མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བཀའ་ཁྱབ།
ཨང147པ།
《མཚོ་སྔོན་ཞིང་ཆེན་གྱི་གྱོད་འབྲེལ་རྒྱུ་དངོས་ཀྱི་རིན་གོང་གཏན་འཁེལ་བྱེད་ཐབས》ལ2025ལོའི་ཟླ11པའི་ཚེས26ཉིན་ཞིང་ཆེན་མི་དམངས་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཐེངས77པའི་སྟེང་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། ད་ལྟ་སྤྱི་བསྒྲགས་བྱས་པ་ཡིན། 2026ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་སྟེ་ལག་བསྟར་བྱ་དགོས།
ཧྲིན་ཀྲང་། ལུའོ་ཏུང་ཁྲོན།
2025ལོའི་ཟླ12པའི་ཚེས3ཉིན།
༄༅། །མཚོ་སྔོན་ཞིང་ཆེན་གྱི་གྱོད་འབྲེལ་རྒྱུ་དངོས་ཀྱི་རིན་གོང་གཏན་འཁེལ་བྱེད་ཐབས།
དོན་ཚན་དང་པོ། གྱོད་འབྲེལ་རྒྱུ་དངོས་ཀྱི་རིན་གོང་གཏན་འཁེལ་བྱེད་ཐབས་ཚད་ལྡན་དུ་བཏང་སྟེ། སྒྲིག་བཤེར་ཞིབ་དཔྱོད་དང་། ཁྲིམས་འཛིན། སྲིད་འཛིན་བཅས་ཀྱི་བྱ་བ་བདེ་བླག་ངང་སྤེལ་བར་འགན་སྲུང་བྱེད་པ་དང་། སྤྱི་པའི་ཁེ་ཕན་ལ་སྲུང་སྐྱོང་བྱེད་པ། སྤྱི་དམངས་དང་ཁྲིམས་མི། རྩ་འཛུགས་གཞན་དག་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ་བཅས་ཀྱི་ཆེད་དུ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིན་གོང་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་ཞིང་། རང་ཞིང་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བྱེད་ཐབས་འདི་གཏན་ལ་ཕབ་པ་ཡིན།
དོན་ཚན་གཉིས་པ། རང་ཞིང་གི་སྲིད་འཛིན་ས་ཁོངས་ནང་གི་གྱོད་འབྲེལ་རྒྱུ་དངོས་ཀྱི་རིན་གོང་གཏན་འཁེལ་བྱེད་པར་བྱེད་ཐབས་འདི་སྤྱོད་འཐུས་པ་ཡིན།
དོན་ཚན་གསུམ་པ། བྱེད་ཐབས་འདིར་བརྗོད་པའི་གྱོད་འབྲེལ་རྒྱུ་དངོས་ཀྱི་རིན་གོང་གཏན་འཁེལ(གཤམ་དུ་རིན་གོང་གཏན་འཁེལ་ཞེས་བསྡུ་རྒྱུ)ཞེས་པ་ནི་རིན་གོང་གཏན་འཁེལ་ལས་ཁུངས་ཀྱིས་སྒྲིག་བཤེར་ཞིབ་དཔྱོད་དང་། ཁྲིམས་འཛིན། སྲིད་འཛིན་ལས་ཁུངས་བཅས(གཤམ་དུ་འདོན་མཁན་ལས་ཁུངས་ཞེས་འབོད་རྒྱུ)ལ་བཏོན་པའི་བྱ་བའི་ཁྲོད་རིན་གོང་གསལ་པོ་མིན་པའམ་ཡང་ན་རིན་གོང་ལ་རྩོད་གླེང་ཡོད་ན། ཁྲོམ་རའི་རིན་གོང་སྙོམས་སྒྲིག་ལག་བསྟར་བྱེད་པའི་གཟུགས་ལྡན་ཐོན་རྫས་དང་། གཟུགས་མེད་རྒྱུ་ནོར། རིན་ཡོད་ཞབས་ཕྱི་སྣ་ཚོགས་བཅས་ཀྱི་རིན་གོང་གཏན་འཁེལ་བྱེད་པའི་བྱ་སྤྱོད་ལ་ཟེར།
དོན་ཚན་བཞི་བ། རིན་གོང་གཏན་འཁེལ་བྱེད་སྐབས་ཁྲིམས་ལྟར་སྒྲུབ་པ་དང་། དྲང་གཞག་ཡིན་པ། ཚན་རིག་དང་མཐུན་པ། ལས་ཕྱོད་མཐོ་བ་བཅས་ཀྱི་རྩ་དོན་བརྩི་སྲུང་བྱ་དགོས།
