མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དང་མཚོ་སྔོན་ཞིང་ཆེན་དམག་ཁུལ་གྱི《མཚོ་སྔོན་ཞིང་ཆེན་གྱི་རྐང་འཛིན་དམངས་དམག་གི་གཟིགས་སྐྱོང་དང་ཁེ་དབང་འགན་སྲུང་བྱེད་ཐབས》དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར།

ཡོང་ཁུངས། 2026ལོའི༼ མཚོ་སྔོན་སྲིད་དོན༽འདོན་ཐེངས3པ།

༄༅། །མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དང་མཚོ་སྔོན་ཞིང་ཆེན་དམག་ཁུལ་གྱི《མཚོ་སྔོན་ཞིང་ཆེན་གྱི་རྐང་འཛིན་དམངས་དམག་གི་

གཟིགས་སྐྱོང་དང་ཁེ་དབང་འགན་སྲུང་བྱེད་ཐབས》དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར།

མཚོ་སྲིད﹝2025﹞ཨང41པ།

 གྲོང་ཁྱེར་དང་རང་སྐྱོང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང་། ཞིང་ཆེན་སྲིད་གཞུང་གི་ཨུ་ཡོན་ལྷན་ཁང་དང་གཞུང་ལས་ཁང་། ཐིན། ཅུས་སོ་སོ། ཡན་ལག་དམག་ཁུལ(ཉེན་སྲུང་དམག་ཁུལ)སོ་སོ་བཅས་ལ། 

 ད་ལྟ《མཚོ་སྔོན་ཞིང་ཆེན་གྱི་རྐང་འཛིན་དམངས་དམག་གི་གཟིགས་སྐྱོང་དང་ཁེ་དབང་འགན་སྲུང་བྱེད་ཐབས》ཁྱོད་ཚོར་དཔར་འགྲེམ་བྱས་པ་ཡིན་པས། ནན་ཏན་གྱིས་ལག་བསྟར་དོན་འཁྱོལ་ལེགས་འཛིན་བྱ་དགོས། 

                                             མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།
མཚོ་སྔོན་ཞིང་ཆེན་དམག་ཁུལ། 

2025ལོའི་ཟླ11པའི་ཚེས5ཉིན།

༄༅། །མཚོ་སྔོན་ཞིང་ཆེན་གྱི་རྐང་འཛིན་དམངས་དམག་གི་གཟིགས་སྐྱོང་དང་ཁེ་དབང་འགན་སྲུང་བྱེད་ཐབས།

ལེའུ་དང་པོ། སྤྱིའི་དོན་ཚན།

དོན་ཚན་དང་པོ། རྐང་འཛིན་དམངས་དམག་གི་གཟིགས་སྐྱོང་དང་ཁེ་དབང་འགན་སྲུང་བྱ་བ་ཚད་ལྡན་དུ་གཏོང་ཞིང་། མི་དམངས་མང་ཚོགས་དང་སྤྱི་ཚོགས་ཚོགས་པ། ཁེ་ལས་དང་དོན་ལས་སྡེ་ཚན། སྤྱི་ཚོགས་རྩ་འཛུགས་གཞན་དག་བཅས་ཀྱིས་རྐང་འཛིན་དམངས་དམག་གི་བྱ་བར་རྒྱབ་སྐྱོར་དང་དེར་ཐེ་ཞུགས་བྱེད་པའི་གཟི་བརྗིད་ཀྱི་བསམ་པ་དང་ཐོབ་སྣང་ཇེ་ཆེར་བཏང་ཐོག རྐང་འཛིན་དམངས་དམག་གི་འཛུགས་སྐྲུན་དེ་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲུང་བཅའ་ཁྲིམས》དང《དམངས་དམག་བྱ་བའི་སྲོལ་ཡིག》《དམངས་དམག་གི་ཆབ་སྲིད་བྱ་བའི་གཏན་འབེབས》《སྣ་མང་ཅན་གྱི་དམག་དོན་ལས་འགན་སྒྲུབ་མཁན་དམངས་དམག་གི་གྲ་སྒྲིག་དམག་ཞབས་མི་སྣར་འཆི་གོད་གྱོང་གསབ་ཐད་ནས་གཟིགས་སྐྱོང་བྱེད་ཐབས》སོགས་ཁྲིམས་སྲོལ་གཞིར་བཟུང་ཞིང་། རང་ཞིང་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བྱེད་ཐབས་འདི་བཟོས་པ་ཡིན།

