སྲིད་གཞུང་གི་ལས་དོན་སྙན་ཞུ།

ཡོང་ཁུངས། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་ཡིག་ཆ།

༄༅། །སྲིད་གཞུང་གི་ལས་དོན་སྙན་ཞུ།

——2026ལོའི་ཟླ་3ཚེས་5ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་ཐོག

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ལི་ཆང་།

འཐུས་མི་རྣམ་པ།

ད་ལྟ་ངས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་སྲིད་གཞུང་གི་ལས་དོན་སྙན་ཞུ་འབུལ་རྒྱུ་ཡིན་པས། གྲོས་ཞིབ་གནང་རོགས་ཞུ་རྒྱུ་མ་ཟད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པས་ཀྱང་དགོངས་འཆར་གནང་རོགས་ཞུ་རྒྱུ་ཡིན།

གཅིག 2025ལོའི་ལས་དོན་ལ་ཕྱིར་དྲན་བྱེད་པ།

2025ལོ་ནི་ཤིན་ཏུ་སྤྱིར་བཏང་མིན་པའི་ལོ་ཞིག་རེད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་རྒྱལ་ཁའི་ངང་འཚོགས་ཏེ། འབྱུང་འགྱུར་ལོ་ལྔའི་རིང་གི་རང་རྒྱལ་འཕེལ་རྒྱས་ཀྱི་བརྗིད་ཆེའི་འཆར་གཞི་བཀོད་ཡོད། ང་ཚོས་ཀྲུང་གོའི་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སིར་རྒོལ་བའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་གཟབ་རྒྱས་ཞུས། ཐའེ་ཝན་ཚུར་བླངས་པའི་དྲན་གསོའི་ཉིན་མོ་བཙུགས་ཏེ་མི་རིགས་ཀྱི་སྙིང་སྟོབས་ཆེས་ཆེར་འཕེལ་བ་དང་། རྒྱལ་གཅེས་ཀྱི་སྤྲོ་སེམས་སྐུལ་སློང་། འབད་འཐབ་ཀྱི་སྟོབས་ཤུགས་ཆིག་སྒྲིལ་བཅས་བྱས་ཡོད། རྒྱལ་ཁབ་ཕྱི་ནང་གི་གནས་བབ་ལ་འགྱུར་ལྡོག་གཏིང་ཟབ་ཅིང་རྙོག་འཛིང་ཆེ་བ་བྱུང་བའི་མདུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་དཀའ་ཁག་གདོང་གིས་བསུས་ཏེ་མདུན་དུ་བསྐྱོད་པ་དང་། འབད་བརྩོན་ཆེར་སྐྱེད་བྱས་ཤིང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་གཅིག་གྱུར་འཆར་འགོད་བྱས་པས་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་དམིགས་འབེན་ལས་འགན་གཙོ་བོ་བདེ་བླག་ངང་ལེགས་གྲུབ་བྱུང་བ་དང་། “ལོ་ལྔ་ཚན་བཅུ་བཞི་པ་”ཡོངས་སུ་རྫོགས་པར་མཇུག་བསྡུས་ཤིང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་གོམ་སྟབས་གསར་པ་བརྟན་པོ་སྤོས་ཡོད།

