ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ།

ཡོང་ཁུངས། 2026ལོའི༼ མཚོ་སྔོན་སྲིད་དོན༽འདོན་ཐེངས4པ།།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ།

ཨང824བ།

《པུར་འཇུག་དོ་དམ་སྲོལ་ཡིག》ལ2025ལོའི་ཟླ11པའི་ཚེས14ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཐེངས72པའི་སྟེང་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། ད་ལྟ་སྤྱི་བསྒྲགས་བྱས་པ་ཡིན། 2026ལོའི་ཟླ3པའི་ཚེས30ཉིན་ནས་བཟུང་སྟེ་ལག་བསྟར་བགྱི་དགོས།

ཙུང་ལི། ལི་ཆང་།

2025ལོའི་ཟླ12པའི་ཚེས12ཉིན།

 

 

 

 

༄༅། །པུར་འཇུག་དོ་དམ་སྲོལ་ཡིག

(1997ལོའི་ཟླ7པའི་ཚེས21ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་ཨང225བར་ཁྱབ་བསྒྲགས་བྱས། 2012ལོའི་ཟླ11པའི་ཚེས9ཉིན《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་འཛིན་ཁྲིམས་སྲོལ་ཁག་ཅིག་བཟོ་བཅོས་དང་མེད་པར་བཟོ་བའི་སྐོར་གྱི་ཆོད་དོན》གཞིར་བཟུང་སྟེ་དག་བཅོས་ཐེངས་དང་པོ་བྱས་པ་དང། 2025ལོའི་ཟླ12པའི་ཚེས12ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་ཨང824བར་དག་བཅོས་ཐེངས་གཉིས་པ་བྱས)

ལེའུ་དང་པོ། སྤྱིའི་དོན་ཚན།

དོན་ཚན་དང་པོ།  པུར་འཇུག་ལས་རིགས་ཀྱི་སྤྱི་ཕན་ངོ་བོ་ཇེ་དྲག་ཏུ་གཏོང་ཞིང་།       པུར་འཇུག་དོ་དམ་ལ་ཤུགས་སྣོན་པ་དང་། པུར་འཇུག་བཅོས་སྒྱུར་ལ་སྐུལ་འདེད་བརྟན་པོ་བཏང་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་སྲོལ་ཡིག་འདི་བཟོས་པ་ཡིན།

དོན་ཚན་གཉིས་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་ནང་གི་པུར་འཇུག་དོ་དམ་ལ་སྲོལ་ཡིག་འདི་སྤྱད་འཐུས་པ་ཡིན།

དོན་ཚན་གསུམ་པ། པུར་འཇུག་ལ་དོ་དམ་བྱེད་པར་སྤྱི་ཕན་དམངས་ཕན་དང་དཔལ་ཡོན་གྲོན་ཆུང་། ལྗང་མདོག་སྐྱེ་ཁམས་བཅས་རྒྱུན་འཁྱོངས་བྱེད་ཅིང་། པུར་འཇུག་ཞབས་ཕྱི་འཐུས་ཚང་དུ་གཏོང་བ་དང་། པུར་འཇུག་གི་སྲོལ་བརྗེ་ལུགས་སྒྱུར་ཟབ་སྤེལ་བྱ་དགོས།

དོན་ཚན་བཞི་བ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམངས་སྲིད་སྡེ་ཁག་གིས་རྒྱལ་ཡོངས་ཀྱི་པུར་འཇུག་དོ་དམ་བྱ་བའི་འགན་འཁུར་དགོས། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་དམངས་སྲིད་སྡེ་ཁག་གིས་སྲིད་འཛིན་ས་ཁོངས་དེའི་ནང་གི་པུར་འཇུག་དོ་དམ་བྱ་བའི་འགན་འཁུར་དགོས།

རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འཕེལ་རྒྱས་བཅོས་སྒྱུར་སྡེ་ཁག་གིས་ལས་ཁུར་ལྟར་པུར་འཇུག་སྒྲིག་བཀོད་ཀྱི་ལས་གཞི་ལ་ཞིབ་མཆན་འགོད་པའི་གོ་རིམ་ལག་བསྟར་བྱེད་པའི་འགན་འཁུར་དགོས་པ་དང་། ནོར་སྲིད་སྡེ་ཁག་གིས་གཏན་འབེབས་གཞིར་བཟུང་སྟེ་དགོས་ངེས་ཀྱི་པུར་འཇུག་བྱ་བའི་འགྲོ་གྲོན་དེ་རིམ་པ་དེ་གའི་སྔོན་རྩིས་ནང་འཇུག་པའི་འགན་ཁུར་ནས་མ་དངུལ་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཇེ་ཆེར་གཏང་དགོས། རང་བྱུང་ཐོན་ཁུངས་སྡེ་ཁག་གིས་པུར་འཇུག་སྒྲིག་བཀོད་ལ་སྤྱོད་པའི་ས་ཞིང་གི་ཞིབ་མཆན་དང་འཆར་འགོད་ཆོག་འཐུས་སྤྲོད་པའི་འགན་ཁུར་ཏེ། རྒྱལ་ཁོངས་བར་སྟོང་འཆར་འགོད་གཞིར་བཟུང་ནས་པུར་འཇུག་སྒྲིག་བཀོད་ལ་སྤྱོད་པའི་ས་ཞིང་གི་དགོས་མཁོ་དེ་གཅིག་འདོམས་ཀྱིས་ས་ཞིང་བེད་སྤྱོད་ཀྱི་ལོ་འཁོར་འཆར་གཞིའི་ནང་འཇུག་དགོས། འཕྲོད་བསྟེན་བདེ་ཐང་དང་ཀྲུང་ལུགས་སྨན་དཔྱད། རིམས་ནད་འགོག་སྡོམ་སྡེ་ཁག་བཅས་ཀྱིས་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་བཏོན་པའི་འཆི་འཕོའི་དཔང་ཡིག་དང་དེ་བཞིན་པུར་ཁང་སོགས་བེམ་པོ་གནས་སྐབས་ཉར་འཇོག་བྱེད་གནས་ལ་ལྟ་སྐུལ་དོ་དམ་བྱེད་པའི་འགན་འཁུར་དགོས།  ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཁག་གིས་པུར་འཇུག་ཞབས་ཕྱིའི་ལས་ཁུངས་དང་གཉེར་སྐྱོང་བྱེད་པོ་གཞན་དག་གི་ཁྲིམས་འགལ་གྱི་རིན་གོང་དང་། སྒྲིག་འགལ་གྱི་གྲོན་བསྡུ། དེ་བཞིན་སྒེར་སྡེམ་དང་ཚུལ་མིན་འགྲན་རྩོད་སོགས་ཀྱི་བྱ་སྤྱོད་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱེད་པའི་འགན་འཁུར་དགོས། སློབ་གསོ་དང་སྤྱི་བདེ། སྐྱེ་ཁམས་ཁོར་ཡུག སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་། ཞིང་ལས་ཞིང་སྡེ། འཚུབ་ཟློག་དོ་དམ། མི་རིགས། ཆོས་ལུགས། དྲ་འཕྲིན། གློག་འཕྲིན། ནགས་ལས་རྩྭ་ཐང་སོགས་འབྲེལ་ཡོད་སྡེ་ཁག་གིས་སྲོལ་ཡིག་འདི་དང་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་གཞན་དག་གི་གཏན་འབེབས་ལྟར། སོ་སོའི་ལས་ཁུར་ཁྱབ་ཁོངས་ནང་པུར་འཇུག་གི་འབྲེལ་ཡོད་བྱ་བ་ཡག་པོ་བསྒྲུབ་དགོས།

རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་འབྲེལ་ཡོད་སྡེ་ཁག་གིས་སོ་སོའི་ལས་ཁུར་ཁྱབ་ཁོངས་ནང་པུར་འཇུག་དོ་དམ་བྱ་བ་ལེགས་པོར་སྒྲུབ་པར་གཅིག་འདོམས་དང་མཐུན་སྦྱོར། ལྟ་སྐུལ། མཛུབ་སྟོན་བཅས་བྱ་དགོས།

ཤང་དང་གྲོང་རྡལ་མི་དམངས་སྲིད་གཞུང་དང་སྲང་ལམ་དོན་གཅོད་ཁང་། དེ་བཞིན་སྡེ་དམངས་ཨུ་ཡོན་ལྷན་ཁང་དང་སྡོད་དམངས་ཨུ་ཡོན་ལྷན་ཁང་བཅས་ཀྱིས་ཁྲིམས་ལྟར་པུར་འཇུག་གི་འབྲེལ་ཡོད་བྱ་བ་ལེགས་པར་བསྒྲུབ་དགོས།

དོན་ཚན་ལྔ་བ། པུར་འཇུག་ལས་དོན་ནི་སྤྱི་ཕན་ལས་དོན་གལ་ཆེན་ཞིག་ཡིན།

པུར་འཇུག་ཞབས་ཕྱི་ལ་རྨང་གཞིའི་ལས་གཞི་དང་རྨང་གཞི་མིན་པའི་ལས་གཞི་གཉིས་སུ་དབྱེ་ཡོད། གྲོན་བསྡུའི་སྲིད་ཇུས་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཕེལ་རྒྱས་བཅོས་སྒྱུར་སྡེ་ཁག་དང་ནོར་སྲིད་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམངས་སྲིད་སོགས་སྡེ་ཁག་དང་མཉམ་དུ་བཟོ་དགོས།

རྒྱལ་ཁབ་ཀྱིས་པུར་འཇུག་ཞབས་ཕྱི་ཡི་རྨང་གཞིའི་ལས་གཞིའི་གསལ་ཐོ་བཟོས་ཏེ། བེམ་པོ་སྐྱེལ་ལེན་དང་བེམ་པོ་ཉར་འཇོག བེམ་པོའི་གདུང་མཇལ། བེམ་པོ་ཞུགས་འབུལ། རུས་ཐལ་སྐུར་ཉར། སྐྱེ་ཁམས་དུར་འཇུག་བཅས་དང་དེ་བཞིན་སྲིད་གཞུང་གིས་གཉེར་ཞིང་པུར་འཇུག་ཞབས་ཕྱིའི་ལས་ཁུངས་ཀྱིས་འདོན་སྤྲོད་བྱས་པའི་རུས་ཐལ་དྲ་མིག་གནས་ལྟར་དུར་འཇུག་བྱེད་པ་སོགས་གསལ་ཐོའི་ཁྱབ་ཁོངས་ནང་བཅུག་ནས། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་དམངས་སྲིད་སྡེ་ཁང་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། སྲིད་འཛིན་ས་ཁོངས་དེ་གའི་པུར་འཇུག་ཞབས་ཕྱིའི་རྨང་གཞིའི་ལས་གཞི་འོས་འཚམ་གྱིས་ཇེ་མང་དུ་གཏོང་ཆོག གྲོན་བསྡུའི་ཚད་གཞི་ནི་ཁྲིམས་ལྟར་གཏན་ལ་དབབ་དགོས།

ཆུས་བཙུགས་པའི་གྲོང་ཁྱེར་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་དམངས་སྲིད་སྡེ་ཁག་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་པུར་འཇུག་ཞབས་ཕྱིའི་རྨང་གཞི་མིན་པའི་ལས་གཞིའི་གསལ་ཐོ་དེ་ལུགས་དང་མཐུན་པར་གཏན་ཁེལ་བྱས་ནས། འགྲོ་གྲོན་བསྡུ་བར་བཅའ་ཁྲིམས་ལྟར་དོ་དམ་ནན་མོ་བྱ་དགོས།

དོན་ཚན་དྲུག་པ། རྒྱལ་ཁབ་ཀྱིས་ཆ་རྐྱེན་འཛོམས་པའི་པུར་འཇུག་ཞབས་ཕྱིའི་ལས་གཞི་དེ་རིམ་བཞིན་རྒྱལ་ཁབ་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཕྱིའི་ཁྱབ་ཁོངས་སུ་འཇུག་པ་མ་ཟད། འགུལ་རྣམ་ལྟར་ལེགས་སྒྲིག་བྱ་དགོས།