དོན་ཚན་གཉིས་པ། བྱེད་ཐབས་འདི་མཚོ་སྔོན་ཞིང་ཆེན་གྱི་ཚན་ཁག་བསྒྲིགས་ནས་ཐོ་འགོད་བྱས་པའི་རྐང་འཛིན་དམངས་དམག་དང་རྐང་འཛིན་དམངས་དམག་ཚན་ཁག་བསྒྲིགས་པའི་ཁེ་ལས་དང་དོན་ལས་སྡེ་ཚན།  སྤྱི་ཚོགས་རྩ་འཛུགས(གཤམ་དུ་དམངས་དམག་ཚན་སྒྲིག་སྡེ་ཚན་ཞེས་བསྡུ་རྒྱུ)བཅས་ལ་སྤྱོད་འཐུས་པ་ཡིན། རྐང་འཛིན་དམངས་དམག་གི་གོ་ཆོད་པའི་ལག་ཁྱེར་ནི《རྐང་འཛིན་དམངས་དམག་གི་ལག་ཁྱེར》ཡིན་ཞིང་། དམངས་དམག་ཚན་སྒྲིག་སྡེ་ཚན་གྱི་དཔང་ཡིག་ནི་ཡན་ལག་དམག་ཁུལ(ཉེན་སྲུང་དམག་ཁུལ)སོ་སོའམ་རྫོང(གྲོང་ཁྱེར་དང་ཆུས)མི་དམངས་དྲག་ཆས་པུའུ་ཡིས་འདོན་སྤྲོད་བྱ་དགོས།

དོན་ཚན་གསུམ་པ། རྐང་འཛིན་དམངས་དམག་གི་གཟིགས་སྐྱོང་དང་ཁེ་དབང་འགན་སྲུང་བྱ་བའི་ཐད་ནས། འགན་དབང་གཅིག་མཐུན་དང་བྱས་རྗེས་དང་ཆ་མཐུན་ཡོང་བར་བྱེད་པ་དང་། གོང་བཀུར་མངོན་པར་མཚོན་ཞིང་སྐུལ་ལྕག་ལ་མཐོང་ཆེན་བྱེད་པ། མིག་སྔར་ལ་གཞི་ཚུགས་ཞིང་ཕུགས་ལ་དོ་སྣང་བྱེད་པ། ཡུལ་བབ་དང་བསྟུན་ཞིང་རིམ་བཞིན་འཐུས་ཚང་དུ་གཏོང་བ་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱ་དགོས།

དོན་ཚན་བཞི་བ། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་རྐང་འཛིན་དམངས་དམག་གི་ཁེ་དབང་འགན་སྲུང་བྱ་བར་མགོ་ཁྲིད་པར་ཤུགས་བསྣན་ཏེ། རྐང་འཛིན་དམངས་དམག་གི་ཁེ་དབང་འགན་སྲུང་བྱ་བ་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་གྱི་འཆར་འགོད་ནང་དུ་འཇུག་པ་དང་། འཆི་གོད་གྱོང་གསབ་ཐད་ནས་གཟིགས་སྐྱོང་བྱ་ཡུལ་དེ་སྤྱི་ཚོགས་འགན་སྲུང་དང་གཞི་རྩའི་སྤྱི་པའི་ཞབས་ཕྱིའི་མ་ལག་ནང་དུ་བཅུག་སྟེ།  རྐང་འཛིན་དམངས་དམག་གི་ཁེ་དབང་འགན་སྲུང་བྱེད་པར་མཁོ་བའི་གྲོན་དངུལ་དེ་ད་ལྟ་ལག་བསྟར་བྱེད་བཞིན་པའི་སྔོན་རྩིས་དོ་དམ་བྱེད་རིམ་དང་མ་དངུལ་འགན་སྲུང་བྱེད་པོ་ལྟར་དེ་མཚུངས་ཀྱི་རིམ་པ་སོ་སོའི་ནོར་སྲིད་ཀྱི་སྔོན་རྩིས་ནང་དུ་འཇུག་དགོས།

དོན་ཚན་ལྔ་བ། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་དང་དམག་དོན་ལས་ཁུངས་ཀྱིས་མངའ་ཁུལ་དེ་གའི་རྐང་འཛིན་དམངས་དམག་གི་གཟིགས་སྐྱོང་དང་ཁེ་དབང་འགན་སྲུང་ལག་ལེན་མཐར་ཕྱིན་བྱེད་འགན་མཉམ་དུ་འཁུར་དགོས་པ་དང་། ཞིང་ཆེན་འདི་གའི་སྲིད་འཛིན་ས་ཁོངས་ནང་གི་རྒྱལ་ཁབ་ལས་ཁུངས་དང་སྤྱི་ཚོགས་ཚོགས་པ། ཁེ་ལས་དང་དོན་ལས་སྡེ་ཚན། སྤྱི་ཚོགས་རྩ་འཛུགས་གཞན་དག་བཅས་ཀྱིས་བྱེད་ཐབས་འདིའི་གཏན་འབེབས་ལྟར་རང་རང་གིས་བསྒྲུབ་དགོས་པའི་ལས་ཁུར་དང་འོས་འགན་བསྒྲུབ་དགོས། སྤྱི་ཚོགས་རྩ་འཛུགས་དང་མི་སྒེར་གྱིས་རྐང་འཛིན་དམངས་དམག་གི་གཟིགས་སྐྱོང་དང་ཁེ་དབང་འགན་སྲུང་བྱེད་པར་འབྲེལ་ཡོད་ཀྱི་རྒྱབ་སྐྱོར་བྱ་དགོས།