རིན་གོང་གཏན་འཁེལ་དེ་ཁྲིམས་ལྟར་རང་ཚུགས་ཀྱིས་བསྒྲུབ་དགོས་ལ། རྩ་འཛུགས་སམ་མི་སྒེར་གང་རུང་གིས་ཐེ་གཏོགས་བྱེད་མི་ཆོག
དོན་ཚན་ལྔ་བ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་རིན་གོང་གཙོ་སྐྱོང་སྡེ་ཁག་གིས་སྲིད་འཛིན་ས་ཁོངས་དེ་གའི་རིན་གོང་གཏན་འཁེལ་བྱ་བར་མཛུབ་སྟོན་དང་། མཐུན་སྦྱོར། ལྟ་སྐུལ་དོ་དམ་བཅས་བྱེད་འགན་འཁུར་དགོས། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་རིན་གོང་གཙོ་སྐྱོང་སྡེ་ཁག་ཏུ་གཏོགས་པའི་རིན་གོང་གཏན་འཁེལ་ལས་ཁུངས་ཀྱིས་རིན་གོང་གཏན་འཁེལ་གྱི་ཞིབ་ཕྲའི་བྱ་བ་སྒྲུབ་འགན་འཁུར་དགོས།
རིན་གོང་གཏན་འཁེལ་ལས་ཁུངས་བཙུགས་མེད་ན། རིན་གོང་གཙོ་སྐྱོང་སྡེ་ཁག་གིས་རིན་གོང་གཏན་འཁེལ་གྱི་བྱ་བ་སྒྲུབ་འགན་འཁུར་དགོས།
རིན་གོང་གཏན་འཁེལ་བྱེད་པར་རིན་དངུལ་སྡུད་མི་ཆོག་ལ། བྱ་བའི་གྲོན་དངུལ་དེ་རིམ་པ་དེ་གའི་ནོར་སྲིད་སྔོན་རྩིས་ནང་གཞུག་དགོས།
དོན་ཚན་དྲུག་པ། གཤམ་གསལ་གྱི་གནས་ཚུལ་ཁྲོད་ཀྱི་གྱོད་འབྲེལ་རྒྱུ་དངོས་དེ་འདོན་མཁན་ལས་ཁུངས་ཀྱིས་བཏོན་རྗེས། རིན་གོང་གཏན་འཁེལ་ལས་ཁུངས་ཀྱིས་རིན་གོང་གཏན་འཁེལ་བྱ་དགོས་ཏེ།
(གཅིག) སྒྲིག་འགལ་གྱི་དོགས་གཞི་ཡོད་པའི་གྱོད་དོན།
(གཉིས) ཉེས་དོན་གྱི་དོགས་གཞི་ཡོད་པའི་གྱོད་དོན།
(གསུམ) སྲིད་འཛིན་གཏུག་བཤེར་དང་། གྲོས་ཞིབ། ཆད་གཅོད་བཅས་ཀྱི་གྱོད་དོན།
(བཞི) སྲིད་འཛིན་བསྡུ་ལེན་དང་། བསྡུ་སྤྱོད། ཁྲིམས་འཛིན་བྱེད་སྒོ།
(ལྔ) རྒྱལ་ཁབ་ཀྱིས་སྐྱིན་ཚབ་དང་ཁ་གསབ་བྱས་པའི་དོན་ཚན།
(དྲུག) བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་གནས་ཚུལ་གཞན་དག
དོན་ཚན་བདུན་པ། རིན་གོང་གཏན་འཁེལ་བྱེད་པར་རིམ་དབྱེ་དོ་དམ་བྱ་དགོས། འདོན་མཁན་ལས་ཁུངས་ཀྱིས་རིམ་པ་དེ་གའི་རིན་གོང་གཏན་འཁེལ་ལས་ཁུངས་ལ་རིན་གོང་གཏན་འཁེལ་གྱི་རོགས་འདེགས་ཡི་གེ་སྤྲད་དགོས།
རིན་གོང་གཏན་འཁེལ་ལས་ཁུངས་ཀྱིས་རིན་གོང་གཏན་འཁེལ་གྱི་དོན་དག་སྒྲུབ་པར་དངོས་གནས་དཀའ་ངལ་ཡོད་ཚེ། འདོན་མཁན་ལས་ཁུངས་དང་གྲོས་མོལ་གཅིག་མཐུན་བྱུང་ཞིང་། རིམ་པ་གོང་མའི་རིན་གོང་གཏན་འཁེལ་ལས་ཁུངས་ཀྱི་མོས་མཐུན་ཐོབ་རྗེས། འདོན་མཁན་ལས་ཁུངས་ཀྱིས་རིམ་པ་གོང་མའི་རིན་གོང་གཏན་འཁེལ་ལས་ཁུངས་ལ་རིན་གོང་གཏན་འཁེལ་གྱི་རོགས་འདེགས་ཡི་གེ་སྤྲད་དགོས།
དོན་ཚན་བརྒྱད་པ། རིན་གོང་གཏན་འཁེལ་རོགས་འདེགས་ཡི་གེའི་ནང་གཤམ་གསལ་གྱི་ནང་དོན་གསལ་པོར་དགོད་དགོས་ཏེ།
(གཅིག) རིན་གོང་གཏན་འཁེལ་བྱེད་པའི་དམིགས་ཡུལ།