དོན་ཚན་བདུན་པ། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་དངོས་ཡོད་དགོས་མཁོ་དང་ནོར་སྲིད་ཀྱི་ཐེག་ནུས་ལ་གཅིག་འདོམས་ཀྱིས་བསམ་གཞིགས་བྱས་ཏེ། མང་ཚོགས་ཀྱི་གཞི་རྩའི་པུར་འཇུག་ཞབས་ཕྱིའི་དགོས་མཁོ་དང་འཚམ་པའི་པུར་འཇུག་ལས་དོན་ལ་གཏོང་འཇོག་བྱེད་པའི་རྐྱེན་སྲོལ་གཟུག་དགོས།

དོན་ཚན་བརྒྱད་པ། རྒྱལ་ཁབ་ཀྱིས་པུར་འཇུག་བཅོས་སྒྱུར་ལག་བསྟར་བྱས་ཏེ། བརྟན་བརླིང་རིམ་ལྡན་ངང་ཞུགས་འབུལ་དང་། ས་སྦས་དུར་འཇུག་བཅོས་སྒྱུར། པུར་འཇུག་ལ་སྤྱོད་པའི་ས་ཞིང་གྲོན་ཆུང་བཅས་བྱ་དགོས།

ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་སྲིད་འཛིན་ས་ཁོངས་དེ་གའི་མི་འབོར་དང་འགྲིམ་འགྲུལ། ས་ཞིང་ཐོན་ཁུངས་སོགས་ཀྱི་གནས་ཚུལ་ལ་གཞིགས་ཏེ། ཞུགས་འབུལ་དུར་འཇུག་ལག་བསྟར་བྱེད་པའི་ས་ཁུལ་དང་ས་སྦས་དུར་འཇུག་བྱེད་ཆོག་པའི་ས་ཁུལ་དབྱེ་འབྱེད་བྱས་ཟིན་པའི་རྨང་གཞིའི་སྟེང་།  ཞུགས་འབུལ་དུར་འཇུག་ས་ཁུལ་གྱི་ཁྱབ་ཁོངས་བརྟན་བརླིང་ངང་རྒྱ་བསྐྱེད་དེ། ལེགས་སྒྲིག་བྱས་ཚུལ་དུས་ཐོག་ཏུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམངས་སྲིད་སྡེ་ཁག་ལ་དབུལ་དགོས།

དོན་ཚན་དགུ་བ། གྲངས་ཉུང་མི་རིགས་ཀྱི་འདད་གཏོང་གོམས་སྲོལ་ལ་བརྩི་འཇོག་བྱ་དགོས། རང་མོས་ལྟར་འདད་གཏོང་གོམས་སྲོལ་བཅོས་སྒྱུར་བྱེད་པར་གཞན་གྱིས་ཐེ་གཏོགས་བྱེད་མི་ཆོག སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ས་ཞིང་གྲོན་ཆུང་གིས་སྤྱོད་པའི་བླང་བྱ་དང་མཐུན་པའི་པུར་འཇུག་བྱེད་སྟངས་སྤྱོད་པར་སྐུལ་མ་བྱས་ཏེ། ཤི་སའི་གནས་ཀྱི་གཏན་འབེབས་ལྟར་བེམ་པོའམ་རུས་ཐལ་ཐག་གཅད་དགོས།

དོན་ཚན་བཅུ་བ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམངས་སྲིད་སྡེ་ཁག་གིས་རྒྱལ་ཡོངས་ཀྱི་པུར་འཇུག་རྨང་གཞིའི་ཆ་འཕྲིན་མཛོད་གཅིག་འདོམས་ཀྱིས་འཆར་འགོད་དང་འཐུས་ཚང་དུ་གཏོང་ཞིང་། རྒྱལ་ཁབ་ཀྱི་མི་འབོར་རྨང་གཞིའི་ཆ་འཕྲིན་མཛོད་དང་དུས་ཐོག་ཏུ་མཉམ་སྤྱོད་བྱ་དགོས་པ་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྤྱི་བདེ་དང་འཕྲོད་བསྟེན་བདེ་ཐང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སོགས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ཆ་འཕྲིན་མཉམ་སྤྱོད་རྐྱེན་སྲོལ་འཐུས་ཚང་དུ་གཟུག་དགོས།

ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་དམངས་སྲིད་སྡེ་ཁག་གིས་སྲིད་འཛིན་ས་ཁོངས་དེ་གའི་པུར་འཇུག་ཞབས་ཕྱིའི་ཆ་འཕྲིན་མ་ལག་འཛུགས་སྐྲུན་དང་། དོ་དམ། སྲུང་སྐྱོང་བཅས་གཅིག་འདོམས་བྱེད་པའི་འགན་ཁུར་ཏེ། པུར་འཇུག་ཞབས་ཕྱིའི་བྱེད་པོ་དང་འབྲེལ་ཡོད་ལས་གཉེར་མི་སྣ་མ་ལག་དོ་དམ་ནང་བཅུག་ནས། དམངས་ཕན་པུར་འཇུག་གི་ཞབས་ཕྱི་འདོན་སྤྲོད་བྱ་དགོས།

དོན་ཚན་བཅུ་གཅིག་པ། པུར་འཇུག་ཁྱབ་ཁོངས་ཀྱི་ཚན་རྩལ་གསར་གཏོད་དང་ཁྱབ་གདལ་བེད་སྤྱོད་བྱ་བར་སྐུལ་འདེད་གཏང་དགོས། པུར་འཇུག་ཞབས་ཕྱིའི་དོ་དམ་ཐད་ཀྱི་འབྲེལ་ཡོད་ཆེད་ལས་འཇོན་མིའི་དཔུང་སྡེ་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་དགོས།

དོན་ཚན་བཅུ་གཉིས་པ། རྒྱལ་ཁབ་ལས་ཁུངས་དང་མང་ཚོགས་ཚོགས་པའི་རྩ་འཛུགས། གཞི་རིམ་གྱི་མང་ཚོགས་རང་བཞིན་གྱི་རང་སྐྱོང་རྩ་འཛུགས། རླུང་འཕྲིན་དང་བརྙན་འཕྲིན། ཚགས་པར་དང་དུས་དེབ་སོགས་སྨྱན་སྦྱོར་དང་དེ་བཞིན་མཉམ་འབྲེལ་དྲ་རྒྱའི་ལས་སྟེགས་བཅས་ཀྱིས་དྲིལ་བསྒྲགས་སློབ་གསོར་ཤུགས་བརྒྱབ་སྟེ། མང་ཚོགས་ཀྱིས་པུར་འཇུག་གི་སྲོལ་བརྗེ་ལུགས་སྒྱུར་བྱེད་སྒོ་ཧུར་ཐག་གིས་སྤེལ་བར་ཁྲིད་སྟོན་བྱ་དགོས།

དོན་ཚན་བཅུ་གསུམ་པ། རྩ་འཛུགས་དང་མི་སྒེར་གང་རུང་གིས་སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་བའི་བྱ་སྤྱོད་སྤེལ་ན། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་དམངས་སྲིད་སྡེ་ཁག་དང་འབྲེལ་ཡོད་སྡེ་ཁག་ལ་ཞུ་གཏུག་དང་ཐེར་འདོན་བྱེད་ཆོག ཞུ་གཏུག་དང་ཐེར་འདོན་འབྱོར་བའི་སྡེ་ཁག་གིས་གཏན་འབེབས་ལྟར་དུས་ཐོག་ཏུ་ཐག་གཅད་དགོས།

ལེའུ་གཉིས་པ། པུར་འཇུག་སྒྲིག་བཀོད།

དོན་ཚན་བཅུ་བཞི་བ། པུར་འཇུག་སྒྲིག་བཀོད་ནི་མང་ཚོགས་ལ་པུར་འཇུག་གི་ཞབས་ཕྱིའི་དགོས་མཁོ་སྐོང་བར་སྤྱོད་པའི་དགོས་ངེས་ཀྱི་སྒྲིག་བཀོད་ཡིན། དེར་པུར་གཉེར་ཁང་དང་རུས་ཐལ་ཁང་། སྤྱི་པའི་བང་སོ་བཅས་འདུས།

པུར་འཇུག་ཞབས་ཕྱིའི་ལས་ཁུངས་ནི་པུར་འཇུག་སྒྲིག་བཀོད་གཉེར་སྐྱོང་བྱེད་མཁན་གྱི་སྡེ་ཚན་ཡིན། པུར་འཇུག་ཞབས་ཕྱིའི་ལས་ཁུངས་གསར་བ་འཛུགས་པར་སྲིད་གཞུང་གིས་བསྒྲུབ་དགོས་ཤིང་། ཁེ་གཉེར་མིན་པའི་ལས་ཁུངས་ཡིན་དགོས། ཁེ་གཉེར་རང་བཞིན་གྱི་པུར་འཇུག་ཞབས་ཕྱིའི་ལས་ཁུངས་སླར་ཡང་གསར་དུ་འཛུགས་མི་ཆོག

རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་དམངས་སྲིད་སྡེ་ཁག་གིས་ཁྲིམས་ལྟར་པུར་འཇུག་ཞབས་ཕྱིའི་ལས་ཁུངས་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏང་དགོས།

དོན་ཚན་བཅོ་ལྔ་བ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་པུར་འཇུག་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུ་དེ་འབྲེལ་ཡོད་འཆར་འགོད་ནང་འཇུག་དགོས་པ་མ་ཟད། རྒྱལ་ཁོངས་བར་སྟོང་འཆར་འགོད་དང་སྦྲེལ་མཐུད་བྱ་དགོས། སྲིད་འཛིན་ས་ཁོངས་དེ་གར་པུར་འཇུག་སྒྲིག་བཀོད་གསར་དུ་སྐྲུན་པར་ས་གནས་ཀྱི་འབྲེལ་ཡོད་འཆར་འགོད་དང་མཐུན་དགོས།

དོན་ཚན་བཅུ་དྲུག་པ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་སྲིད་འཛིན་ས་ཁོངས་དེ་གའི་མི་འབོར་གྱི་གཞི་ཁྱོན་དང་ཁྱབ་ཚུལ་ལ་གཞིགས་ནས་དགོས་མཁོ་ལྟར་པུར་གཉེར་ཁང་འཛུགས་སྐྲུན་བྱས་ཏེ། པུར་གཉེར་ཁང་གི་ཞབས་ཕྱིའི་དྲ་ཚིགས་ལུགས་མཐུན་ངང་གཟུག་དགོས།

རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། བེམ་པོ་སྐྱེལ་ལེན་བྱེད་པའི་རླངས་འཁོར་བཀོད་སྒྲིག་བྱས་ནས། བེམ་པོ་སྐྱེལ་ལེན་གྱི་དགོས་མཁོ་འགན་སྲུང་བྱ་དགོས།

དོན་ཚན་བཅུ་བདུན་པ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་རུས་ཐལ་ཁང་དང་སྤྱི་པའི་བང་སོ་འཛུགས་སྐྲུན་བྱེད་པར། སྲིད་འཛིན་ས་ཁོངས་དེ་གའི་ཞུགས་འབུལ་དུར་འཇུག་ལག་བསྟར་དང་ས་སྦས་དུར་འཇུག་བཅོས་སྒྱུར། དེ་བཞིན་ད་ཡོད་ས་ཞིང་ཐོན་ཁུངས་སོགས་ཀྱི་གནས་ཚུལ་ལ་གཞིགས་ནས། མཁོ་སྤྲོད་འོས་འཚམ་དང་སའི་སྐྱེ་ཁམས་གྲོན་ཆུང་གི་རྩ་དོན་གཞིར་བཟུང་སྟེ། འཛུགས་སྐྲུན་གྱི་རིགས་དང་གྲངས་འབོར། གཞི་ཁྱོན་བཅས་གཏན་ཁེལ་ལུགས་མཐུན་བྱ་དགོས།