ལེའུ་གཉིས་པ། མི་སྒེར་གྱི་དམིགས་བསལ་གཟིགས་སྐྱོང་སྐོར།

དོན་ཚན་དྲུག་པ། ཞིང་ཆེན་འདི་གའི་སྲིད་འཛིན་ས་ཁོངས་ནང་དུ། སྤྱི་དམངས་རྐང་འཛིན་དམངས་དམག་གི་རྩ་འཛུགས་ནང་ཞུགས་པ་དང་རྒྱལ་སྲུང་གི་འོས་འགན་སྒྲུབ་པར་གཤམ་གསལ་གྱི་གཟིགས་སྐྱོང་ལོངས་སུ་སྤྱོད་ཆོག་པ་སྟེ།

(གཅིག) རྐང་འཛིན་དམངས་དམག་དཔུང་གྲལ་དུ་ཞུགས་པ་དང་དཔུང་གྲལ་ལས་ཕྱིར་འབུད་སྐབས། རིམ་པ་སོ་སོའི་དམག་དོན་ལས་ཁུངས་སམ་གཞི་རིམ་མི་དམངས་དྲག་ཆས་པུའུ་ཡིས་མཛད་སྒོ་སྤེལ་དགོས།

(གཉིས) ས་ཁུལ་སོ་སོས་རྐང་འཛིན་དམངས་དམག་སྐོར་གྱི་དྲིལ་བསྒྲགས་བྱེད་སྒོ་རྒྱ་ཆེར་སྤེལ་ཞིང་། ཚགས་པར་དུས་དེབ་དང་རླུང་འཕྲིན་བརྙན་འཕྲིན། འབྲེལ་ཡོད་སྨྱན་སྦྱོར་བཅས་ལ་བརྟེན་ནས་རྐང་འཛིན་དམངས་དམག་གི་སྔོན་ཐོན་དཔེ་མཚོན་བྱས་རྗེས་ཧུར་ཐག་གིས་དྲིལ་བསྒྲགས་བྱ་དགོས།

(གསུམ) རིམ་པ་སོ་སོའི་མི་དམངས་སྲིད་གཞུང་དང་དམག་དོན་ལས་ཁུངས་ཀྱིས་གཏན་འབེབས་ལྟར་རྐང་འཛིན་དམངས་དམག་བྱ་བའི་སྔོན་ཐོན་སྡེ་ཚན་དང་ཕུལ་བྱུང་མི་སྒེར་སོགས་ཀྱི་དཔྱད་འདེམས་གཟེངས་བསྟོད་བྱེད་སྒོ་སྤེལ་དགོས། ས་གནས་སོ་སོས་དམག་དཔུང་དང་ས་གནས་ཀྱི་རྟེན་འབྲེལ་མཛད་སྒོ་གལ་ཆེན་དང་དྲན་གསོའི་བྱེད་སྒོ་སྤེལ་སྐབས་རྐང་འཛིན་དམངས་དམག་བྱ་བའི་སྔོན་ཐོན་སྡེ་ཚན་དང་ཕུལ་བྱུང་མི་སྒེར་གྱི་འཐུས་མི་ཞུགས་རྒྱུ་གདན་འདྲེན་ཞུ་དགོས།

(བཞི) རིམ་པ་སོ་སོའི་མི་དམངས་སྲིད་གཞུང་དང་དམག་དོན་ལས་ཁུངས་ཀྱིས་ལོ་གསར་དང་དམག་བཙུགས་དུས་ཆེན་སོགས་དུས་ཆེན་གལ་ཆེན་གྱི་སྐབས་སུ། བྱས་རྗེས་འབུར་ཐོན་ཅན་དང་འཚོ་བར་དཀའ་ངལ་ཡོད་པའི་རྐང་འཛིན་དམངས་དམག་ལ་འཚམས་འདྲིར་སྐྱོད་པའི་བྱེད་སྒོ་སྤེལ་དགོས།