(གཉིས) གྱོད་འབྲེལ་རྒྱུ་དངོས་ཀྱི་མིང་དང་། གྲངས་འབོར། སྤུས་ཚད་སོགས་ཀྱི་གཞི་རྩའི་གནས་ཚུལ།
(གསུམ) རིན་གོང་གི་ནང་དོན།
(བཞི) རིན་གོང་གཏན་འཁེལ་བྱེད་པའི་གཞི་འཛིན་ཉིན་མོ།
(ལྔ) འདོན་སྤྲོད་བྱས་པའི་རྒྱུ་ཆའི་མིང་དང་དེབ་གྲངས།
(དྲུག) རོགས་འདེགས་ཀྱི་རེ་བ་བཏོན་པའི་དུས་ཚོད།
(བདུན) འདོན་མཁན་ལས་ཁུངས་ཀྱི་མིང་དང་། འབྲེལ་གཏུག་བྱེད་གནས། འབྲེལ་གཏུག་པ། འབྲེལ་གཏུག་བྱེད་སྟངས།
(བརྒྱད) གསལ་བཤད་བྱ་དགོས་པའི་དོན་ཚན་གཞན་དག
འདོན་མཁན་ལས་ཁུངས་ཀྱིས་འདོན་སྤྲོད་བྱས་པའི་འབྲེལ་ཡོད་གནས་ཚུལ་དང་རྒྱུ་ཆ་ཕྱོགས་ཡོངས་དང་ཆ་ཚང་ཡིན་དགོས་པ་མ་ཟད། དེའི་དོན་དངོས་རང་བཞིན་དང་ཁྲིམས་མཐུན་རང་བཞིན་ལ་འགན་འཁུར་དགོས། རིན་གོང་གཏན་འཁེལ་གྱི་རོགས་འདེགས་ཡི་གེ་དང་དེ་བཞིན་འབྲེལ་ཡོད་རྒྱུ་ཆ་ལ་འདོན་མཁན་ལས་ཁུངས་ཀྱི་གཞུང་ཐམ་བརྒྱག་དགོས།
དོན་ཚན་དགུ་བ། དངོས་རྫུན་དང་། སྤུས་ཚད། ལག་རྩལ་སོགས་ཀྱི་ཐད་ནས་བཤེར་འཇལ་དང་གསལ་འབྱེད་བྱ་དགོས་པའི་གྱོད་འབྲེལ་རྒྱུ་དངོས་ལ། འདོན་མཁན་ལས་ཁུངས་ཀྱིས་འབྲེལ་ཡོད་ལས་ཁུངས་ལ་བཤེར་འཇལ་དང་གསལ་འབྱེད་བྱེད་པའི་མངགས་བཅོལ་བྱ་དགོས་པ་མ་ཟད། རིན་གོང་གཏན་འཁེལ་ལས་ཁུངས་ལ་བཤེར་འཇལ་དང་གསལ་འབྱེད་ཀྱི་སྙན་ཞུ་འདོན་སྤྲོད་བྱ་དགོས།
དོན་ཚན་བཅུ་བ། རིན་གོང་གཏན་འཁེལ་ལས་ཁུངས་ཀྱིས་རིན་གོང་གཏན་འཁེལ་གྱི་རོགས་འདེགས་ཡི་གེ་འབྱོར་བའི་ཉིན་ནས་བཟུང་སྟེ་ལས་ཀའི་ཉིན་གསུམ་གྱི་ནང་དུ་ཞིབ་བཤེར་བྱ་དགོས་པ་མ་ཟད་བདག་སྤྲོད་བྱེད་མིན་ཐག་གཅོད་བྱ་དགོས། བདག་སྤྲོད་མི་བྱེད་ན། འདོན་མཁན་ལས་ཁུངས་ལ་བདག་སྤྲོད་མི་བྱེད་པའི་བརྡ་སྦྱོར་གཏང་དགོས་པ་མ་ཟད། རྒྱུ་མཚན་གསལ་བཤད་ཀྱང་བྱ་དགོས།
དོན་ཚན་བཅུ་གཅིག་པ། གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན། རིན་གོང་གཏན་འཁེལ་ལས་ཁུངས་ཀྱིས་འདོན་མཁན་ལས་ཁུངས་ལ་འབྲེལ་ཡོད་རྒྱུ་ཆ་ཁ་གསབ་བྱ་དགོས་ཚུལ་ཡིག་ངོས་ནས་གསལ་བོར་བརྗོད་དགོས་ཏེ།
(གཅིག) རིན་གོང་གཏན་འཁེལ་གྱི་རོགས་འདེགས་ཡི་གེའི་ནང་དོན་བླང་བྱ་དང་མི་མཐུན་པ།
(གཉིས) བཤེར་འཇལ་དང་གསལ་འབྱེད་སྙན་ཞུ་འདོན་སྤྲོད་བྱ་དགོས་ཀྱང་འདོན་སྤྲོད་བྱས་མེད་པ།
(གསུམ) གྱོད་འབྲེལ་རྒྱུ་དངོས་བོར་བརླག་བྱུང་བའམ་ཡང་ན་དེའི་རྣམ་པར་རིན་གོང་གཏན་འཁེལ་གྱི་གཞི་འཛིན་ཉིན་མོ་དང་བསྡུར་ན་འགྱུར་ལྡོག་ཅུང་ཆེན་པོ་བྱུང་བ། འདོན་མཁན་ལས་ཁུངས་ཀྱིས་རིན་གོང་གཏན་འཁེལ་གྱི་གཞི་འཛིན་ཉིན་མོར་དེའི་རྣམ་པར་གཏན་འཁེལ་བྱས་མེད་པ།
(བཞི) འབྲེལ་ཡོད་རྒྱུ་ཆ་ཆ་མི་ཚང་བ།