དོན་ཚན་བཅོ་བརྒྱད་པ། པུར་འཇུག་སྒྲིག་བཀོད་གསར་དུ་སྐྲུན་པར་སྤྱོད་པའི་ས་ཞིང་དེ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་དབྱེ་འབྱེད་གཏོང་སྤྲོད་བྱེད་སྟངས་ལ་བརྟེན་ནས་རྒྱལ་དབང་ས་ཞིང་སྤྱོད་དབང་ཐོབ་པར་བྱ་དགོས།

དོན་ཚན་བཅུ་དགུ་བ། པུར་འཇུག་སྒྲིག་བཀོད་ལ་མཁོ་བའི་བེམ་པོ་སྐྱེལ་ལེན་གྱི་རླངས་འཁོར་དང་བེམ་པོ་གྲང་ཉར་སྒམ། ཞུགས་འབུལ་འཕྲུལ་འཁོར། ཞུགས་འབུལ་རྫོད་དངོས་གཙང་བཟོའི་སྒྲིག་ཆས་སོགས་པུར་འཇུག་སྒྲིག་ཆས་དག་འབྲེལ་ཡོད་བཙན་ཤེད་རང་བཞིན་གྱི་ཚད་གཞི་དང་མཐུན་དགོས། བཙན་ཤེད་རང་བཞིན་གྱི་ཚད་གཞི་དང་མི་མཐུན་པའི་པུར་འཇུག་སྒྲིག་ཆས་བཟོ་སྐྲུན་དང་ཕྱིར་འཚོང་། བེད་སྤྱོད་བཅས་བྱེད་མི་ཆོག

དོན་ཚན་ཉི་ཤུ་བ། ཞིང་སྡེའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་སམ་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་སྡེ་བའི་ཐུན་མོང་གི་ས་ཞིང་སྤྱད་དེ་སྡེ་མིར་སྤྱི་ཕན་རང་བཞིན་གྱི་དུར་ས་འཛུགས་པར། རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་དམངས་སྲིད་སྡེ་ཁག་ལ་ཞུ་ཚགས་དགོད་དགོས། འབྲེལ་ཡོད་ས་ཞིང་སྤྱོད་པའི་འགྲོ་ལུགས་ནི་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་བསྒྲུབ་དགོས།

ཞིང་སྡེའི་སྤྱི་ཕན་རང་བཞིན་གྱི་དུར་ས་ལ་རྩ་དོན་སྟེང་སྡེ་མིས་དུར་གནས་སྤྱོད་པའི་འབྲེལ་ཡོད་འགྲོ་གྲོན་སྡུད་མི་ཆོག་པ་དང་། སྡེ་མི་ཕུད་པའི་མི་སྣ་གཞན་དག་ལ་དུར་ཁུང་སྤྱོད་པའི་ས་ཞིང་ངམ་དུར་གནས་འདོན་སྤྲོད་བྱེད་མི་ཆོག 

རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཞིང་སྡེའི་སྤྱི་ཕན་རང་བཞིན་གྱི་དུར་ས་འཛུགས་སྐྲུན་བྱེད་པར་མ་དངུལ་གཏོང་བ་དང་གཅིག་གྱུར་གྱིས་དོ་དམ་ཡག་པོ་བྱ་དགོས།

དོན་ཚན་ཉེར་གཅིག་པ། རུས་རྒྱུད་ཀྱི་དུར་ས་འཛུགས་པའམ་བསྐྱར་གསོ་བྱེད་པ་གཏན་འགོག་བྱ་དགོས།

དོན་ཚན་ཉེར་གཉིས་པ། གཤམ་གསལ་གྱི་ས་ཁུལ་དུ་བང་སོ་བཟོ་སྐྲུན་བྱེད་མི་ཆོག

(གཅིག)རྨོ་ཞིང་དང་ནགས་ས།

(གཉིས) གྲོང་ཁྱེར་གྱི་སྤྱི་གླིང་དང་མཛེས་ལྗོངས་ཁུལ་གྲགས་ཅན། རིག་དངོས་སྲུང་སྐྱོབ་ཁུལ།

(གསུམ) ཆུ་མཛོད་དང་ཆུ་ཀླུང་གི་ཆུ་རགས་ཀྱི་ཉེ་འདབས་དང་ཆུ་མགོའི་སྲུང་སྐྱོབ་ཁུལ།

(བཞི) ལྕགས་ལམ་དང་གཞུང་ལམ་གྱི་མ་ལམ་གཙོ་བོའི་གཞོགས་གཉིས།

གོང་གསལ་ནང་ཚན་དུ་གཏན་ལ་ཕབ་པའི་ས་ཁོངས་ནང་གི་ད་ཡོད་བང་སོ་དག་ལས། རྒྱལ་ཁབ་ཀྱི་སྲུང་སྐྱོབ་ཐོབ་ཅིང་ལོ་རྒྱུས་དང་སྒྱུ་རྩལ། ཚན་རིག་བཅས་ཀྱི་རིན་ཐང་ལྡན་པའི་དུར་ས་རང་སོར་འཇོག་དགོས་པ་ཕུད། བྱེད་ཐབས་འོས་འཚམ་སྤྱད་དེ་སྤོ་སྒྱུར་རམ་ཟབ་སྦས་བྱས་ནས་དུར་ཕུང་མི་མངོན་པར་བྱ་དགོས་ལ། ས་གནས་དེ་གའི་སྡོད་དམངས་ཀྱི་གཞི་རྩའི་དུར་འཇུག་དགོས་མཁོ་འགན་སྲུང་བྱེད་པ་མ་ཟད། གོང་གསལ་ནང་ཚན་དུ་གཏན་ལ་ཕབ་པའི་ས་ཁོངས་ལ་གཡོལ་ཐབས་མེད་པའི་སྤྱི་པའི་བང་སོ་དང་ཞིང་སྡེའི་སྤྱི་ཕན་རང་བཞིན་གྱི་དུར་ས་ཡིན་ན།  ཁྲིམས་ལྟར་རྒྱལ་ཁོངས་བར་སྟོང་འཆར་འགོད་ནང་འཇུག་ཆོག་སྟེ། གོང་གསལ་ནང་ཚན་གཏན་འབེབས་ཀྱི་གནས་ཚུལ་ནང་མེད་པ་ཕུད། 

ལེའུ་གསུམ་པ། པུར་གཉེར་ཞབས་ཕྱི།

དོན་ཚན་ཉེར་གསུམ་པ། རང་བྱུང་མི་རྒྱུན་ལྡན་ལྟར་ཤི་བའི་རིགས་ལ། སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་དུས་ཐོག་ཏུ་འཆི་འཕོའི་དཔང་ཡིག་སྤྲད་དགོས་ལ། ས་གནས་སོ་སོའི་སྲིད་དོན་ཞབས་ཕྱིའི་ལས་སྟེགས་ལ་བརྟེན་ནས་འཆི་འཕོའི་དཔང་ཡིག་གི་ཆ་འཕྲིན་མཉམ་སྤྱོད་བྱ་དགོས།

སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་གཏན་འབེབས་ལྟར་པུར་གཉེར་ཁང་དང་དེའི་ཞབས་ཕྱིའི་དྲ་ཚིགས་ཀྱི་འབྲེལ་གཏུག་བྱེད་སྟངས་ཁྱབ་བསྒྲགས་བྱས་ཏེ། འདས་པོའི་ཁྱིམ་མིས་འབྲེལ་གཏུག་བྱེད་པར་སྟབས་བདེ་བཟོ་དགོས།

སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཐག་བཅད་ཅིང་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་སྨན་བཅོས་མ་བྱས་པའི་རྒྱུན་ལྡན་མིན་པའི་ཤི་འཕོའི་གྱོད་གཞི(དོན)དང་འབྲེལ་བའི་འདས་པོ་ལ། སྤྱི་བདེ་ལས་ཁུངས་ཀྱིས་འཆི་འཕོའི་དཔང་ཡིག་སྤྲད་དགོས།

དོན་ཚན་ཉེར་བཞི་བ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་བདེ་ཐང་དང་ཀྲུང་ལུགས་སྨན་དཔྱད། རིམས་ནད་འགོག་སྡོམ་སྡེ་ཁག་དང་དམངས་སྲིད་སྡེ་ཁག་བཅས་ཀྱིས་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་དང་པུར་གཉེར་ཁང་བར་གྱི་སྦྲེལ་མཐུད་གཞོགས་འདེགས་ལ་ཤུགས་བསྣན་དགོས།

སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་པུར་ཁང་དེ་ཕྱི་ལ་འགན་གཙང་སྤྲོད་བྱེད་མི་ཆོག་པ་དང་། པུར་གཉེར་ཞབས་ཕྱི་སྤེལ་མི་ཆོག་ཀྱང་བེམ་པོ་གནས་སྐབས་སུ་ཉར་འཇོག་བྱེད་པར་སྟབས་བདེའི་ཞབས་ཕྱི་འདོན་སྤྲོད་བྱེད་ཆོག

དོན་ཚན་ཉེར་ལྔ་བ། བེམ་པོ་སྐྱེལ་ལེན་དང་ཉར་འཇོག རུལ་འགོག བྱད་བཅོས། ཞུགས་འབུལ་བཅས་ཀྱི་ཞབས་ཕྱི་དེ་པུར་གཉེར་ཁང་གིས་ཆེད་དུ་འདོན་སྤྲོད་བྱེད་འགན་འཁུར་དགོས།

དོན་ཚན་ཉེར་དྲུག་པ། པུར་གཉེར་ཁང་གིས་འཆི་འཕོའི་དཔང་ཡིག་ལ་བརྟེན་ནས་བེམ་པོ་དུས་ཐོག་ཏུ་སྐྱེལ་འདྲེན་བྱ་དགོས་པ་མ་ཟད། བེམ་པོ་ལ་དགོས་ངེས་ཀྱི་འཕྲོད་བསྟེན་ལག་རྩལ་སྤྱད་ནས་གཙང་བཅོས་བྱ་དགོས། བེམ་པོ་སྐྱེལ་ལེན་བྱེད་སྐབས། བེམ་པོའི་གནས་ཚུལ་དང་འཆི་འཕོའི་དཔང་ཡིག་ནང་བྲིས་ཡོད་པའི་ཤི་རྐྱེན་མངོན་གསལ་གྱིས་མི་མཐུན་པ་ཤེས་ཚེ། འཕྲལ་མར་སྤྱི་བདེ་ལས་ཁུངས་ལ་སྙན་སེང་ཞུ་དགོས།

དོན་ཚན་ཉེར་བདུན་པ། པུར་གཉེར་ཁང་དུ་བེམ་པོ་ཉར་འཇོག་བྱེད་པར་སྤྱིར་བཏང་དུ་ཉིན3ལས་བརྒལ་མི་ཆོག ཉར་འཇོག་དུས་ཚོད་ནར་འགྱངས་བྱ་དགོས་ཚེ། འདས་པོའི་ཁྱིམ་མིའམ་བེམ་པོ་སྤྲོད་མཁན་གྱིས་པུར་གཉེར་ཁང་དུ་ཉར་འཇོག་དུས་ཡུན་ནར་འགྱངས་བྱེད་པའི་འགྲོ་ལུགས་བསྒྲུབ་དགོས་པ་མ་ཟད། གཏན་འབེབས་ལྟར་ཉར་འཇོག་དུས་འགྱངས་ཀྱི་འགྲོ་གྲོན་སྤྲད་དགོས།

དོན་ཚན་ཉེར་བརྒྱད་པ། པུར་གཉེར་ཁང་གིས་འཆི་འཕོའི་དཔང་ཡིག་དང་ཞུགས་འབུལ་གཏན་འཁེལ་ཡི་གེ་ལ་བརྟེན་ནས་བེམ་པོ་ཞུགས་འབུལ་བྱ་དགོས་པ་མ་ཟད། ཞུགས་འབུལ་དཔང་ཡིག་ཀྱང་སྤྲད་དགོས།