(ལྔ) རིམ་པ་སོ་སོའི་ལོ་རྒྱུས་སྡེ་ཁག་གིས་ཞིང་ཆེན་དང་པུའུ་རིམ་པ་དང་། འཐབ་ཁུལ་རིམ་པ་ཡན་གྱི་གཟེངས་བསྟོད་ཐོབ་པའི་རྐང་འཛིན་དམངས་དམག་དང་དེའི་བྱས་རྗེས་ས་གནས་ཀྱི་ལོ་རྒྱུས་ནང་དུ་དགོད་དགོས། རིམ་པ་སོ་སོའི་དམག་དོན་ལས་ཁུངས་ཀྱིས་རྐང་འཛིན་དམངས་དམག་འཐབ་ཁུལ་རིམ་པ་ཡན་གྱིས་རྩ་འཛུགས་བྱས་པའི་བྱེད་སྒོ་གལ་ཆེན་དང་། ཆེད་དམིགས་ལས་འགན་ནམ་དམག་འཁྲུག་མིན་པའི་དམག་དོན་འགུལ་སྐྱོད་སོགས་ལ་ཞུགས་པའི་གནས་ཚུལ་དེ་རྐང་འཛིན་དམངས་དམག་གི་ཡིག་ཚགས་ནང་དུ་དགོད་དགོས།

དོན་ཚན་བདུན་པ། ཞིང་ཆེན་འདི་གའི་སྲིད་འཛིན་ས་ཁོངས་ནང་དུ་རྐང་འཛིན་དམངས་དམག་གིས་གོ་ཆོད་པའི་ལག་ཁྱེར་ལ་བརྟེན་ནས་དངོས་མང་བཤམས་སྟོན་ཁང་དང་དྲན་གསོ་ཁང་། ཚན་རྩལ་ཁང་། མཛེས་རྩལ་ཁང་། རིག་གནས་ཁང་སོགས་སྤྱི་པའི་རིག་གནས་ཞབས་ཕྱི་སྒྲུབ་གནས་སྣ་ཚོགས་དང་། སྲིད་གཞུང་གི་བཅད་གོང་ངམ་མཛུབ་སྟོན་རིན་གོང་ལྟར་དོ་དམ་བྱེད་བཞིན་པའི་སྤྱི་གླིང་དང་མཛེས་ལྗོངས་ཁུལ། གནའ་ཤུལ་གྲགས་ཅན། འགྲེམ་སྟོན་ཁང་སོགས་ཀྱི་སྒོ་འཛིན་གྱི་རིན་གོང་ཆག་ཡང་ངམ་རྩ་ཆག་གཏོང་བའི་གོང་བདེའི་གཟིགས་སྐྱོང་ལོངས་སུ་སྤྱོད་ཆོག།

དོན་ཚན་བརྒྱད་པ། རིམ་པ་སོ་སོའི་སྤྱི་པའི་ཞབས་ཕྱིའི་ལས་ཁུངས་ལ་ཞིང་ཆེན་འདི་གའི་སྲིད་འཛིན་ས་ཁོངས་ནང་གི་གཏན་འཇགས་རྒྱུ་ནོར་ཐོ་འགོད་དང་སྲིད་དོན་ཞབས་ཕྱི། དམངས་སྤྱོད་མཁའ་འགྲུལ་གནམ་ཐང་། གཞུང་ལམ་འགྲུལ་སྐྱེལ། སྨན་བཅོས་འཕྲོད་བསྟེན། ལས་ཞུགས་ལས་གཏོད། ནུས་རྩལ་གསོ་སྦྱོང་སོགས་སྤྱི་པའི་ཞབས་ཕྱིའི་ཐད་ནས་རྐང་འཛིན་དམངས་དམག་ལ་དམག་མིའི་གསོལ་ཐང་གཞིར་བཟུང་སྟེ་དམིགས་བསལ་གྱི་ཞབས་ཕྱི་ལོངས་སྤྱོད་དུ་འཇུག་རྒྱུ་སྐུལ་མ་གཏང་དགོས། བཅའ་ཁྲིམས་ཞབས་ཕྱི་ལས་ཁུངས་ཀྱིས་རྐང་འཛིན་དམངས་དམག་ལ་བཅའ་ཁྲིམས་ཀྱི་བློ་འདྲི་དང་བཅའ་ཁྲིམས་ཀྱི་ཁྲིད་སྟོན་སོགས་བཅའ་ཁྲིམས་ཀྱི་ཞབས་ཕྱི་ཧུར་ཐག་གིས་འདོན་སྤྲོད་བྱེད་པ་དང་། རིམ་པ་སོ་སོའི་བཅའ་ཁྲིམས་རོགས་སྐྱོར་ལས་ཁུངས་ཀྱིས་བཅའ་ཁྲིམས་རོགས་སྐྱོར་གྱི་ཆ་རྐྱེན་དང་མཐུན་པའི་རྐང་འཛིན་དམངས་དམག་ལ་བཅའ་ཁྲིམས་ཐད་ནས་རོགས་སྐྱོར་གྱི་ཞབས་ཕྱི་འདོན་སྤྲོད་བྱེད་རྒྱུ་དར་སྤེལ་གཏང་དགོས།