འདོན་མཁན་ལས་ཁུངས་ཀྱིས་བླང་བྱ་ལྟར་རྒྱུ་ཆ་ཁ་གསབ་བྱས་རྗེས། རིན་གོང་གཏན་འཁེལ་ལས་ཁུངས་ཀྱིས་བདག་སྤྲོད་བྱ་དགོས། རྒྱུ་ཆ་ཁ་གསབ་བྱེད་པའི་དུས་ཚོད་དེ་ཞིབ་བཤེར་དུས་བཀག་ནང་མི་བརྩི།
དོན་ཚན་བཅུ་གཉིས་པ། གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན། རིན་གོང་གཏན་འཁེལ་ལས་ཁུངས་ཀྱིས་བདག་སྤྲོད་མི་བྱ།
(གཅིག) རིམ་དབྱེ་བདག་སྤྲོད་བྱེད་པའི་གཏན་འབེབས་དང་མི་མཐུན་པ།
(གཉིས) རིན་གོང་གཏན་འཁེལ་བྱ་རྒྱུའི་ཁྱབ་ཁོངས་སུ་མི་གཏོགས་པ།
(གསུམ) རྒྱུ་ཆ་ཁ་གསབ་བྱས་རྗེས། སྔར་བཞིན་བདག་སྤྲོད་ཀྱི་བླང་བྱ་དང་མི་མཐུན་པ།
(བཞི) བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་ན་རིན་གོང་གཏན་འཁེལ་བྱ་མི་དགོས་པ།
(ལྔ) ཁྲིམས་ལྟར་བདག་སྤྲོད་བྱ་མི་དགོས་པའི་གནས་ཚུལ་གཞན་དག
དོན་ཚན་བཅུ་གསུམ་པ། རིན་གོང་གཏན་འཁེལ་ལས་ཁུངས་ཀྱིས་རིན་གོང་གཏན་འཁེལ་བྱེད་སྐབས་རིན་གོང་གཏན་འཁེལ་མི་སྣ་གཉིས་ཡན་མངགས་ནས་མཉམ་དུ་བསྒྲུབ་དགོས།
གྲོང་ཁྱེར(ཁུལ)རིམ་པ་ཡན་གྱི་རིན་གོང་གཏན་འཁེལ་ལས་ཁུངས་ཀྱིས་རིན་གོང་གཏན་འཁེལ་ལས་སྒོའི་གསོ་སྦྱོང་རྩ་འཛུགས་བྱས་ཏེ་རིན་གོང་གཏན་འཁེལ་མི་སྣའི་ལས་རིགས་ནུས་པ་དང་ཆུ་ཚད་ཇེ་མཐོར་གཏང་དགོས།
དོན་ཚན་བཅུ་བཞི་བ། རིན་གོང་གཏན་འཁེལ་མི་སྣ་ལ་གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན་གཟུར་གཡོལ་བྱ་དགོས།
(གཅིག) རིན་གོང་གཏན་འཁེལ་དོན་ཚན་གྱི་དོ་བདག་དང་ལས་ཚབ་པ་ཡིན་པའམ་ཡང་ན་དོ་བདག་དང་ལས་ཚབ་པའི་གཉེན་ཉེ་ཡིན་པ།
(གཉིས) རང་ཉིད་དམ་ཡང་ན་རང་གི་གཉེན་ཉེ་དེ་རིན་གོང་གཏན་འཁེལ་གྱི་དོན་ཚན་ལ་ཁེ་གྱོང་གི་འབྲེལ་བ་ཡོད་པ།
(གསུམ) རིན་གོང་གཏན་འཁེལ་ཕྱི་ཡུལ་ཅན་དང་དྲང་གཞག་ཡོང་བར་ཤུགས་རྐྱེན་ཐེབས་སྲིད་པའི་གཟུར་གཡོལ་བྱ་དགོས་པའི་གནས་ཚུལ་གཞན་དག
དོན་ཚན་བཅོ་ལྔ་བ། རིན་གོང་གཏན་འཁེལ་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱིས་གཏན་ལ་ཕབ་པའི་བྱ་རིམ་དང་བྱེད་ཐབས་གཞིར་བཟུང་སྟེ། ཞིབ་བཤེར་དང་། རྩད་བཤེར། བརྟག་དཔྱད། ཚོད་རྩིས། ཞིབ་བཤེར་གཏན་འབེབས་སོགས་ཀྱི་བྱ་བ་བསྒྲུབས་ནས་རིན་གོང་གཏན་འཁེལ་གྱི་བསྡོམས་ཚིག་གཞག་དགོས།
དོན་ཚན་བཅུ་དྲུག་པ། རིན་གོང་གཏན་འཁེལ་མི་སྣས་རིན་གོང་གཏན་འཁེལ་བྱེད་སྐབས། གཏན་འཁེལ་དོན་ཚན་དང་འབྲེལ་བ་ཡོད་པའི་སྡེ་ཚན་དང་མི་སྒེར་ལ་གནས་ཚུལ་རྒྱུས་ལོན་དང་རྒྱུ་ཆ་བསྡུ་རུབ་བྱེད་ཆོག འདོན་མཁན་ལས་ཁུངས་ཀྱིས་རོགས་འདེགས་བྱ་དགོས་པ་ཡོད་ན། འདོན་མཁན་ལས་ཁུངས་ཀྱིས་གཞོགས་འདེགས་བྱ་དགོས།