པུར་གཉེར་ཁང་གིས་བེམ་པོ་ཉར་འཇོག་དང་ཞུགས་འབུལ་སོགས་གཙོ་གནད་ས་ཁོངས་སུ་གཟུགས་རིས་འཚོལ་སྡུད་སྒྲིག་ཆས་སྒྲིག་སྦྱོར་བྱ་དགོས་པ་མ་ཟད། འཚོལ་སྡུད་བྱས་པའི་བརྙན་ཟློས་གཟུགས་རིས་ཆ་འཕྲིན་དེ་ཉིན90ལས་མི་ཉུང་བར་ཉར་ཚགས་བྱས་ཏེ་གྲབས་དཔྱད་དུ་འཇོག་དགོས།

དོན་ཚན་ཉེར་དགུ་བ། ཞུགས་འབུལ་བྱེད་སའི་ས་ཁུལ་དུ་ས་གནས་དེ་ག་དང་དེའི་ཐག་ཉེ་སའི་པུར་གཉེར་ཁང་དུ་བེམ་པོ་ཞུགས་འབུལ་བྱ་དགོས། ས་ཁོངས་བརྒལ་ནས་བེམ་པོ་སྐྱེལ་འདྲེན་བྱ་དགོས་ཚེ། འདས་པོའི་ཁྱིམ་མིས་སྐྱེལ་འདྲེན་བྱ་ཡུལ་གྱི་དམངས་སྲིད་སྡེ་ཁག་གིས་བཏོན་པའི་བེམ་པོ་བསྡུ་ལེན་དཔང་ཡིག་ལ་བརྟེན་ནས་པུར་གཉེར་ཁང་དང་འབྲེལ་གཏུག་བྱས་ཏེ་བེམ་པོ་སྐྱེལ་འདྲེན་བྱ་དགོས།

རྒྱལ་ཁོངས(རྒྱལ་མཚམས)བརྒལ་ནས་བེམ་པོ་དང་ཀེང་རུས་སྐྱེལ་འདྲེན་བྱ་དགོས་ཚེ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་བསྒྲུབ་དགོས།

དོན་ཚན་སུམ་ཅུ་བ། ཐོབ་ཐང་མི་གསལ་བ་དང་ངོས་འཛིན་རྩིས་ལེན་བྱེད་མཁན་མེད་པ། འགྲིམ་འགྲུལ་དོན་རྐྱེན་ཁྲོད་ཡུལ་དངོས་སུ་ཤི་བ་དང་དེ་བཞིན་ཐོལ་བྱུང་དོན་རྐྱེན་གཞན་དག་གིས་ཤི་བ་སོགས་དམིགས་བསལ་གནས་ཚུལ་གྱི་འཆི་འཕོའི་དཔང་ཡིག་འདོན་པ་དང་བེམ་པོ་ཐག་གཅོད་པའི་བྱེད་ཐབས་ནི། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམངས་སྲིད་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྤྱི་བདེ་སྡེ་ཁག་དང་འཕྲོད་བསྟེན་བདེ་ཐང་སྡེ་ཁག་སོགས་དང་མཉམ་དུ་གཏན་འབེབས་བྱ་དགོས།

ལེའུ་བཞི་བ། དུར་འཇུག་ཞབས་ཕྱི།

དོན་ཚན་སོ་གཅིག་པ། ས་ཞིང་མི་བཟུང་བའམ་ཉུང་བཟུང་བྱེད་པའི་དུར་འཇུག་བྱེད་སྟངས་ཁྱབ་སྤེལ་གཏོང་བ་དང་། ལྗང་མདོག་ཁོར་སྲུང་གི་འདད་གཏོང་མཁོ་ཆས་སྤྱོད་པར་དར་སྤེལ་བཏང་ནས་དུར་ས་རྡོ་འགྱུར་དང་སྲ་འགྱུར་བྱུང་ཚད་ཇེ་ཉུང་དུ་གཏང་དགོས།

ཞུགས་འབུལ་ལག་བསྟར་བྱེད་པའི་ས་ཁུལ་དུ་རུས་ཐལ་མཚོ་ལ་གཏོར་བ་དང་ནགས་ལ་གཏོར་བ། མེ་ཏོག་གི་གསེབ་ཏུ་གཏོར་བ། སྤང་ཐང་དུ་གཏོར་བ་བཅས་ཀྱི་དུར་འཇུག་བྱེད་སྟངས་སྤྱོད་པར་སྐུལ་མ་དང་ཁྲིད་སྟོན་བྱ་དགོས། ས་སྦས་དུར་འཇུག་བྱེད་ཆོག་པའི་ས་ཁུལ་དུ་བེམ་པོ་ས་འོག་ཏུ་ཟབ་སྦས་དང་། དུར་ཕུང་མི་མངོན་པར་བྱེད་པ། སྲ་མཁྲེགས་ཅན་དུ་མི་གཏོང་བ། དུར་རྡོ་མི་འཛུགས་པ་སོགས་ཀྱི་དུར་འཇུག་བྱེད་སྟངས་སྤྱོད་པར་སྐུལ་མ་དང་ཁྲིད་སྟོན་བྱ་དགོས།

གོང་གསལ་ནང་ཚན་དུ་གཏན་ལ་ཕབ་པའི་བྱེད་ཐབས་ལྟར་སྐྱེ་ཁམས་དུར་འཇུག་བྱས་པའི་རིགས་ལ། ཆ་རྐྱེན་འཛོམས་པའི་ས་གནས་ཀྱིས་ཁ་གསབ་འོས་འཚམ་སྤྲོད་ཆོག

དོན་ཚན་སོ་གཉིས་པ། ས་གནས་སོ་སོས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་འོས་འཚམ་གྱི་གནས་ཡུལ་དུ་ས་ཁོངས་ངེས་ཅན་ཞིག་དབྱེ་འབྱེད་གཏན་ཁེལ་བྱས་ནས་སྐྱེ་ཁམས་དུར་འཇུག་བྱེད་ཆོག

དོན་ཚན་སོ་གསུམ་པ། རྒྱལ་ཁབ་ཀྱིས་རུས་ཐལ་དྲ་མིག་གནས་ལྟར་དུར་འཇུག་བྱེད་པ་དར་སྤེལ་གཏང་དགོས། རུས་ཐལ་ཁང་ནས་དྲ་མིག་གནས་བཀོལ་སྤྱོད་འགྲོ་གྲོན་དང་སྲུང་སྐྱོང་དོ་དམ་འགྲོ་གྲོན་མི་བསྡུ་བའམ་ཡང་ན་འོས་འཚམ་གྱིས་བསྡུ་ལེན་བྱ་དགོས།

རུས་ཐལ་ཁང་དུ་སྒེར་གྱི་མཚུན་ཁང་འཛུགས་པ་གཏན་འགོག་བྱ་དགོས།

དོན་ཚན་སོ་བཞི་བ། སྤྱི་པའི་བང་སོ་རུ་སའི་སྐྱེ་ཁམས་གྲོན་ཆུང་གི་དུར་འཇུག་ཕྱོགས་སྟོན་དུ་བཟུང་སྟེ། དུར་གནས་དང་དུར་རྡོ་ཆུང་གྲས་ཅན་དུ་ཁྱབ་གདལ་གཏང་དགོས་པ་མ་ཟད། ས་ཁོངས་ངེས་ཅན་ཞིག་དབྱེ་འབྱེད་གཏན་ཁེལ་བྱས་ནས་སྐྱེ་ཁམས་དུར་འཇུག་དང་རུས་ཐལ་དྲ་མིག་གནས་ལྟར་དུར་འཇུག་བྱ་དགོས།

རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་དམངས་སྲིད་སྡེ་ཁག་གིས་སྤྱི་པའི་བང་སོའི་དུར་གནས་ཀྱི་རྒྱ་ཁྱོན་དང་དུར་རྡོའི་མཐོ་ཚད་ལ་ཚོད་འཛིན་ནན་མོ་བྱ་དགོས་ཤིང་། ཞིབ་ཕྲའི་ཚད་གཞི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམངས་སྲིད་སྡེ་ཁག་གིས་གཏན་འབེབས་བྱ་དགོས།

ཐབས་ཚུལ་བསྒྱུར་ཏེ་དུར་གནས་ཀྱི་རྒྱ་ཁྱོན་ཆེ་རུ་གཏོང་བའམ་གནས་གོང་ཆེ་བའི་རྒྱུ་ཆ་བེད་སྤྱོད་བྱེད་པ་གཏན་འགོག་བྱ་དགོས། སྤྱི་སྒྲིག་སྲོལ་བཟང་དང་འགལ་བའི་མཚོན་རྟགས་དངོས་པོ་འཛུགས་རྒྱུ་གཏན་འགོག་བྱ་དགོས།

དོན་ཚན་སོ་ལྔ་བ། རུས་ཐལ་ཁང་དང་སྤྱི་པའི་བང་སོ་ནས་འཆི་འཕོའི་དཔང་ཡིག་དང་ཞུགས་འབུལ་དཔང་ཡིག་སོགས་འབྲེལ་ཡོད་དཔང་ཡིག་གི་རྒྱུ་ཆ་ལ་བརྟེན་ནས་རུས་ཐལ་དྲ་མིག་གནས་དང་། སྤྱི་པའི་བང་སོའི་དུར་གནས་འདོན་སྤྲོད་བྱ་དགོས། ལོ་ན་མཐོ་བའི་རྒན་རྒོན་དང་ནད་གཞི་ཚབས་ཆེན་ཕོག་པའི་མི་སོགས་ལ་རུས་ཐལ་དྲ་མིག་གནས་དང་སྤྱི་པའི་བང་སོའི་དུར་གནས་འདོན་སྤྲོད་བྱེད་པ་ཕུད།

དོན་ཚན་སོ་དྲུག་པ། རུས་ཐལ་དྲ་མིག་གནས་དང་སྤྱི་པའི་བང་སོའི་དུར་གནས་སྤྱོད་ཐེངས་གཅིག་གི་བེད་སྤྱོད་དུས་ཡུན་ལོ20ལས་བརྒལ་མི་ཆོག བེད་སྤྱོད་དུས་ཡུན་ཐིམ་ཚེ། མཐུད་སྤྱོད་འགྲོ་ལུགས་སྒྲུབ་ཆོག་པ་མ་ཟད་སྲུང་སྐྱོང་དོ་དམ་འགྲོ་གྲོན་སྤྲད་དགོས།

དོན་ཚན་སོ་བདུན་པ། རུས་ཐལ་ཁང་དང་སྤྱི་པའི་བང་སོ་གཉེར་སྐྱོང་སྡེ་ཚན་གྱིས་གཏན་འབེབས་ལྟར་འགྲོ་གྲོན་བླངས་ཤིང་སྲུང་སྐྱོང་ཐེབས་རྩ་བཙུགས་ཏེ། ས་གནས་དེ་གའི་དམངས་སྲིད་སྡེ་ཁག་གི་ལྟ་སྐུལ་འོག་ཆེད་སྤྱོད་རྩིས་ཐོའི་དོ་དམ་ལག་བསྟར་བྱས་ནས། རྗེས་མཐུད་སྲུང་སྐྱོང་དང་དོ་དམ་ཐད་ལ་སྤྱད་དགོས།

དོན་ཚན་སོ་བརྒྱད་པ། སྡོད་དམངས་ཀྱི་སྡོད་ཁང་ཆེད་དུ་རུས་ཐལ་འཇོག་གནས་སུ་སྤྱོད་པ་གཏན་འགོག་བྱ་དགོས། སྤྱི་པའི་བང་སོ་དང་ཞིང་སྡེའི་སྤྱི་ཕན་རང་བཞིན་གྱི་དུར་ས། དེ་བཞིན་ཁྲིམས་ལྟར་སྐྱེ་ཁམས་དུར་འཇུག་ལག་བསྟར་བྱེད་པའི་ས་ཁོངས་བཅས་ཕུད་པའི་ས་གནས་གཞན་དུ་བེམ་པོ་དུར་སྦས་དང་བང་སོ་སྐྲུན་པ་གཏན་འགོག་བྱ་དགོས།