ལེའུ་གསུམ་པ། དམག་དོན་སྦྱོང་བརྡར་ལ་ཞུགས་པ་དང་ལས་འགན་སྒྲུབ་པའི་རིང་གི་ཁེ་དབང་འགན་སྲུང་གི་སྐོར།

དོན་ཚན་དགུ་བ། རྐང་འཛིན་དམངས་དམག་དམག་དོན་སྦྱོང་བརྡར་ལ་ཞུགས་པ་དང་ལས་འགན་སྒྲུབ་པའི་རིང་ལ་གཤམ་གསལ་གྱི་ཁེ་དབང་འགན་སྲུང་ལོངས་སུ་སྤྱོད་ཆོག་པ་སྟེ།

(གཅིག) དམག་དོན་སྦྱོང་བརྡར་ལ་ཞུགས་པ་དང་ལས་འགན་སྒྲུབ་པའི་རིང་ལ། རིམ་པ་སོ་སོའི་དམག་དོན་ལས་ཁུངས་ཀྱིས་རྐང་འཛིན་དམངས་དམག་སྦྱོང་བརྡར་ལ་ཞུགས་པ་དང་ལས་འགན་བསྒྲུབས་པའི་ཁ་གསབ་གཏན་འབེབས་ལྟར་སྤྲོད་ཅིང་། སྦྱོར་བརྡར་ལ་ཞུགས་པའི་རྐང་འཛིན་དམངས་དམག་ལ་མི་ལུས་ཀྱི་བསམ་ཡུལ་ལས་འདས་པའི་རྨས་སྐྱོན་འགན་བཅོལ་ཉོ་བ་དང་། འཚོ་བ་དང་དངོས་ཟོག་གི་འབྲེལ་ཡོད་འགན་སྲུང་དོན་འཁྱོལ་བྱ་དགོས་ཤིང་། ལོ་རེར་སྦྱོང་བརྡར་ལ་ཞུགས་པ་དང་དམངས་དམག་ཁྲོད་དུ་གསར་དུ་ཞུགས་པའི་རྐང་འཛིན་དམངས་དམག་དག་གི་གཟུགས་པོར་བརྟག་དཔྱད་ཐེངས་རེ་བྱ་དགོས། ཤི་རྨས་ཐེབས་པའི་རིགས་ལ། 《ལས་རྨས་འགན་བཅོལ་སྲོལ་ཡིག》དང《རྨས་སྐྱོན་གྱི་འཆི་གོད་གྱོང་གསབ་དོ་དམ་བྱེད་ཐབས》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས་ལས་རྨས་སམ་འཆི་གོད་གྱོང་གསབ་ཀྱི་གསོལ་ཐང་ལོངས་སུ་སྤྱོད་དུ་འཇུག་དགོས།

(གཉིས) དམག་འཁྲུག་ལ་ཞུགས་པ་དང་གཡུལ་སར་ལ་རྒྱབ་སྐྱོར་བྱེད་སྐབས་འབུར་དུ་ཐོན་པའི་བྱས་རྗེས་བཞག་པ་ལ། 《ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་སྒྲིག་ཁྲིམས་བཀའ་ཁྱབ(ཚོད་ལྟའི་ལག་བསྟར)》ནང་གཏན་ལ་ཕབ་པའི་བྱ་དགའི་རྣམ་གྲངས་དང་ཆོག་མཆན་འགོད་པའི་དབང་ཚད་གཞིར་བཟུང་སྟེ་དམག་དོན་ལས་ཁུངས་ཀྱིས་བྱ་དགའ་སྤྲད་དགོས། དམག་དོན་སྦྱོང་བརྡར་དང་དྲག་རྩལ་འགྲན་བསྡུར་ལ་ཞུགས་པ་དང་།    སྤྱི་ཚོགས་བརྟན་འཇགས་སྲུང་སྐྱོང་སོགས་ལས་འགན་གཞན་དག་གི་སྒྲུབ་པའི་ཁྲོད་དུ་གྲུབ་འབྲས་མངོན་གསལ་བླངས་པའི་རིགས་ལ། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་དང་དམག་དོན་ལས་ཁུངས་ཀྱིས་འབྲེལ་ཡོད་གཏན་འབེབས་ལྟར་གཟེངས་བསྟོད་བྱེད་པ་དང་བྱ་དགའ་སྤྲད་དགོས།