དོན་ཚན་བཅུ་བདུན་པ། རིན་གོང་གཏན་འཁེལ་ལས་ཁུངས་ཀྱིས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སྟེ། རིན་གོང་གཏན་འཁེལ་གྱི་གཞི་འཛིན་ཉིན་མོའི་དུས་དེ་ག་དང་ས་གནས་དེ་གའི་རྒྱུ་དངོས་རིགས་མཐུན་པའམ་རྒྱུ་དངོས་ཉེ་མཚུངས་ཅན་གྱི་ཆ་སྙོམས་ཁྲོམ་རའི་རིན་གོང་དང་། སྤུས་ཚད་གནས་ཚུལ། བསྐྱར་བཀོད་རིན་གོང་། གསར་རྙིང་ཚད་ཐིག སྔོན་དཔག་ཡོང་འབབ་སོགས་དཔྱད་གཞིར་བྱས་ནས་རིན་གོང་གཏན་འཁེལ་བྱ་དགོས།
ས་གནས་དེ་གའི་ཁྲོམ་རའི་རིན་གོང་གཅོད་དཀའ་བའི་གྱོད་འབྲེལ་རྒྱུ་དངོས་ཡིན་ན། རིན་གོང་གཏན་འཁེལ་ལས་ཁུངས་ཀྱིས་མཐའ་འཁོར་གྱི་ཁྲོམ་རའི་རིན་གོང་དཔྱད་གཞིར་བྱེད་ཆོག་པ་མ་ཟད། ས་ཁོངས་ཀྱི་ཁྱད་པར་ལ་ལུགས་མཐུན་གྱིས་དག་བཅོས་བྱས་རྗེས་རིན་གོང་གཏན་འཁེལ་བྱེད་ཆོག
ངོ་བོ་དམིགས་བསལ་ཅན་དང་ཆེད་ལས་རང་བཞིན་དྲག་པོ་ལྡན་པ་སོགས་ཁྲོམ་རའི་རིན་གོང་གཅོད་ཐབས་བྲལ་བའི་གྱོད་འབྲེལ་རྒྱུ་དངོས་ཡིན་ན། རིན་གོང་གཏན་འཁེལ་ལས་ཁུངས་ཀྱིས་འབྲེལ་ཡོད་གཏན་འབེབས་ལྟར་ཆེད་མཁས་དང་མཁས་པའི་བསམ་འཆར་དང་གྲོས་མགོ་དཔྱད་གཞིར་བྱས་ཏེ་རིན་གོང་གཏན་འཁེལ་བྱེད་ཆོག
དོན་ཚན་བཅོ་བརྒྱད་པ། བོར་བརླག་བྱུང་བའམ་ཡང་ན་རྣམ་པ་ལ་འགྱུར་ལྡོག་བྱུང་བའི་གྱོད་འབྲེལ་རྒྱུ་དངོས་ཡིན་ན། རིན་གོང་གཏན་འཁེལ་ལས་ཁུངས་ཀྱིས་འདོན་མཁན་ལས་ཁུངས་ནས་གཏན་འཁེལ་བྱས་པའི་བདེན་དཔང་རྒྱུ་ཆ་གཞིར་བཟུང་སྟེ། རིན་གོང་གཏན་འཁེལ་གྱི་གཞི་འཛིན་ཉིན་མོའི་དངོས་རྫས་གཅིག་མཚུངས་སམ་ཡང་ན་དེ་དང་འདྲ་བའི་དངོས་རྫས་ཀྱི་རིན་གོང་ཆུ་ཚད་དང་བསྡུར་ནས་གཏན་འཁེལ་བྱེད་ཆོག
དོན་ཚན་བཅུ་དགུ་བ། རིན་གོང་གཏན་འཁེལ་བྱེད་པའི་དོན་དག་གལ་ཆེན་དང་དཀའ་གནད་ཅན་གྱི་རིགས་ལ། རིན་གོང་གཏན་འཁེལ་ལས་ཁུངས་ཀྱིས་དགོས་ངེས་ཡིན་པར་འདོད་པའམ་ཡང་ན་འདོན་མཁན་ལས་ཁུངས་ཀྱིས་རེ་ཞུ་བྱས་ན། དཔང་ཉན་ཚོགས་འདུ་དང་། དཔང་སྒྲུབ་ཚོགས་འདུ་སོགས་ཀྱི་ཐབས་ལམ་བརྒྱུད་དེ་འདོན་མཁན་ལས་ཁུངས་དང་། དོ་བདག ཁེ་གྱོང་གི་འབྲེལ་བ་ཡོད་པའི་མི་དང་དེ་བཞིན་ཆེད་མཁས་དང་མཁས་པའི་བསམ་འཆར་དང་གྲོས་མགོར་ཉན་ཆོག
རིན་གོང་གཏན་འཁེལ་ལས་ཁུངས་ཀྱིས་ཐུན་མོང་གྲོས་ཞིབ་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏང་དགོས་པ་དང་། རིན་གོང་གཏན་འཁེལ་བྱེད་པའི་དོན་དག་གལ་ཆེན་དང་དཀའ་གནད་ཅན་གྱི་རིགས་ལ་ཐུན་མོང་གིས་གྲོས་ཞིབ་བྱས་ཏེ་ཐག་གཅོད་བྱ་དགོས།