ལེའུ་ལྔ་བ། འདས་མཆོད་བྱེད་སྒོ།

དོན་ཚན་སོ་དགུ་བ། འདས་མཆོད་བྱེད་སྒོ་སྤེལ་བར་བཅའ་ཁྲིམས་ཁྲིམས་སྲོལ་དང་སྤྱི་ཚོགས་ཀྱི་སྤྱི་པའི་ཀུན་སྤྱོད་ལ་བརྩི་སྲུང་བྱ་དགོས་ལ། སྤྱི་པའི་སྒྲིག་ལམ་ལ་འགོག་རྐྱེན་མི་བཟོ་ཞིང་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་མི་གཏོང་བ་དང་། མི་གཞན་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་མི་གཏོང་བ།  སྤྱི་སྒྲིག་སྲོལ་བཟང་དང་རྒྱབ་འགལ་ བྱེད་མི་ཆོག

ཞིང་སྡེའི་སྐྱིད་སྡུག་ལས་འཛིན་ལྷན་ཚོགས་སོགས་རྩ་འཛུགས་ཀྱིས་ནུས་པ་འདོན་སྤེལ་བྱེད་པར་སྐུལ་མ་བྱེད་ཅིང་། མང་ཚོགས་ཀྱིས་ཡ་རབས་ཚུལ་ལྡན་དང་གྲོན་ཆུང་བསྲི་ཚགས་ཀྱི་སྒོ་ནས་འདས་མཆོད་སྒྲུབ་པར་རོགས་འདེགས་བྱས་ཏེ། སྲོལ་བརྗེ་ལུགས་སྒྱུར་ལ་ཁྲིད་སྟོན་བྱ་དགོས།

དོན་ཚན་བཞི་བཅུ་བ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་དམངས་སྲིད་སྡེ་ཁག་གིས་དྲིལ་བསྒྲགས་ལ་ཤུགས་བསྣན་ཏེ། མང་ཚོགས་ཀྱིས་པུར་གཉེར་ཁང་དང་དེའི་ཞབས་ཕྱིའི་དྲ་ཚིགས་སུ་གདུང་མཇལ་སོགས་འདས་མཆོད་བྱེད་སྒོ་སྤེལ་བར་ཁྲིད་སྟོན་བྱ་དགོས།

དོན་ཚན་ཞེ་གཅིག་པ། པུར་འཇུག་ཞབས་ཕྱིའི་ལས་ཁུངས་ཕུད། པུར་འཇུག་ཞབས་ཕྱིའི་ལས་ཚབ་དང་མཁོ་རྫས་ཚབ་ཉོ། ཇུས་འགོད་མདོ་འཛིན། ཆ་འཕྲིན་བློ་འདྲི་སོགས་པུར་འཇུག་གི་འབྲེལ་ཡོད་ཞབས་ཕྱིའི་བྱེད་སྒོ་སྤེལ་བའི་རྩ་འཛུགས་དང་མི་སྒེར་གྱིས་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་དམངས་སྲིད་སྡེ་ཁག་ལ་ཞུ་ཚགས་དགོད་དགོས། 

རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་དམངས་སྲིད་སྡེ་ཁག་གིས་པུར་འཇུག་གི་འབྲེལ་ཡོད་ཞབས་ཕྱིའི་བྱེད་སྒོ་སྤེལ་མཁན་རྩ་འཛུགས་དང་མི་སྒེར་དག་པུར་འཇུག་ཞབས་ཕྱིའི་ཆ་འཕྲིན་མ་ལག་དང་པུར་འཇུག་ལས་རིགས་རྩ་འཛུགས་ཀྱི་དོ་དམ་ནང་འཇུག་དགོས་ལ། མགོ་སྐོར་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱད་ནས་སྒྲིག་འགལ་གྱིས་འགྲོ་གྲོན་བསྡུ་བ་དང་རྒྱས་སྤྲོས་རྒྱས་གཤོམ་བྱ་རྒྱུ་བསླུ་བྲིད་གཏོང་བ། བཙན་ཤེད་ཀྱིས་ཞབས་ཕྱི་དང་ལེན་བྱེད་དུ་འཇུག་པ། འདས་པོའི་ཆ་འཕྲིན་ལྐོག་འཚོང་བྱེད་པ་སོགས་འདས་པོའི་ཁྱིམ་མིའི་ཁེ་དབང་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་སྤེལ་མཁན་ལ་ཁྲིམས་ལྟར་ཐག་གཅད་དགོས་པ་མ་ཟད། པུར་འཇུག་ཞབས་ཕྱིའི་ཆ་འཕྲིན་མ་ལག་ནང་རྟགས་བཀོད་ནས་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱ་དགོས།

དོན་ཚན་ཞེ་གཉིས་པ། པུར་འཇུག་ཞབས་ཕྱིའི་ལས་ཁུངས་ཀྱིས་འབྲེལ་ཡོད་གཏན་འབེབས་དང་འགལ་ནས་འགྲོ་གྲོན་བསྡུ་བའི་རྣམ་གྲངས་རང་དགར་འཛུགས་པའམ་ཡང་ན་རྣམ་གྲངས་ཁག་བགོས་དང་གྲོན་བསྡུའི་གཞི་ཁྱོན་ཇེ་ཆེར་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཐབས་ཚུལ་བསྒྱུར་ནས་འགྲོ་གྲོན་བསྡུ་བའི་ཚད་གཞི་ཇེ་མཐོར་གཏོང་མི་ཆོག 

དོན་ཚན་ཞེ་གསུམ་པ། པུར་འཇུག་ཞབས་ཕྱིའི་ལས་ཁུངས་དང་འདད་གཏོང་མཁོ་ཆས་ཚོང་གཉེར་བྱེད་པོ། དེ་བཞིན་པུར་འཇུག་གི་འབྲེལ་ཡོད་ཞབས་ཕྱིའི་བྱེད་སྒོ་སྤེལ་མཁན་གྱི་རྩ་འཛུགས་དང་མི་སྒེར་བཅས་ཀྱིས་གཤམ་གསལ་རིན་གོང་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་སྤེལ་མི་ཆོག་སྟེ།

(གཅིག)གཏན་འབེབས་ལྟར་རིན་གོང་གསལ་བོར་མ་བཀོད་པའམ། ཡང་ན་གསལ་འགོད་རིན་གོང་གི་སྟེང་དུ་རིན་གོང་སྣོན་པའམ་ཡང་ན་གསལ་བོར་བཀོད་མེད་པའི་རིན་དངུལ་བསྡུ་ལེན་བྱེད་པ།

(གཉིས) རྫུན་བཟོའམ་མི་རྣམས་གོ་ནོར་ཐེབས་སུ་འཇུག་པའི་རིན་གོང་གི་བྱེད་ཐབས་ལ་བརྟེན་ནས་འདས་པོའི་ཁྱིམ་མི་དང་ཉོ་འཚོང་བྱེད་པར་བསླུ་བྲིད་གཏོང་བ།

(གསུམ) བསྡམས་བཀྱིགས་དང་ལུགས་མཐུན་མིན་པའི་ཆ་རྐྱེན་ཟུར་སྣོན་ནམ་ལུགས་མཐུན་མིན་པའི་ཚོད་འཛིན་སོགས་ཀྱི་བྱེད་ཐབས་སྤྱད་དེ། བཙན་ཤེད་དམ་ཡང་ན་ཐབས་ཚུལ་བསྒྱུར་ནས་བཙན་ཤེད་ཀྱིས་པུར་འཇུག་གི་མཁོ་ཆས་ཕྱིར་འཚོང་དང་པུར་འཇུག་གི་འབྲེལ་ཡོད་ཞབས་ཕྱི་འདོན་སྤྲོད་བྱེད་པ་མ་ཟད་འགྲོ་གྲོན་སྡུད་པ། 

(བཞི)བཙན་ཤེད་དམ་ཐབས་ཚུལ་བསྒྱུར་ནས་བཙན་ཤེད་ཀྱིས་འདས་པོའི་ཁྱིམ་མིས་ཕྱོགས་གསུམ་པའི་རིན་ཡོད་ཞབས་ཕྱི་དང་ལེན་བྱེད་དུ་འཇུག་པའམ། ཡང་ན་འབྲེལ་ཡོད་ཞབས་ཕྱིའི་དྲ་ཚིགས་སྤྱད་དེ་འགྲོ་གྲོན་བསྐྱར་ལེན་བྱེད་པ།

(ལྔ) བཅའ་ཁྲིམས་ཁྲིམས་སྲོལ་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ནང་བཀག་འགོག་བྱས་པའི་རིན་གོང་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་གཞན་དག 

གོང་གསལ་ནང་ཚན་དུ་གཏན་ལ་ཕབ་པའི་སྡེ་ཚན་དང་རྩ་འཛུགས་ཀྱིས་འགྲན་རྩོད་མེད་པར་བཟོ་བ་དང་ཚོད་འཛིན་བྱེད་པའི་སྒེར་སྡེམ་གྱི་གྲོས་ཆིངས་འཇོག་མི་ཆོག་པ་དང་ལག་བསྟར་བྱེད་མི་ཆོག ཁྲོམ་རའི་ཁ་ལོ་སྒྱུར་བའི་གོ་གནས་ཡོད་པའི་རིགས་ཀྱིས་ཁྲོམ་རའི་ཁ་ལོ་སྒྱུར་བའི་གོ་གནས་གང་བྱུང་དུ་སྤྱོད་མི་ཆོག

དོན་ཚན་ཞེ་བཞི་བ། བཅའ་ཁྲིམས་ཁྲིམས་སྲོལ་དང་འགལ་བའམ་ཡང་ན་སྤྱི་སྒྲིག་སྲོལ་བཟང་ལས་འགལ་བའི་འདད་གཏོང་མཁོ་ཆས་བཟོ་བ་དང་ཕྱིར་འཚོང་བྱ་རྒྱུ་བཀག་འགོག་བྱ་དགོས།

ཞུགས་འབུལ་དུར་འཇུག་བྱེད་པའི་ས་ཁུལ་དུ་པུར་སྒམ་སོགས་ས་སྦས་དུར་འཇུག་མཁོ་ཆས་བཙོང་བ་བཀག་འགོག་བྱ་དགོས།

དོན་ཚན་ཞེ་ལྔ་བ། རྒྱལ་ཁབ་ཀྱིས་དཔལ་ཡོན་དང་ཐཱན་དམའ། བདེ་འཇགས་བཅས་ཀྱི་དུར་འཕྱག་དར་སྤེལ་གཏང་དགོས།

དྲ་ལམ་དུར་འཕྱག་ཞབས་ཕྱི་ལས་སྟེགས་ཀྱིས་བཅའ་ཁྲིམས་ཁྲིམས་སྲོལ་ལ་བརྩི་སྲུང་བྱེད་ཅིང་། སྤྱི་སྒྲིག་སྲོལ་བཟང་ལ་བསྟུན་པ་དང་། འདས་པོའི་ཆ་འཕྲིན་སྲུང་སྐྱོབ་ལ་ཤུགས་བསྣན་ནས། འཛད་སྤྱོད་བྱ་རྒྱུ་བསླུ་བྲིད་བྱེད་མི་ཆོག་པ་དང་། ཁྲིམས་འགལ་སྒྲིག་འགལ་གྱིས་འདས་པོའི་ཆ་འཕྲིན་ཐག་གཅོད་པའམ་ཡང་ན་བཅའ་ཁྲིམས་ཁྲིམས་སྲོལ་ནང་བཀག་འགོག་བྱས་པའི་ཆ་འཕྲིན་ཁྱབ་བསྒྲགས་དང་བརྒྱུད་བསྒྲགས་བྱེད་མི་ཆོག

