན་གྱི་ལས་ཞུགས་ཞིབ་བཤེར་གཏན་འཁེལ་དང་འགན་སྲུང་མ་དངུལ་བསྡུ་ལེན་གྱི་བྱ་བ་ཚད་ལྡན་དུ་སྤེལ་དགོས། དབང་བོ་སྐྱོན་ཅན་གྱི་ལས་ཞུགས་འགན་སྲུང་མ་དངུལ་ལ་གཅིག་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས།  གཏན་འབེབས་ལྟར་ལས་ཞུགས་ལས་གཏོད་ཀྱི་རོགས་སྐྱོར་དང་ཁ་གསབ་བྱ་དགའི་སྲིད་ཇུས་སྣ་ཚོགས་དོན་འཁྱོལ་ཡག་པོ་བྱ་དགོས།   (འགན་འཁུར་སྡེ་ཚན་ནི་ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་། ཞིང་ཆེན་ཏང་ཨུའི་དངུལ་རྩ་གཞུང་ལས་ཁང་། མི་དམངས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། ཞིང་ཆེན་ནོར་སྲིད་ཐིན། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས་བཅས་ཡིན)

(བཅུ་དྲུག)ལས་ཞུགས་ཞབས་ཕྱིའི་དྲ་རྒྱ་འཐུས་ཚང་དུ་གཏང་དགོས། དབང་བོ་སྐྱོན་ཅན་གྱི་ལས་ཞུགས་དེ་རིམ་པ་སོ་སོའི་སྤྱི་པའི་ལས་ཞུགས་ཞབས་ཕྱིའི་ལས་ཁུངས་ཀྱི་ཞབས་ཕྱིའི་ཁྱབ་ཁོངས་སུ་བཅུག་ནས། ལས་རིགས་མཛུབ་སྟོན་དང་། ལས་གནས་འོས་སྦྱོར། ལས་གཏོད་རོགས་སྐྱོར་སོགས་ཀྱི་ལས་ཞུགས་ཞབས་ཕྱི་འདོན་སྤྲོད་བྱ་དགོས། ལས་རིགས་ནུས་པ་དཔྱད་དཔོག་པའི་དཔུང་སྡེ་སྐྱེད་སྲིང་དང་འཛུགས་སྐྲུན་བྱས་ནས། དབང་བོ་སྐྱོན་ཅན་གྱི་ལས་རིགས་ནུས་པར་དཔྱད་དཔོག་བྱེད་པ་དང་། གླ་བདག་གསོ་སྦྱོང་དང་ལས་གནས་རྒྱ་བསྐྱེད་ཚུལ་འདྲི་རྩད་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་མི་བཀོལ་མཁན་སྡེ་ཚན་ལ་སྲིད་ཇུས་གསལ་འགྲེལ་དང་། ལས་གནས་གསར་སྤེལ། མི་དང་ལས་གནས་འཚམ་མཐུན་སོགས་ཀྱི་མཛུབ་སྟོན་ཞབས་ཕྱི་འདོན་སྤྲོད་བྱ་དགོས།  “མཚོ་སྔོནe ལས་ཞུགས”ཀྱི་རིག་ལྡན་ཆ་འཕྲིན་ལས་སྟེགས་དང་། “མཚོ་སྔོན་ཞིང་ཆེན་གྱི་དབང་བོ་སྐྱོན་ཅན་ལས་ཞུགས་ལས་གཏོད་དྲ་བ”སོགས་ལས་སྟེགས་ལ་བརྟེན་ནས་དབང་བོ་སྐྱོན་ཅན་གྱི་ལས་ཞུགས་ལས་གནས་ཀྱི་འགུལ་རྣམ་ཆ་འཕྲིན་འཚོལ་བསྡུ་དང་ཁྱབ་བསྒྲགས་བྱེད་པའི་རྐྱེན་སྲོལ་གཟུག་དགོས།  (འགན་འཁུར་སྡེ་ཚན་ནི་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་དང་། ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཡིན)

(བཅུ་བདུན)ལས་ཞུགས་ལ་རྒྱབ་སྐྱོར་བྱེད་པའི་རྣམ་པ་བསྐྲུན་དགོས། ལོ་རེའི་ཟླ5བར“དབང་བོ་སྐྱོན་ཅན་ལས་ཞུགས་དྲིལ་བསྒྲགས་ཟླ་བའི”བྱེད་སྒོ་རྒྱུན་མཐུད་ངང་སྤེལ་བ་དང་། ཆེད་སྒྲུབ་གདན་ཞུ་དང་།   རྩལ་ནུས་འགྲེམས་སྟོན། གཅེས་སེམས་འོས་འཚོང་སོགས་བྱེད་སྒོ་རབ་དང་རིམ་པ་གཅིག་བསྡུས་ཐོག་རྩ་འཛུགས་བྱས་ཏེ། དབང་བོ་སྐྱོན་ཅན་གྱི་ལས་ཞུགས་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་བོ་བསྐྲུན་དགོས། དབང་བོ་སྐྱོན་ཅན་གྱི་ཆེད་དམིགས་མཐུན་ཚོགས་དང་ཞིང་ཆེན་དབང་བོ་སྐྱོན་ཅན་གྱི་ཕན་བདེ་ཐེབས་རྩ་ལྷན་ཚོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སྤྱི་ཚོགས་སྟོབས་ཤུགས་ཀྱིས་དབང་བོ་སྐྱོན་ཅན་གྱི་ལས་ཞུགས་ལ་རོགས་སྐྱོར་བྱེད་པའི་སྤྱི་ཕན་བྱེད་སྒོ་སྤེལ་བར་རྒྱ་ཁྱབ་ཏུ་སྐུལ་སློང་བྱ་དགོས། (འགན་འཁུར་སྡེ་ཚན་ནི་ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ཡིན)

གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་གིས་དབང་བོ་སྐྱོན་ཅན་གྱི་ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུ་དེ་དམངས་འཚོའི་དངོས་དོན་ལས་གཞིའི་ནང་དུ་བཞག་ནས། དབང་བོ་སྐྱོན་ཅན་གྱི་ལས་ཞུགས་དང་འབྲེལ་བའི་སྲིད་ཇུས་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏང་དགོས། ཞིང་ཆེན་སྲིད་གཞུང་གི་དབང་བོ་སྐྱོན་ཅན་བྱ་བའི་ཨུ་ལྷན་གཞུང་ལས་ཁང་གིས་འབྲེལ་ཡོད་སྡེ་ཁག་དང་སྡེ་ཚན་དང་མཉམ་དུ་ཇུས་གཞི་འདི་དོན་འཁྱོལ་བྱས་ཚུལ་ལ་དུས་ཐོག་ཏུ་ཕྱོགས་བསྡོམས་དང་དཔྱད་དཔོག་བྱ་དགོས། 

རྩོམ་སྒྲིག་པ། : ཁོན་ཐར་འཚོ།