དོན་ཚན་ཉི་ཤུ་བ། རིན་གོང་གཏན་འཁེལ་ལས་ཁུངས་ཀྱིས་བདག་སྤྲོད་བྱས་པའི་ཉིན་ནས་བཟུང་སྟེ་ལས་ཀའི་ཉིན་བདུན་གྱི་རིང་རིན་གོང་གཏན་འཁེལ་གྱི་བསྡོམས་ཚིག་ཡི་གེ་གདོན་དགོས། ཁ་ཆད་གཞན་ཡོད་ན། ཁ་ཆད་བྱས་པའི་དུས་ཡུན་ནང་གདོན་དགོས།
དོན་ཚན་ཉེར་གཅིག་པ། རིན་གོང་གཏན་འཁེལ་གྱི་བསྡོམས་ཚིག་ཡི་གེའི་ནང་གཤམ་གསལ་གྱི་ནང་དོན་གསལ་པོར་དགོད་དགོས་ཏེ།
(གཅིག) རིན་གོང་གཏན་འཁེལ་གྱི་དོན་དག་ཞིབ་བརྗོད།
(གཉིས) རིན་གོང་གཏན་འཁེལ་བྱེད་པའི་གཞི་འཛིན་ས་དང་། བྱེད་ཐབས། བརྒྱུད་རིམ།
(གསུམ) རིན་གོང་གཏན་འཁེལ་གྱི་བསྡོམས་ཚིག
(བཞི) རིན་གོང་གཏན་འཁེལ་གྱི་ཚད་བཀག་ཆ་རྐྱེན།
(ལྔ) རིན་གོང་གཏན་འཁེལ་གྱི་བསྡོམས་ཚིག་ལ་བསྐྱར་ཞིབ་བྱེད་མཁན་ལས་ཁུངས་དང་དེ་བཞིན་བསྐྱར་ཞིབ་བྱེད་པའི་རེ་ཞུའི་དུས་ཡུན།
(དྲུག) གསལ་བཤད་བྱ་དགོས་པའི་གནས་ཚུལ་གཞན་དག
དོན་ཚན་ཉེར་གཉིས་པ། རིན་གོང་གཏན་འཁེལ་གྱི་བསྡོམས་ཚིག་ཡི་གེ་དེ་ཐད་ཀར་སྐྱེལ་སྤྲོད་དང་སྦྲག་སྐུར་སྐྱེལ་སྤྲོད་སོགས་ཀྱི་ཐབས་ལམ་སྤྱད་དེ་འདོན་མཁན་ལས་ཁུངས་ལ་སྐྱེལ་སྤྲོད་བྱེད་ཆོག འདོན་མཁན་ལས་ཁུངས་ལ་རིན་གོང་གཏན་འཁེལ་གྱི་བསྡོམས་ཚིག་ཡི་གེ་འབྱོར་རྗེས་དུས་ཐོག་ཏུ་དོ་བདག་ལ་བཤད་དགོས།
ཐད་ཀར་སྐྱེལ་སྤྲོད་བྱས་པ་ཡིན་ན། འདོན་མཁན་ལས་ཁུངས་ལ་སྐྱེལ་སྤྲོད་འབྱོར་འཛིན་ཐོག་མིང་རྟགས་དགོད་དགོས་པའི་བླང་བྱ་གདོན་དགོས་པ་མ་ཟད། བསྡུ་ལེན་བྱས་པའི་ཉིན་དང་དེབ་གྲངས་གསལ་པོར་དགོད་དགོས།
སྦྲག་སྐུར་སྐྱེལ་སྤྲོད་བྱས་པ་ཡིན་ན། དུས་མཚུངས་སུ་སྐྱེལ་སྤྲོད་འབྱོར་འཛིན་ཡང་སྦྲག་སྐུར་བྱ་དགོས་པ་མ་ཟད། འདོན་མཁན་ལས་ཁུངས་ལ་སྐྱེལ་སྤྲོད་འབྱོར་འཛིན་ཕྱིར་བསྐུར་དགོས་པའི་བླང་བྱ་གདོན་དགོས། སྐྱེལ་སྤྲོད་འབྱོར་འཛིན་ཕྱིར་མ་བསྐུར་ན། སྦྲག་སྐུར་དཔང་འཛིན་སྟེང་དུ་གནས་ཚུལ་གསལ་པོར་དགོད་དགོས་པ་དང་། སྦྲག་སྐུར་དཔང་འཛིན་དེ་སྐྱེལ་སྤྲོད་འབྱོར་འཛིན་གྱི་ཟུར་བཀོད་ཡིག་ཆ་རུ་བརྩི་དགོས། སྦྲག་སྐུར་དཔང་འཛིན་སྟེང་དུ་གསལ་པོར་བཀོད་པའི་ཟླ་ཚེས་ནི་སྐྱེལ་སྤྲོད་བྱས་ཉིན་ཡིན།
དོན་ཚན་ཉེར་གསུམ་པ། གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན། རིན་གོང་གཏན་འཁེལ་ལས་ཁུངས་ཀྱིས་རིན་གོང་གཏན་འཁེལ་བྱེད་མཚམས་གཞག་དགོས་པ་མ་ཟད། ཡིག་ཐོག་ནས་འདོན་མཁན་ལས་ཁུངས་ལ་བརྡ་སྦྱོར་གཏང་དགོས་ཏེ།
(གཅིག) འདོན་མཁན་ལས་ཁུངས་ཀྱིས་གཏན་འབེབས་སམ་ཡང་ན་ཁ་ཆད་བྱས་པའི་དུས་ལྟར་འབྲེལ་ཡོད་རྒྱུ་ཆ་འདོན་སྤྲོད་བྱེད་མི་ཐུབ་པ།
(གཉིས) འདོན་མཁན་ལས་ཁུངས་ཀྱིས་ཡིག་ཐོག་ནས་མཚམས་འཇོག་བྱ་དགོས་པའི་རེ་བ་བཏོན་པ།
(གསུམ) རྒྱུ་རྐྱེན་གཞན་དག་གི་དབང་གིས་གནས་སྐབས་སུ་རིན་གོང་གཏན་འཁེལ་བྱེད་ཐབས་མེད་པ།