དོན་ཚན་ཞེ་དྲུག་པ། ཤང་དང་གྲོང་རྡལ་མི་དམངས་སྲིད་གཞུང་དང་། སྲང་ལམ་དོན་གཅོད་ཁང་། དེ་བཞིན་སྡེ་དམངས་ཨུ་ཡོན་ལྷན་ཁང་དང་སྡོད་དམངས་ཨུ་ཡོན་ལྷན་ཁང་བཅས་ཀྱིས་འོས་འཚམ་གྱི་གནས་ཡུལ་བེད་སྤྱད་དེ། མང་ཚོགས་ཀྱིས་འདད་གཏོང་བར་སྟབས་བདེ་བསྐྲུན་དགོས།

ལེའུ་དྲུག་པ། ལྟ་སྐུལ་དོ་དམ།

དོན་ཚན་ཞེ་བདུན་པ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་པུར་འཇུག་བྱེད་སྒོའི་སྦྲེལ་ཐག་ཧྲིལ་བོར་ཁྱབ་པའི་ལྟ་སྐུལ་དོ་དམ་གྱི་དོན་ཚན་གསལ་ཐོ་བཟོས་ཏེ། སྡེ་ཁག་བར་གནས་ཚུལ་བསྒྲགས་བརྡ་གཏོང་བ་དང་ཁྲིམས་བསྟར་མཉམ་ལས་གཞོགས་འདེགས་བྱེད་པར་ཤུགས་བསྣན་དགོས། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་དམངས་སྲིད་སྡེ་ཁག་དང་འབྲེལ་ཡོད་སྡེ་ཁག་གིས་ཁྲིམས་ལྟར་ལས་ཁུར་བསྒྲུབས་ཏེ། པུར་འཇུག་གི་བྱེད་སྒོར་ལྟ་སྐུལ་དང་ཞིབ་བཤེར་བྱ་དགོས།

རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་པུར་འཇུག་བྱ་བར་དུས་བཅད་ལྟར་སྐུལ་ཁྲིད་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། འབྲེལ་ཡོད་སྡེ་ཁག་སོ་སོས་ཁྲིམས་ལྟར་ལས་ཁུར་སྒྲུབ་པར་རྒྱབ་སྐྱོར་དང་སྐུལ་འདེད་གཏང་དགོས།

དོན་ཚན་ཞེ་བརྒྱད་པ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་དམངས་སྲིད་དང་རང་བྱུང་ཐོན་ཁུངས། ཆུ་བེད། ནགས་ལས་རྩྭ་ཐང་། རིག་དངོས་སོགས་སྡེ་ཁག་གིས་དེང་རབས་ཀྱི་ལག་རྩལ་ཐབས་ལམ་ཕྱོགས་བསྡུས་ཀྱིས་སྤྱད་དེ། པུར་འཇུག་གི་ཁྲིམས་འགལ་བྱ་སྤྱོད་དུས་ཐོག་ཏུ་ཤེས་རྟོགས་དང་ཐག་གཅོད་བྱ་དགོས།

དོན་ཚན་ཞེ་དགུ་བ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་དམངས་སྲིད་སྡེ་ཁག་གིས་པུར་འཇུག་སྒྲིག་བཀོད་འཛུགས་སྐྲུན་དང་གཉེར་སྐྱོང་དང་། སྤྱི་པའི་བང་སོའི་དུར་འཇུག་ཚད་གཞི། འདས་མཆོད་བྱེད་སྒོ་དོ་དམ་སོགས་དོན་ཚན་ལ་ངེས་མེད་འཐེན་བཤེར་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཟུག་དགོས། འཐེན་བཤེར་བྱས་ཚུལ་དང་ཞིབ་གཅོད་བྱས་འབྲས་དེ་འཐེན་བཤེར་བྱ་ཡུལ་ལ་ཡིག་ཐོག་ནས་བརྡ་སྦྲན་དགོས་པ་མ་ཟད། ཁྲིམས་ལྟར་སྤྱི་ཚོགས་སུ་ཡོངས་བསྒྲགས་བྱ་དགོས།

དོན་ཚན་ལྔ་བཅུ་བ། པུར་འཇུག་ཞབས་ཕྱིར་གསལ་ཐོ་ཅན་དུ་དོ་དམ་བྱེད་པ་མ་ཟད་འགུལ་རྣམ་ལྟར་ལེགས་སྒྲིག་བྱས་ཏེ། གསལ་ཐོ་ཕུད་པའི་རྣམ་གྲངས་འཛུགས་པ་དང་འགྲོ་གྲོན་བསྡུ་བ་བཀག་འགོག་བྱ་དགོས།

རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་དམངས་སྲིད་སྡེ་ཁག་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ཁྲིམས་ལྟར་པུར་འཇུག་ཞབས་ཕྱིར་རིན་གོང་བརྟག་འཇལ་དང་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏང་དགོས་ལ། འགྲོ་གྲོན་མཐོན་པོ་བསྡུ་བ་གཏན་འགོག་བྱ་དགོས།

དོན་ཚན་ང་གཅིག་པ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་དམངས་སྲིད་སྡེ་ཁག་གིས་སྲིད་དོན་ཞབས་ཕྱིའི་དམངས་ཕན་ཐད་སྦྲེལ་ཁ་པར་སོགས་ལྟ་སྐུལ་ཐབས་ལམ་དང་མཉམ་དུ་ཆ་འཕྲིན་མཉམ་སྤྱོད་ལྟ་སྐུལ་རྐྱེན་སྲོལ་བཙུགས་ཏེ། འདས་པོའི་ཁྱིམ་མིས་བཏོན་པའི་པུར་འཇུག་ཞབས་ཕྱིའི་ཐད་ཀྱི་གནད་དོན་ལ་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་དུས་ཐོག་ཏུ་ཐག་གཅད་དགོས་པ་མ་ཟད་ཐག་གཅོད་མཇུག་འབྲས་འདས་པོའི་ཁྱིམ་མིར་སྦྲན་དགོས།

དོན་ཚན་ང་གཉིས་པ། པུར་འཇུག་ཞབས་ཕྱིའི་ལས་ཁུངས་ཀྱིས་ལོ་རེར་ཁོངས་གཏོགས་དམངས་སྲིད་སྡེ་ཁག་ལ་ལོ་འཁོར་བྱ་བའི་སྙན་ཞུ་དང་ནོར་དོན་རྩིས་བཤེར་སྙན་ཞུ་དབུལ་དགོས། ལོ་འཁོར་བྱ་བའི་སྙན་ཞུའི་ནང་རྒྱུན་ལྡན་གྱི་ལས་གཉེར་དང་ཞབས་ཕྱི་དོ་དམ། བདེ་འཇགས་ཐོན་སྐྱེད། བྱ་དགའ་ཆད་གཅོད་སོགས་ཀྱི་གནས་ཚུལ་འདུ་དགོས། གོང་རིམ་དམངས་སྲིད་སྡེ་ཁག་གིས་ལོ་འཁོར་བྱ་བའི་སྙན་ཞུ་དང་ནོར་དོན་རྩིས་བཤེར་སྙན་ཞུ་འཐེན་བཤེར་བྱེད་པའི་བྱེད་ཐབས་ལ་བརྟེན་ནས། པུར་འཇུག་ཞབས་ཕྱིའི་ལས་ཁུངས་ལ་ལྟ་སྐུལ་དང་ཞིབ་བཤེར་བྱ་དགོས།

དོན་ཚན་ང་གསུམ་པ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་དམངས་སྲིད་སྡེ་ཁག་གིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་པུར་འཇུག་ཞབས་ཕྱིའི་བྱེད་པོ་དང་འབྲེལ་ཡོད་ལས་སྒྲུབ་མི་སྣའི་ཡིད་རྟོན་ཐོ་འགོད་ལམ་ལུགས་བཙུགས་ཏེ། འབྲེལ་ཡོད་ཆ་འཕྲིན་རྒྱལ་ཡོངས་ཀྱི་ཡིད་རྟོན་ཆ་འཕྲིན་མཉམ་སྤྱོད་ལས་སྟེགས་སུ་བཅུག་ནས། ཡིད་རྟོན་ཤོར་ན་ཁྲིམས་ལྟར་ཆད་གཅོད་བསླབ་འདོམས་བྱ་དགོས།

དོན་ཚན་ང་བཞི་བ། པུར་འཇུག་ལས་རིགས་རྩ་འཛུགས་ཀྱིས་ལས་རིགས་ཀྱི་རང་གཅུན་ལ་ཤུགས་བསྣན་ནས། པུར་འཇུག་ཞབས་ཕྱིའི་ལས་ཁུངས་ཀྱིས་བཅའ་ཁྲིམས་བརྩི་སྲུང་དང་ཡིད་རྟོན། བདེ་འཇགས་གཉེར་སྐྱོང་བཅས་བྱེད་པར་ཁྲིད་སྟོན་བྱ་དགོས། པུར་འཇུག་ལས་རིགས་ཀྱི་ལས་སྒྲུབ་མི་སྣས་ལས་རིགས་ཀྱི་ཀུན་སྤྱོད་བརྩི་སྲུང་བྱེད་པ་དང་། ཡ་རབས་ཚུལ་ལྡན་གྱི་ཞབས་ཕྱི་ཚད་ལྡན་དུ་གཏང་དགོས།

དོན་ཚན་ང་ལྔ་བ། རྒྱལ་ཁབ་ཀྱིས་སྤྱི་དམངས་དང་ཁྲིམས་མི། རྩ་འཛུགས་གཞན་དག་བཅས་ཀྱིས་པུར་འཇུག་གི་བྱ་བར་སྤྱི་ཚོགས་སྟེང་ནས་ལྟ་སྐུལ་བྱེད་པར་སྐུལ་མ་བྱ་དགོས།

ལེའུ་བདུན་པ། བཅའ་ཁྲིམས་འགན་ཁུར།

དོན་ཚན་ང་དྲུག་པ། པུར་འཇུག་ཞབས་ཕྱིའི་ལས་ཁུངས་ལ་གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ཚེ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་དམངས་སྲིད་སྡེ་ཁག་གིས་དུས་བཀག་ནང་ཡོ་བསྲང་བྱ་རྒྱུའི་བཀའ་འབེབས་པ་དང་ཐ་ཚིག་བསྒྲགས་ཏེ། ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏང་དགོས། ཁྲིམས་འགལ་གྱི་ཐོབ་ཆ་མེད་པའམ་ཁྲིམས་འགལ་གྱི་ཐོབ་ཆ་སྒོར་ཁྲི10ལོངས་མེད་ཚེ། ཉེས་ཚབས་ཆེ་ཆུང་དང་གནོད་འཚེ་ཕོག་ཚད་སོགས་ལ་གཞིགས་ནས་སྒོར་ཁྲི5ཡན་ནས་སྒོར་ཁྲི20མན་གྱི་དངུལ་ཆད་གཅད་དགོས། ཁྲིམས་འགལ་གྱི་ཐོབ་ཆ་སྒོར་ཁྲི10ཡན་ལོངས་ཚེ། ཁྲིམས་འགལ་ཐོབ་ཆའི་ལྡབ2ཡན་ནས་ལྡབ5མན་གྱི་དངུལ་ཆད་གཅད་དགོས། འགན་འཁུར་བའི་མགོ་ཁྲིད་མི་སྣ་དང་ཐད་ཀའི་འགན་ཁུར་ཡོད་པའི་མི་སྣ་ལ་བཅའ་ཁྲིམས་ལྟར་ཆད་པ་གཅད་དགོས་ཏེ།

(གཅིག)སྲོལ་ཡིག་འདིའི་གཏན་འབེབས་དང་འགལ་ཏེ་བེམ་པོ་སྐྱེལ་ལེན་དང་ཉར་འཇོག ཞུགས་འབུལ་བཅས་བྱས་པའམ། ཡང་ན་གཏན་འབེབས་ལྟར་འབྲེལ་ཡོད་བརྙན་ཟློས་གཟུགས་རིས་ཀྱི་ཆ་འཕྲིན་ཉར་ཚགས་མ་བྱས་པ།