(གསུམ) དམག་དོན་སྦྱོང་བརྡར་ལ་ཞུགས་པ་དང་ལས་འགན་སྒྲུབ་པའི་རིང་ལ།  དེ་སྔའི་བྱ་བའི་སྡེ་ཚན་གྱི་གླ་ཕོགས་དང་ཕོགས་སྣོན། ཕན་བདེ་གསོལ་ཐང་གཞན་དག་བཅས་མུ་མཐུད་དུ་ལོངས་སུ་སྤྱོད་ཆོག་ཅིང་། སྡེ་ཚན་གང་གིས་ཀྱང་རྐང་འཛིན་དམངས་དམག་གོང་གསལ་བྱེད་སྒོར་ཞུགས་པར་ཁ་གཡར་ནས་དེའི་ངལ་རྩོལ་གྱི་འབྲེལ་བའམ་གདན་སྤྱོད་ཀྱི་འབྲེལ་བ་མེད་པར་བཟོ་མི་ཆོག དམག་དོན་སྦྱོང་བརྡར་ལ་ཞུགས་པ་དང་ལས་འགན་བསྒྲུབས་པའི་རྐྱེན་གྱིས་ཁེ་ལས་དང་སྤྱི་ཚོགས་རྩ་འཛུགས་ཀྱི་ཐོན་སྐྱེད་གཉེར་སྐྱོང་ལ་དཔལ་འབྱོར་གྱི་གྱོང་གུན་ཐད་ཀར་བཟོས་ཚེ། ཁེ་ལས་དང་སྤྱི་ཚོགས་རྩ་འཛུགས་ཀྱིས་རེ་འདུན་ཞུས་ཏེ། དམག་དོན་ལས་ཁུངས་ཀྱིས་འདོམ་ཁོངས་ཀྱི་མི་དམངས་སྲིད་གཞུང་དང་གྲོས་མོལ་བྱས་ཏེ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་སྐྱིན་གསབ་འཇལ་ཆོག།

ལེའུ་བཞི་བ། དམངས་དམག་ཚན་སྒྲིག་སྡེ་ཚན་གྱི་གཟིགས་སྐྱོང་སྐོར།

དོན་ཚན་བཅུ་བ། རྐང་འཛིན་དམངས་དམག་ཚན་ཁག་བ་སྒྲིགས་པའི་ཁེ་ལས་དང་དོན་ལས་སྡེ་ཚན། སྤྱི་ཚོགས་རྩ་འཛུགས་བཅས་ཀྱིས་གཤམ་གསལ་གྱི་གཟིགས་སྐྱོང་ཞབས་ཕྱི་ལོངས་སུ་སྤྱོད་ཆོག་པ་སྟེ།

(གཅིག) རིམ་པ་སོ་སོའི་དམག་དོན་ལས་ཁུངས་ཀྱིས་དམངས་དམག་ཚན་སྒྲིག་སྡེ་ཚན་ལ་དམག་དོན་ནུས་རྩལ་སྦྱོང་བརྡར་དང་རྒྱལ་སྲུང་སློབ་གསོ་གཏོང་བ་དང་། རྐང་འཛིན་དམངས་དམག་གི་དམག་དོན་སྦྱོང་བརྡར་རྟེན་གཞི(ར་བ)སྔོན་ལ་འདོན་སྤྲོད་བྱེད་པའི་འོས་འགན་ཡོད།

(གཉིས) ཆ་རྐྱེན་དང་མཐུན་པའི་ཁེ་ལས་དང་དོན་ལས་སྡེ་ཚན་དང་། སྤྱི་ཚོགས་རྩ་འཛུགས་དང་དེའི་འགན་འཁུར་པ་བཅས་དམག་དཔུང་དང་ས་གནས་ཀྱི་འབྲེལ་ཡོད་གཟེངས་བསྟོད་བྱེད་སྒོའི་དཔྱད་འདེམས་ནང་ཞུགས་པར་ཧུར་ཐག་གིས་འོས་སྦྱོར་བྱ་དགོས།