རིན་གོང་གཏན་འཁེལ་བྱེད་མཚམས་འཇོག་པའི་རྒྱུ་རྐྱེན་སེལ་རྗེས། རིན་གོང་གཏན་འཁེལ་ལས་ཁུངས་ཀྱིས་རིན་གོང་གཏན་འཁེལ་བྱེད་པའི་བྱ་རིམ་སླར་གསོ་བྱ་དགོས།
དོན་ཚན་ཉེར་བཞི་བ། གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན། རིན་གོང་གཏན་འཁེལ་ལས་ཁུངས་ཀྱིས་རིན་གོང་གཏན་འཁེལ་བྱེད་མཚམས་གཞག་དགོས་ཏེ།
(གཅིག) འདོན་མཁན་ལས་ཁུངས་ཀྱིས་འདོན་སྤྲོད་བྱས་པའི་རྒྱུ་ཆ་ཆ་མི་ཚང་བ་དང་མི་འདང་བའི་ཁར། བླང་བྱ་དང་མཐུན་པའི་འབྲེལ་ཡོད་རྒྱུ་ཆ་ཁ་གསབ་བྱེད་ཐབས་མེད་པ།
(གཉིས) འདོན་མཁན་ལས་ཁུངས་ཀྱིས་ཡིག་ཐོག་ནས་མཚམས་འཇོག་བྱ་དགོས་པའི་རེ་བ་བཏོན་པ།
(གསུམ) རྒྱུ་རྐྱེན་གཞན་དག་གི་དབང་གིས་རིན་གོང་གཏན་འཁེལ་བྱེད་ཐབས་མེད་པ།
རིན་གོང་གཏན་འཁེལ་བྱེད་མཚམས་བཞག་པ་ཡིན་ན། རིན་གོང་གཏན་འཁེལ་ལས་ཁུངས་ཀྱིས་ཡིག་ཐོག་ནས་འདོན་མཁན་ལས་ཁུངས་ལ་བརྡ་སྦྱོར་གཏང་དགོས་པ་མ་ཟད། འབྲེལ་ཡོད་རྒྱུ་ཆ་ཕྱིར་སྤྲད་དགོས།
དོན་ཚན་ཉེར་ལྔ་བ། འདོན་མཁན་ལས་ཁུངས་ཀྱིས་རིན་གོང་གཏན་འཁེལ་གྱི་བསྡོམས་ཚིག་ལ་བསམ་འཆར་མི་འདྲ་བ་ཡོད་ན། རིན་གོང་གཏན་འཁེལ་གྱི་བསྡོམས་ཚིག་ཡི་གེ་འབྱོར་བའི་ཉིན་ནས་བཟུང་སྟེ་ཉིན་དྲུག་ཅུ་ཡི་ནང་དུ་རིམ་པ་གོང་མའི་རིན་གོང་གཏན་འཁེལ་ལས་ཁུངས་ལ་བསྐྱར་ཞིབ་བྱེད་པའི་རེ་བ་འདོན་ཆོག
རིན་གོང་གཏན་འཁེལ་གྱི་དོན་དག་གི་དོ་བདག་གིས་རིན་གོང་གཏན་འཁེལ་གྱི་བསྡོམས་ཚིག་ལ་བསམ་འཆར་མི་འདྲ་བ་ཡོད་ན། འདོན་མཁན་ལས་ཁུངས་ལ་བསྐྱར་ཞིབ་བྱེད་པའི་རེ་ཞུ་བྱེད་ཆོག་ལ། འདོན་མཁན་ལས་ཁུངས་ཀྱིས་ཁས་བླངས་རྗེས། གཏན་འབེབས་ལྟར་བསྐྱར་ཞིབ་བྱེད་པའི་རེ་བ་གདོན་དགོས།
འདོན་མཁན་ལས་ཁུངས་དང་དོ་བདག་གིས་རིན་གོང་གཏན་འཁེལ་གྱི་བསྐྱར་ཞིབ་ཆོད་དོན་ལ་སྔར་བཞིན་བསམ་འཆར་མི་འདྲ་བ་ཡོད་ཚེ། འདོན་མཁན་ལས་ཁུངས་ཀྱིས་བསྐྱར་ཞིབ་ལས་ཁུངས་ཀྱི་རིམ་པ་གོང་མའི་རིན་གོང་གཏན་འཁེལ་ལས་ཁུངས་ལ་ཡང་བསྐྱར་བསྐྱར་ཞིབ་བྱེད་པའི་རེ་ཞུ་བྱེད་ཆོག རྒྱལ་ཁབ་ཀྱིས་ལོགས་སུ་གཏན་འབེབས་བྱས་ཡོད་པ་མ་གཏོགས། བསྐྱར་ཞིབ་བྱེད་པའི་རེ་བ་འདོན་ཐེངས་གཉིས་ལས་བརྒལ་མི་ཆོག
འདོན་མཁན་ལས་ཁུངས་ཀྱིས་བསྐྱར་ཞིབ་བྱེད་པའི་རེ་བ་འདོན་སྐབས། འབྲེལ་ཡོད་གཏན་འབེབས་ལྟར་རིམ་པ་གོང་མའི་རིན་གོང་གཏན་འཁེལ་ལས་ཁུངས་ལ་རིན་གོང་གཏན་འཁེལ་གྱི་བསྐྱར་ཞིབ་རེ་ཞུ་ཡི་གེ་དང་འབྲེལ་ཡོད་རྒྱུ་ཆ་དབུལ་དགོས།