(གཉིས)སྲོལ་ཡིག་འདིའི་གཏན་འབེབས་དང་འགལ་ཏེ་ཞུགས་འབུལ་དཔང་ཡིག་བཏོན་པའམ་ཡང་ན་ཞུགས་འབུལ་དཔང་ཡིག་རྫུན་བཀོད་དང་རྫུན་བཟོ། ལོག་འཚོང་བཅས་བྱས་པ།

(གསུམ) སྲོལ་ཡིག་འདིའི་གཏན་འབེབས་དང་འགལ་ཏེ་རུས་ཐལ་དྲ་མིག་གནས་དང་དུར་གནས་འདོན་སྤྲོད་བྱས་པ་དང་། སྤྱི་སྒྲིག་སྲོལ་བཟང་དང་འགལ་བའི་མཚོན་རྟགས་དངོས་པོ་བཙུགས་པ།

(བཞི) སྲོལ་ཡིག་འདིའི་གཏན་འབེབས་ལྟར་ལོ་འཁོར་བྱ་བའི་སྙན་ཞུ་དང་ནོར་དོན་རྩིས་བཤེར་སྙན་ཞུ་མ་སྤྲད་པའམ་ཡང་ན་ལྟ་སྐུལ་ཞིབ་བཤེར་དང་ལེན་མ་བྱས་པ།

(ལྔ) བཅའ་ཁྲིམས་ཁྲིམས་སྲོལ་ནང་གཏན་ལ་ཕབ་པའི་གནས་ཚུལ་གཞན་དག 

དོན་ཚན་ང་བདུན་པ། རུས་ཐལ་ཁང་དུ་སྒེར་གྱི་མཚུན་ཁང་བཙུགས་པ་དང་། སྤྱི་པའི་བང་སོའི་ནང་གཏན་འབེབས་ཀྱི་ཚད་གཞི་ལས་བརྒལ་བའི་དུར་གནས་འདོན་སྤྲོད་བྱས་པ་དང་། ཐབས་ཚུལ་བསྒྱུར་ཏེ་དུར་གནས་ཀྱི་རྒྱ་ཁྱོན་ཆེ་རུ་བཏང་བའམ། ཡང་ན་གནས་གོང་མཐོ་བའི་རྒྱུ་ཆ་བེད་སྤྱོད་བཏང་བ་བཅས་བྱས་ཚེ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་དམངས་སྲིད་སྡེ་ཁག་གིས་དུས་བཀག་ནང་ཡོ་བསྲང་བྱ་རྒྱུའི་བཀའ་འབེབས་པ་དང་ཐ་ཚིག་བསྒྲགས་ཏེ། ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏང་དགོས། ཁྲིམས་འགལ་གྱི་ཐོབ་ཆ་མེད་པའམ་ཡང་ན་ཁྲིམས་འགལ་གྱི་ཐོབ་ཆ་སྒོར་ཁྲི50ལོངས་མེད་ཚེ། ཉེས་ཚབས་ཆེ་ཆུང་དང་གནོད་འཚེ་ཕོག་ཚད་སོགས་ལ་གཞིགས་ནས་སྒོར་ཁྲི10ཡན་ནས་སྒོར་ཁྲི100མན་གྱི་དངུལ་ཆད་གཅད་དགོས། ཁྲིམས་འགལ་གྱི་ཐོབ་ཆ་སྒོར་ཁྲི50ཡན་ལོངས་ཚེ། ཁྲིམས་འགལ་ཐོབ་ཆའི་ལྡབ2ཡན་ནས་ལྡབ5མན་གྱི་དངུལ་ཆད་གཅད་དགོས། འགན་འཁུར་བའི་མགོ་ཁྲིད་མི་སྣ་དང་ཐད་ཀའི་འགན་ཁུར་ཡོད་པའི་མི་སྣ་ལ་ཁྲིམས་ལྟར་ཆད་པ་གཅད་དགོས།

དོན་ཚན་ང་བརྒྱད་པ། གཏན་འབེབས་དང་འགལ་ཏེ་རང་དགར་པུར་འཇུག་སྒྲིག་བཀོད་འཛུགས་སྐྲུན་བྱས་པའམ་ཡང་ན་རང་དགར་པུར་འཇུག་སྒྲིག་བཀོད་ཀྱི་རྒྱ་ཁྱོན་དང་སྤྱོད་སྒོ་བསྒྱུར་ན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་འགོད་དང་ས་ཞིང་དོ་དམ་སོགས་འབྲེལ་ཡོད་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ལྟར་ཆད་པ་གཅད་དགོས།

དོན་ཚན་ང་དགུ་བ། ཞིང་སྡེའི་སྤྱི་ཕན་རང་བཞིན་གྱི་དུར་ས་རུ་ཁེ་གཉེར་དམིགས་ཡུལ་དུ་བཟུང་སྟེ་དུར་ཁུང་ལ་སྤྱོད་པའི་ས་ཞིང་ངམ་དུར་གནས་འདོན་སྤྲོད་བྱས་ཚེ། རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་དམངས་སྲིད་སྡེ་ཁག་གིས་ཡོ་བསྲང་བྱ་རྒྱུའི་བཀའ་དབབ་དགོས། ཁྲིམས་འགལ་གྱི་ཐོབ་ཆ་ཡོད་ན། ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏང་དགོས་པ་མ་ཟད། ཁྲིམས་འགལ་གྱི་ཐོབ་ཆའི་ལྡབ1ཡན་ནས་ལྡབ5མན་གྱི་དངུལ་ཆད་ཆབས་སྦྲགས་སུ་གཅད་དགོས། འགན་འཁུར་བའི་མགོ་ཁྲིད་མི་སྣ་དང་ཐད་ཀའི་འགན་ཁུར་ཡོད་པའི་མི་སྣ་ལ་བཅའ་ཁྲིམས་ལྟར་ཆད་པ་གཅད་དགོས།

དོན་ཚན་དྲུག་ཅུ་བ། ཞུགས་འབུལ་བྱ་དགོས་པའི་བེམ་པོ་ས་སྦས་དུར་འཇུག་བྱས་པའམ། ཡང་ན་སྤྱི་པའི་བང་སོ་དང་ཞིང་སྡེའི་སྤྱི་ཕན་རང་བཞིན་གྱི་དུར་ས། དེ་བཞིན་ཁྲིམས་ལྟར་སྐྱེ་ཁམས་དུར་འཇུག་ལག་བསྟར་བྱེད་པའི་ས་ཁོངས་བཅས་ཕུད་པའི་ས་གནས་སུ་བེམ་པོ་དུར་སྦས་དང་བང་སོ་སྐྲུན་པའི་རིགས་ལ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་དམངས་སྲིད་སྡེ་ཁག་གིས་དུས་བཀག་ནང་ཡོ་བསྲང་བྱ་རྒྱུའི་བཀའ་དབབ་དགོས།

དོན་ཚན་རེ་གཅིག་པ། རུས་རྒྱུད་ཀྱི་དུར་ས་འཛུགས་པའམ་བསྐྱར་གསོ་བྱེད་པའི་རིགས་ལ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་དམངས་སྲིད་སྡེ་ཁག་གིས་དུས་བཀག་ནང་ཡོ་བསྲང་བྱ་རྒྱུའི་བཀའ་འབེབས་པ་མ་ཟད། ཉེས་ཚབས་ཆེ་ཆུང་དང་གནོད་འཚེ་ཕོག་ཚད་སོགས་ཀྱི་གནས་ཚུལ་ལ་གཞིགས་ནས་སྒོར་ཁྲི1ཡན་ནས་སྒོར་ཁྲི5མན་གྱི་དངུལ་ཆད་གཅད་དགོས།

དོན་ཚན་རེ་གཉིས་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ཏེ་བཀག་སྡོམ་ས་ཁོངས་སུ་བང་སོ་སྐྲུན་པའི་རིགས་ལ། ས་ཞིང་དོ་དམ་དང་ནགས་ཚལ་སོགས་འབྲེལ་ཡོད་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གཞིར་བཟུང་སྟེ་ཆད་པ་གཅད་དགོས།

དོན་ཚན་རེ་གསུམ་པ། གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ཚེ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་དམངས་སྲིད་སྡེ་ཁག་གིས་ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཁག་དང་མཉམ་དུ་ཡོ་བསྲང་བྱ་རྒྱུའི་བཀའ་འབེབས་པ་དང་། ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏང་དགོས། ཁྲིམས་འགལ་གྱི་ཐོབ་ཆ་མེད་པའམ་ཡང་ན་ཁྲིམས་འགལ་གྱི་ཐོབ་ཆ་སྒོར་ཁྲི10ལོངས་མེད་ཚེ། སྒོར་ཁྲི3ཡན་ནས་སྒོར་ཁྲི20མན་གྱི་དངུལ་ཆད་གཅད་དགོས། ཁྲིམས་འགལ་གྱི་ཐོབ་ཆ་སྒོར་ཁྲི10ཡན་ལོངས་ཚེ། ཁྲིམས་འགལ་ཐོབ་ཆའི་ལྡབ2ཡན་ནས་ལྡབ5མན་གྱི་དངུལ་ཆད་གཅད་དགོས་ཏེ།

(གཅིག)བཙན་ཤེད་རང་བཞིན་གྱི་ཚད་གཞི་དང་མི་མཐུན་པའི་པུར་འཇུག་སྒྲིག་ཆས་བཟོ་བ་དང་ཕྱིར་འཚོང་། བེད་སྤྱོད་བཅས་བྱས་པ།

(གཉིས) བཅའ་ཁྲིམས་ཁྲིམས་སྲོལ་དང་འགལ་བའམ་ཡང་ན་སྤྱི་སྒྲིག་སྲོལ་བཟང་དང་འགལ་བའི་འདད་གཏོང་མཁོ་ཆས་བཟོ་བ་དང་ཕྱིར་འཚོང་བྱས་པ།

(གསུམ) ཞུགས་འབུལ་དུར་འཇུག་ལག་བསྟར་བྱེད་པའི་ས་ཁུལ་དུ་པུར་སྒམ་སོགས་ས་སྦས་དུར་འཇུག་གི་མཁོ་ཆས་བཙོང་བ།

འདད་གཏོང་མཁོ་ཆས་ལ་མི་དམངས་ཤོག་སྒོར་གྱི་དཔེ་རིས་འདྲ་བཟོའམ་བེད་སྤྱོད་བྱས་ཚེ། མི་དམངས་ཤོག་སྒོར་དོ་དམ་སྐོར་གྱི་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ལྟར་ཆད་པ་གཅད་དགོས།

དོན་ཚན་རེ་བཞི་བ། པུར་ཁང་ཕྱི་རོལ་དུ་འགན་གཙང་སྤྲོད་བྱས་པའམ་པུར་ཁང་དུ་པུར་གཉེར་ཞབས་ཕྱི་སྤེལ་བའི་རིགས་ལ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་འཕྲོད་བསྟེན་བདེ་ཐང་དང་ཀྲུང་ལུགས་སྨན་དཔྱད། རིམས་ནད་འགོག་སྡོམ་བཅས་སྡེ་ཁག་གིས་ལས་ཁུར་ལྟར་ཡོ་བསྲང་བྱ་རྒྱུའི་བཀའ་ཕབ་ཅིང་ཐ་ཚིག་བསྒྲགས་ཏེ། ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏང་དགོས། ཁྲིམས་འགལ་གྱི་ཐོབ་ཆ་མེད་པའམ་ཡང་ན་ཁྲིམས་འགལ་གྱི་ཐོབ་ཆ་སྒོར་ཁྲི10ལོངས་མེད་ཚེ། སྒོར་ཁྲི3ཡན་ནས་སྒོར་ཁྲི20མན་གྱི་དངུལ་ཆད་གཅད་དགོས། ཁྲིམས་འགལ་གྱི་ཐོབ་ཆ་སྒོར་ཁྲི10ཡན་ལོངས་ཚེ། ཁྲིམས་འགལ་གྱི་ཐོབ་ཆའི་ལྡབ2ཡན་ནས་ལྡབ5མན་གྱི་དངུལ་ཆད་གཅད་དགོས། འགན་འཁུར་བའི་མགོ་ཁྲིད་མི་སྣ་དང་ཐད་ཀའི་འགན་ཁུར་ཡོད་པའི་མི་སྣ་ལ་བཅའ་ཁྲིམས་ལྟར་ཆད་པ་གཅད་དགོས།