(གསུམ) རིམ་པ་སོ་སོའི་མི་དམངས་སྲིད་གཞུང་དང་ཁྲལ་དོན་ལས་ཁུངས་ཀྱིས་དམངས་དམག་ཚན་སྒྲིག་སྡེ་ཚན་གྱི་ཁྲལ་བསྡུའི་ཁུར་བོ་ཇེ་ཡང་དུ་གཏོང་བར་མཛུབ་སྟོན་དང་རོགས་རམ་བྱེད་ཅིང་། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཆ་རྐྱེན་དང་མཐུན་པའི་དམངས་དམག་ཚན་སྒྲིག་སྡེ་ཚན་ལ་ཁེ་ལས་ཀྱི་ཐོབ་ཁྲལ་དང་ཐང་འཕར་དཔྱ་ཁྲལ་འགྱངས་བསྡུ་དང་། ཆག་ཡང་ངམ་རྩ་ཆག་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ། ཁྲལ་བསྡུའི་དོ་དམ་གྱི་བྱ་རིམ་ལེགས་སྒྱུར་བྱ་དགོས།

(བཞི) རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་མཁོ་འདོན་ཚོང་པའི་ཐོབ་ཐང་གི་ཆ་རྐྱེན་དང་མཐུན་པའི་དམངས་དམག་ཚན་སྒྲིག་སྡེ་ཚན་དེ་སྲིད་གཞུང་གི་ཉོ་སྒྲུབ་བྱེད་སྒོར་ཞུགས་པར་ཧུར་ཐག་གིས་རྒྱབ་སྐྱོར་བྱེད་རྒྱུ་དར་སྤེལ་གཏང་དགོས།

ལེའུ་ལྔ་བ། ལྟ་སྐུལ་དོ་དམ་གྱི་སྐོར།

དོན་ཚན་བཅུ་གཅིག་པ། ཞིང་ཆེན་དམག་ཁུལ་གྱིས《རྐང་འཛིན་དམངས་དམག་གི་ལག་ཁྱེར》གྱི་བཟོ་ལྟ་གཅིག་གྱུར་གྱིས་ཚད་ལྡན་དུ་གཏོང་བ་དང་། ཡན་ལག་དམག་ཁུལ(ཉེན་སྲུང་ཁུལ)སོ་སོ་དང་རྫོང(གྲོང་ཁྱེར་དང་ཆུས)མི་དམངས་དྲག་ཆས་པུའུ་ཡིས་ས་ཁོངས་དེ་གའི《རྐང་འཛིན་དམངས་དམག་གི་ལག་ཁྱེར》བཟོ་བ་དང་རྟོག་བཤེར། གཏོང་སྤྲོད། བརྗེ་བ། ཕྱིར་བསྡུ་སོགས་ཀྱི་བྱ་བའི་འགན་འཁུར་དགོས། 《རྐང་འཛིན་དམངས་དམག་གི་ལག་ཁྱེར》ལ་ལོ་རེར་རྟོག་བཤེར་ཐེངས་རེ་བྱེད་ཅིང་། རྟོག་བཤེར་ཐེངས་རེའི་གོ་ཆོད་དུས་ཡུན་ལོ་གཅིག་ཡིན་པ་དང་། རྐང་འཛིན་དམངས་དམག་གིས་གོ་ཆོད་དུས་ཡུན་ནང་དུ་འབྲེལ་ཡོད་ཁེ་དབང་གི་འགན་སྲུང་ལོངས་སུ་སྤྱོད་ཆོག 《རྐང་འཛིན་དམངས་དམག་གི་ལག་ཁྱེར》སུབ་བཅོས་བྱེད་མི་ཆོག་པ་དང་གཞན་ལ་གཡར་ནས་བེད་སྤྱོད་དུ་འཇུག་མི་ཆོག་ལ། ལག་ཁྱེར་གྱི་གོ་ཆོད་དུས་ཡུན་ཐིམ་ཡང་རྟོག་བཤེར་མ་བྱས་པའམ་ཡང་ན་རྐང་འཛིན་དམངས་དམག་དཔུང་གྲལ་ནས་ཕྱིར་ཐོན་རྗེས་རང་ཤུགས་ཀྱིས་གོ་མི་ཆོད་པར་འགྱུར་བ་དང་། འབྲེལ་ཡོད་ཀྱི་ཁེ་དབང་ལོངས་སུ་སྤྱོད་མི་ཆོག།