དོན་ཚན་ཉེར་དྲུག་པ། བསྐྱར་ཞིབ་ལས་ཁུངས་ཀྱིས་འདོན་མཁན་ལས་ཁུངས་ནས་འདོན་སྤྲོད་བྱས་པའི་རིན་གོང་གཏན་འཁེལ་གྱི་བསྐྱར་ཞིབ་རེ་ཞུ་ཡི་གེ་དང་འབྲེལ་ཡོད་རྒྱུ་ཆ་ལ་ཞིབ་བཤེར་བྱས་ཏེ། ལས་ཀའི་ཉིན་བཅུའི་ནང་བསྐྱར་ཞིབ་བདག་སྤྲོད་བྱེད་པའམ་ཡང་ན་བདག་སྤྲོད་མི་བྱེད་པའི་བརྡ་སྦྱོར་ཡི་གེ་གདོན་དགོས། བསྐྱར་ཞིབ་བདག་སྤྲོད་མི་བྱེད་ན། རྒྱུ་མཚན་གསལ་བཤད་བྱ་དགོས།
དོན་ཚན་ཉེར་བདུན་པ། བསྐྱར་ཞིབ་ལས་ཁུངས་ཀྱིས་བསྐྱར་ཞིབ་བདག་སྤྲོད་བྱས་པའི་ཉིན་ནས་བཟུང་སྟེ་ཉིན་དྲུག་ཅུའི་ནང་རིན་གོང་གཏན་འཁེལ་གྱི་བསྐྱར་ཞིབ་ཆོད་དོན་ཡི་གེ་གདོན་དགོས། ཁ་ཆད་གཞན་ཡོད་ན། ཁ་ཆད་བྱས་པའི་དུས་བཀག་ནང་བསྐྱར་ཞིབ་ཆོད་དོན་གཞག་དགོས།
དོན་ཚན་ཉེར་བརྒྱད་པ། རིན་གོང་གཏན་འཁེལ་མི་སྣས་རིན་གོང་གཏན་འཁེལ་བྱེད་པའི་བྱ་བའི་ཁྲོད་ཤེས་པའི་རྒྱལ་ཁབ་ཀྱི་གསང་བ་དང་། བྱ་བའི་གསང་བ། ཚོང་ལས་ཀྱི་གསང་བ། མི་སྒེར་གྱི་གསང་དོན་བཅས་ཕྱིར་བསྒྲགས་བྱེད་མི་ཆོག ཡང་ན་གོང་དུ་བརྗོད་པའི་ཆ་འཕྲིན་དང་། འབྲེལ་ཡོད་རྒྱུ་ཆ་དང་། གནས་ཚུལ་སོགས་རིན་གོང་གཏན་འཁེལ་ཕུད་པའི་བྱེད་སྒོར་སྤྱོད་མི་ཆོག
དོན་ཚན་ཉེར་དགུ་བ། བྱེད་ཐབས་འདིའི་གཏན་འབེབས་དང་འགལ་བའི་བྱ་སྤྱོད་ལ། བཅའ་ཁྲིམས་དང་ཁྲིམས་སྲོལ་དུ་བཅའ་ཁྲིམས་འགན་ཁུར་གཏན་འབེབས་བྱས་ཟིན་ན། གཏན་འབེབས་དེ་གཞིར་འཛིན་དགོས།
དོན་ཚན་སུམ་ཅུ་བ། རྒྱལ་ཁབ་ལས་ཁུངས་དང་དེའི་ལས་བྱེད་མི་སྣས་རིན་གོང་གཏན་འཁེལ་གྱི་བྱ་བའི་ཁྲོད་འགན་དབང་གང་བྱུང་དུ་སྤྱད་པ་དང་། ལས་འགན་སྣང་མེད་དུ་བཞག་པ། སྒེར་སེམས་གཡོ་ཟོལ་བྱས་པ་སོགས་ལ་ཁྲིམས་ལྟར་ཆད་པ་གཅད་དགོས། བྱས་ཉེས་སུ་གྲུབ་ཚེ། ཁྲིམས་ལྟར་ཉེས་དོན་འགན་ཁུར་རྩད་གཅོད་བྱ་དགོས།
དོན་ཚན་སོ་གཅིག་པ། བྱེད་ཐབས་འདིའི་ནང་གི་གཤམ་གསལ་ཐ་སྙད་ཀྱི་གོ་དོན་ནི།
(གཅིག) རིན་གོང་གི་ནང་དོན་ཞེས་པ་ནི་གྱོད་འབྲེལ་རྒྱུ་དངོས་གནས་པའི་ལྷུ་ཚིགས་དང་ས་ཁོངས་མི་འདྲ་བ་དང་། དེ་བཞིན་དམིགས་བསལ་གྱི་གནས་ཚུལ་གཞན་དག་བཅས་ཀྱི་རིན་གོང་ཚད་བཀག་ལ་ཟེར།
(གཉིས) རིན་གོང་གཏན་འཁེལ་གྱི་གཞི་འཛིན་ཉིན་མོ་ཞེས་པ་ནི་གྱོད་འབྲེལ་རྒྱུ་དངོས་ཀྱི་རྣམ་པ་དང་དེའི་རིན་གོང་གི་ལྟོས་ཟླའི་དུས་ཚོད་ལ་ཟེར།
དོན་ཚན་སོ་གཉིས་པ། བྱེད་ཐབས་འདི2026ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་སྟེ་ལག་བསྟར་བྱ་དགོས། 2014ལོའི་ཟླ12པའི་ཚེས26ཉིན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཁྱབ་བསྒྲགས་བྱས་པའི《མཚོ་སྔོན་ཞིང་ཆེན་གྱི་གྱོད་འབྲེལ་རྒྱུ་དངོས་ཀྱི་རིན་གོང་གཏན་འཁེལ་ལ་དོ་དམ་བྱེད་ཐབས》དུས་མཚུངས་སུ་མེད་པར་བཟོ་དགོས།