དོན་ཚན་རེ་ལྔ་བ། རྩ་འཛུགས་གཞན་དག་གམ་མི་སྒེར་གྱིས་རང་དགར་གྱིས་བེམ་པོ་སྐྱེལ་ལེན་དང་ཉར་འཇོག རུལ་འགོག བྱད་བཅོས། ཞུགས་འབུལ་བཅས་བྱས་ཚེ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་དམངས་སྲིད་སྡེ་ཁག་གིས་ཡོ་བསྲང་བྱ་རྒྱུའི་བཀའ་ཕབ་ཅིང་ཐ་ཚིག་བསྒྲགས་ཏེ། ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏང་དགོས། ཁྲིམས་འགལ་གྱི་ཐོབ་ཆ་མེད་པའམ་ཡང་ན་ཁྲིམས་འགལ་གྱི་ཐོབ་ཆ་སྒོར་ཁྲི10ལོངས་མེད་ཚེ། སྒོར་ཁྲི5ཡན་ནས་སྒོར་ཁྲི20མན་གྱི་དངུལ་ཆད་གཅད་དགོས། ཁྲིམས་འགལ་གྱི་ཐོབ་ཆ་སྒོར་ཁྲི10ཡན་ལོངས་ཚེ། ཁྲིམས་འགལ་གྱི་ཐོབ་ཆའི་ལྡབ2ཡན་ནས་ལྡབ5མན་གྱི་དངུལ་ཆད་གཅད་དགོས།

དོན་ཚན་རེ་དྲུག་པ། སྡོད་དམངས་ཀྱི་སྡོད་ཁང་དེ་ཆེད་དུ་རུས་ཐལ་འཇོག་ཡུལ་དུ་སྤྱད་དེ་ཤུགས་རྐྱེན་ངན་པ་བཟོས་པའམ། སྲོལ་ཡིག་འདིའི་གཏན་འབེབས་དང་འགལ་ཏེ་འདད་གཏོང་བྱེད་སྒོ་སྒྲུབ་པའི་རིགས་ལ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་དམངས་སྲིད་སྡེ་ཁག་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ལས་ཁུར་ལྟར་ཡོ་བསྲང་བྱ་རྒྱུའི་བཀའ་འབེབས་པ་དང་སློབ་གསོ་གཏང་དགོས། 

དོན་ཚན་རེ་བདུན་པ། པུར་འཇུག་གི་འབྲེལ་ཡོད་ཞབས་ཕྱིའི་བྱེད་སྒོ་སྤེལ་བའི་རྩ་འཛུགས་དང་མི་སྒེར་གྱིས་འདས་པོའི་ཁྱིམ་མིའི་ཁེ་དབང་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་སྤེལ་ཚེ། དམངས་དོན་འགན་ཁུར་ཁྲིམས་ལྟར་འཁུར་དགོས། བཅའ་ཁྲིམས་ཁྲིམས་སྲོལ་གཞན་དག་དང་འགལ་ཚེ་འབྲེལ་ཡོད་གཏན་འབེབས་ལྟར་ཐག་གཅད་དགོས།

དོན་ཚན་རེ་བརྒྱད་པ། སྲོལ་ཡིག་འདིའི་དོན་ཚན་ཞེ་གཉིས་པ་དང་ཞེ་གསུམ་པའི་ནང་ཚན་དང་པོའི་ནང་གཏན་ལ་ཕབ་པའི་རིན་གོང་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་ཡོད་ཚེ། རིན་གོང་དོ་དམ་གྱི་འབྲེལ་ཡོད་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ། སྒྲིག་སྲོལ་བཅས་གཞིར་བཟུང་སྟེ་ཆད་པ་གཅད་དགོས། འབྲེལ་ཡོད་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ། སྒྲིག་སྲོལ་བཅས་སུ་གཏན་འབེབས་བྱས་མེད་ཚེ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཡོ་བསྲང་བྱ་རྒྱུའི་བཀའ་འབེབས་པ་དང་། ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏང་དགོས་པ་མ་ཟད། ཁྲིམས་འགལ་གྱི་ཐོབ་ཆའི་ལྡབ5མན་གྱི་དངུལ་ཆད་ཆབས་སྦྲགས་སུ་གཅད་དགོས། ཁྲིམས་འགལ་གྱི་ཐོབ་ཆ་མེད་ན་སྒོར་ཁྲི5ཡན་ནས་སྒོར་ཁྲི50མན་གྱི་དངུལ་ཆད་གཅད་དགོས། ཉེས་ཚབས་ཅུང་ཆེ་བའི་རིགས་ལ་སྒོར་ཁྲི50ཡན་ནས་སྒོར་ཁྲི100མན་གྱི་དངུལ་ཆད་གཅད་དགོས། ཉེས་ཚབས་ཆེ་བའི་རིགས་ལ་ལས་གཉེར་བྱེད་མཚམས་བཞག་ནས་དག་ཐེར་བྱ་རྒྱུའི་བཀའ་འབེབས་པའམ་ལས་གཉེར་ལག་ཁྱེར་ཕྱིར་བསྡུ་དགོས།

སྲོལ་ཡིག་འདིའི་དོན་ཚན་ཞེ་གསུམ་པའི་ནང་ཚན་གཉིས་པའི་ནང་གཏན་ལ་ཕབ་པའི་ཁྲིམས་འགལ་གྱི་བྱ་སྤྱོད་ཡོད་ཚེ། སྒེར་སྡེམ་ལ་ངོ་རྒོལ་བྱེད་པའི་འབྲེལ་ཡོད་བཅའ་ཁྲིམས་གཞིར་བཟུང་སྟེ་ཐག་གཅད་དགོས།

དོན་ཚན་རེ་དགུ་བ། དྲ་ཐོག་གི་དུར་འཕྱག་ཞབས་ཕྱིའི་ལས་སྟེགས་སྲོལ་ཡིག་གི་གཏན་འབེབས་དང་འགལ་ཚེ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་དམངས་སྲིད་དང་སྤྱི་བདེ། དྲ་འཕྲིན། གློག་འཕྲིན་སོགས་སྡེ་ཁག་གིས་ལས་ཁུར་ལྟར་ཡོ་བསྲང་བྱ་རྒྱུའི་བཀའ་འབེབས་པ་དང་ཐ་ཚིག་བསྒྲག་དགོས། ཡོ་བསྲང་བྱེད་ཁ་མི་ཉན་པའམ་ཡང་ན་ཉེས་ཚབས་ཆེ་བའི་རིགས་ལ། སྒོར་ཁྲི10ཡན་ནས་སྒོར་ཁྲི30མན་གྱི་དངུལ་ཆད་གཅད་དགོས་པ་མ་ཟད། ལས་གཉེར་བྱེད་མཚམས་བཞག་ནས་དག་ཐེར་བྱ་རྒྱུའི་བཀའ་འབེབས་ཆོག་པ་མ་ཟད། སྒོ་རྒྱག་ཏུ་འཇུག་ཆོག

དོན་ཚན་བདུན་ཅུ་བ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གི་ལས་བྱེད་མི་སྣ་དང་པུར་འཇུག་ཞབས་ཕྱིའི་ལས་ཁུངས་ཀྱི་ལས་བྱེད་མི་སྣར་པུར་འཇུག་གི་བྱ་བ་སྒྲུབ་སྐབས་གཤམ་གསལ་བྱ་སྤྱོད་ལས་རིགས་གཅིག་ཡོད་ཚེ། ཁྲིམས་ལྟར་ཆད་པ་གཅད་དགོས་ཏེ།

(གཅིག)པུར་འཇུག་སྒྲིག་བཀོད་འཛུགས་སྐྲུན་དང་པུར་འཇུག་སྒྲིག་ཆས་ཉོ་སྒྲུབ། འདད་གཏོང་མཁོ་ཆས་ཉོ་སྒྲུབ། དེ་བཞིན་ཕྱིར་འཚོང་སོགས་ཀྱི་ཐད་མི་གཞན་ལ་ཁེ་ཕན་སྒྲུབ་པ།

(གཉིས)བྱ་བའི་སྟབས་བདེར་བརྟེན་ནས་རྒྱུ་དངོས་སློང་བའམ་ཁྲིམས་འགལ་གྱིས་ལེན་པ།

(གསུམ)སྲོལ་ཡིག་འདིའི་གཏན་འབེབས་དང་མི་མཐུན་པའི་པུར་འཇུག་སྒྲིག་བཀོད་ལ་ཆོག་མཆན་སྤྲད་པ་དང་འཛུགས་སྐྲུན་བྱེད་དུ་འཇུག་པ།

(བཞི) ཁྲིམས་འགལ་གྱི་གནད་དོན་གསང་སྟེ་གོང་དུ་མི་ཞུ་བའམ་ཡང་ན་ཐག་གཅོད་འོས་འཚམ་མ་བྱས་པའི་དབང་གིས་སྐྱེ་ཁམས་ལ་གཏོར་སྐྱོན་གཏོང་བ་དང་། སྤྱི་པའི་རྒྱུ་ནོར་ལ་གྱོང་གུན་བཟོས་པའམ་སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་ཐེབས་པ།

(ལྔ) འགན་དབང་གང་བྱུང་དུ་སྤྱོད་པ་དང་། རང་འཁྲིའི་ལས་འགན་སྣང་མེད་དུ་བཞག་པ། ཉེར་ཕྱོགས་གཡོ་ཟོལ་བཅས་བྱེད་པའི་བྱ་སྤྱོད་གཞན་དག

བྱ་བའི་སྟབས་བདེར་བརྟེན་ནས་བསླངས་པའམ་ཁྲིམས་མིན་གྱིས་བླངས་པའི་རྒྱུ་དངོས་དེ་ཉིད་གཞུང་བཞེས་དང་འདེད་བསྙགས་གཏོང་བའམ་སྐྱིན་ཚབ་སྤྲོད་འཇལ་བྱ་རྒྱུའི་བཀའ་དབབ་དགོས།

དོན་ཚན་དོན་གཅིག་པ། པུར་འཇུག་དོ་དམ་དང་ཞབས་ཕྱིའི་ཁྲོད་བེམ་པོ་དང་། ལུས་ཀྱི་ཕུང་གྲུབ། དབང་བོ་སོགས་ལོག་འཚོང་བྱས་པའི་དོགས་ཡོད་ཉེས་གསོག་བྱ་སྤྱོད་ཡོད་པ་ཤེས་ཚེ། སྤྱི་བདེ་ལས་ཁུངས་ལ་ཁྲིམས་ལྟར་རྩད་གཅོད་བྱ་རྒྱུར་སྐྱེལ་སྤྲོད་བྱ་དགོས།

དོན་ཚན་དོན་གཉིས་པ། སྲོལ་ཡིག་འདིའི་གཏན་འབེབས་དང་འགལ་ཏེ་བདེ་འཇགས་དོ་དམ་དང་འགལ་བའི་བྱ་སྤྱོད་གྲུབ་ཚེ། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་བདེ་འཇགས་དོ་དམ་གྱི་ཆད་པ་གཅད་དགོས། བྱས་ཉེས་སུ་གྲུབ་ན་ཁྲིམས་ལྟར་ཉེས་དོན་འགན་འཁྲི་རྩད་གཅོད་བྱ་དགོས།

ལེའུ་བརྒྱད་པ། ཞར་བྱུང་དོན་ཚན།

དོན་ཚན་དོན་གསུམ་པ། སྲོལ་ཡིག་འདི2026ལོའི་ཟླ3པའི་ཚེས30ཉིན་ནས་བཟུང་སྟེ་ལག་ཏུ་བསྟར་དགོས།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།