དོན་ཚན་བཅུ་གཉིས་པ། གྲོང་ཁྱེར(ཁུལ)སོ་སོས་བྱེད་ཐབས་འདི་གཞིར་བཟུང་ནས་ས་ཁུལ་དེ་གའི་རྐང་འཛིན་དམངས་དམག་གི་གཟིགས་སྐྱོང་དང་ཁེ་དབང་འགན་སྲུང་གི་གསལ་ཐོའི་དཀར་ཆག་བཟོ་ཞིང་། དམག་དཔུང་དང་ས་གནས་ཀྱི་རིམ་པ་སོ་སོ་དང་སྡེ་ཚན་སོ་སོའི་བྱེ་བྲག་གི་ལས་ཁུར་དང་ལས་འགན་ངེས་གསལ་བཟོས་ཐོག སྐུལ་ཁྲིད་དང་ཞིབ་བཤེར་རྐྱེན་སྲོལ་གཟུག་དགོས། དོན་ཐོག་ཏུ་མ་འཁྱོལ་བའི་རྐྱེན་གྱིས་ཞུ་གཏུག་བྱས་པ་དང་ཤུགས་རྐྱེན་ངན་པ་བཟོས་པའི་སྡེ་ཚན་དང་མི་སྒེར་ལ། འདོམས་ཁོངས་ཀྱི་མི་དམངས་སྲིད་གཞུང་དང་དམག་དོན་ལས་ཁུངས་ཀྱིས་དེར་དུས་བཀག་ནང་བཅོས་སྒྲིག་བྱེད་པར་སྐུལ་འདེད་བྱ་དགོས་ལ་དང་། གནས་ཚུལ་ཚབས་ཆེ་བའི་རིགས་ལ་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་ཐག་གཅད་དགོས།

ལེའུ་དྲུག་པ། ཞར་བྱུང་དོན་ཚན།

དོན་ཚན་བཅུ་གསུམ་པ། གཏན་འབེབས་ལྟར་འདེམ་སྒྲུག་བསྐོ་བཞག་བྱས་པའི་གཞི་རིམ་གྱི་ཆེད་བསྐོས་མི་དམངས་དྲག་ཆས་ལས་བྱེད་པ་དང་། རྫོང(གྲོང་ཁྱེར་དང་ཆུས)ཡན་གྱི་ཏང་ཨུ་དང་མི་དམངས་སྲིད་གཞུང་དང་། རིམ་པ་གཅིག་མཚུངས་ཀྱི་དམག་དོན་ལས་ཁུངས་བཅས་ཀྱིས་ཞིབ་དཔྱད་གཏན་ཁེལ་བྱས་པ་བརྒྱུད་དེ་འཐབ་ཞུགས་འཚུབ་ཟློག་གི་ལས་འགན་སྒྲུབ་མཁན་དམངས་དམག་དཀྱུས་མ་ཡིས་ལས་འགན་སྒྲུབ་པའི་རིང་ལ། བྱེད་ཐབས་འདི་གཞིར་བཟུང་ནས་རྐང་འཛིན་དམངས་དམག་གི་འབྲེལ་ཡོད་གཟིགས་སྐྱོང་ལོངས་སུ་སྤྱོད་ཆོག།

དོན་ཚན་བཅུ་བཞི་བ། ཡན་ལག་དམག་ཁུལ (ཉེན་སྲུང་དམག་ཁུལ)སོ་སོ་དང་རྫོང(གྲོང་ཁྱེར་དང་ཁུལ)མི་དམངས་དྲག་ཆས་པུའུ་ཡིས་གྲོང་ཁྱེར(ཁུལ)དང་རྫོང(གྲོང་ཁྱེར་དང་ཆུས)མི་དམངས་སྲིད་གཞུང་དང་མཉམ་དུ་བྱེད་ཐབས་འདི་གཞིར་བཟུང་སྟེ། དོན་འཁྱོལ་བྱེད་ཐབས་ཞིབ་ཕྲ་ཆ་འགྲིག་པར་གཏན་འབེབས་བྱ་དགོས་པ་མ་ཟད། གོང་རིམ་གྱི་སྲིད་ཇུས་ལེགས་སྒྲིག་དང་དུས་བབ་འཕེལ་རྒྱས་ཀྱི་གནས་ཚུལ་ལ་གཞིགས་ཏེ། དུས་ཐོག་ཏུ་བཟོ་བཅོས་དང་འཐུས་ཚང་དུ་གཏོང་རྒྱུ་རྩ་འཛུགས་བྱ་དགོས།

དོན་ཚན་བཅོ་ལྔ་བ། བྱེད་ཐབས་འདི་དཔར་འགྲེམ་བྱས་ཉིན་ནས་བཟུང་སྟེ་ལག་ཏུ་བསྟར་ཞིང་། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དང་མཚོ་སྔོན་ཞིང་ཆེན་དམག་ཁུལ་གྱིས་མཉམ་འབྲེལ་སྒོས་འགྲེལ་བཤད་བརྒྱག་དགོས་པ་དང་། བྱེ་བྲག་གི་བྱ་བ་དེ་མཚོ་སྔོན་ཞིང་ཆེན་དམག་ཁུལ་གྱི་དམག་གྲབས་འཛུགས་སྐྲུན་ཅུས་ཀྱིས་མཐུན་སྦྱོར་བྱས་ཏེ་འགན་འཁུར་དགོས།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།