ལོ་གཅིག་གི་རིང་ལ། རང་རྒྱལ་དཔལ་འབྱོར་གྱིས་གནོན་ཤུགས་ཐེག་ནས་མདུན་དུ་བསྐྱོད་དེ་ལྡེམ་གཤིས་ཆེན་པོ་མངོན་པར་བྱས་ཡོད། དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་དང་བརྟན་ཐོག་ཡར་འཕེལ་བྱུང་བ་དང་། རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་5%འཕར་ཞིང་། བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་140.19ལ་སླེབས་ཡོད། ལས་ཞུགས་སྤྱིའི་ཆ་ནས་བརྟན་པོ་ཡིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི་1267ལས་ཞུགས་གསར་འཕར་བྱུང་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་ལས་ཀ་ཤོར་ཚད་ཆ་སྙོམས་5.2%ཡིན། ཕྱི་ཕྱོགས་ཉོ་ཚོང་འཕར་སྣོན་ཅུང་མགྱོགས་པོ་བྱུང་བ་དང་། ཕྱིར་གཏོང་སྣ་མང་ཅན་གྱི་ཕན་འབྲས་མངོན་གསལ་དོད་ཅིང་། རྒྱལ་སྤྱིའི་གཏོང་ཡོང་གཞི་རྩའི་ཆ་ནས་དོ་མཉམ་བྱུང་ཡོད། དམངས་འཚོ་འགན་སྲུང་བྱེད་ཤུགས་སྔར་བས་ཆེ་རུ་ཕྱིན་པ་དང་། སྡོད་དམངས་ཀྱི་ཡོང་འབབ་འཕར་ཚད་དེ་དཔལ་འབྱོར་འཕར་ཚད་དང་གོམ་སྟབས་གཅིག་མཚུངས་བྱུང་ཡོད། དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་བ་དང་། སློབ་ཞུགས་གོང་གི་ལོ་གཅིག་གི་རིན་མེད་སློབ་གསོའི་སྲིད་ཇུས་ལག་ལེན་བསྟར་ཏེ། བྱིས་པ་ཁྲི་1400ལྷག་ལ་ཕན་ཐོགས་ཡོད། ཕྱོགས་ཡོངས་ནས་ཕྲུ་གུ་གསོ་སྐྱོང་གི་ཁ་གསབ་སྤྲོད་པའི་ལམ་ལུགས་ལག་བསྟར་བྱས་ཏེ། ཕྲུ་གུ་དམར་འབྱར་དང་བྱིས་པ་ཁྲི་3000ལྷག་ལ་ཕན་ཐོགས་ཡོད། འབྲུ་རིགས་ཐོན་འབོར་རྒྱ་མ་དུང་ཕྱུར་ཁྲི་1.43ལ་སླེབས་ཡོད། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་སེལ་བར་དགེ་མཚན་ལྡན་པའི་འཕེལ་སྐྱེད་ཐོབ་པ་དང་། སྤྱི་ཚོགས་ཁྱོན་ཡོངས་བརྟན་བརླིང་མཐའ་འཁྱོངས་བྱས་ཡོད།

ལོ་གཅིག་གི་རིང་ལ། རང་རྒྱལ་གྱི་འཕེལ་རྒྱས་དེ་གསར་ཕྱོགས་བཟང་ཕྱོགས་སུ་འཕེལ་བ་དང་དབྱར་མཚོ་རྒྱས་པ་ལྟ་བུའི་གསོན་ཤུགས་མངོན་ཡོད། སྤུས་གསར་ཐོན་སྐྱེད་ནུས་ཤུགས་བརྟན་པོའི་ངང་འཕེལ་རྒྱས་བྱུང་བ་དང་། ཚན་རྩལ་གསར་གཏོད་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ། མིས་བཟོས་རིག་ནུས་དང་། སྐྱེ་དངོས་སྨན་རྫས། འཕྲུལ་མི། ཚད་རྡུལ་ཚན་རྩལ་སོགས་ཞིབ་འཇུག་གསར་སྤེལ་དང་བཀོལ་སྤྱོད་དེ་འཛམ་གླིང་གི་མདུན་གྲལ་དུ་སླེབས་པ་དང་། ཉིང་ལྷེབ་རང་བརྟེན་གྱིས་ཞིབ་འཇུག་གསར་སྤེལ་ཐད་འགག་སྒྲོལ་གསར་པ་བྱུང་ཡོད། གནམ་འདྲི་ཨང་གཉིས་པས་“སྐར་མའི་རྗེས་སྙེག་”པའི་འགྲུལ་བཞུད་འགོ་བརྩམས། བྱང་སྐར་གཞི་ཁྱོན་ལྡན་པའི་བཀོལ་སྤྱོད་ཕྱོགས་ཡོངས་ནས་རྒྱ་བསྐྱེད། ཡར་ཀླུང་གཙང་པོའི་སྨད་རྒྱུད་ཀྱི་ཆུ་གློག་ལས་གྲྭ་འཛུགས་སྐྲུན་བྱེད་འགོ་ཚུགས་པ་དང་། རང་རྒྱལ་གྱིས་ཐོན་སྐྱེད་བྱས་པའི་གློག་ཁབ་ལེན་གྱི་ལྡེམ་འཕེན་ཅན་གྱི་འབབ་ཐང་མ་གྲུ་ཐོག་མ་ཧྥུའུ་ཅན་རྟགས་ཅན་དངོས་སུ་དམག་གྲལ་དུ་ཞུགས། རང་རྒྱལ་གྱིས་ཐོན་སྐྱེད་བྱས་པའི་དཔེ་དབྱིབས་ཆེན་པོས་གོ་ལ་ཧྲིལ་པོའི་ཁུངས་འབྱེད་སྐྱེ་ཁམས་ལ་སྣེ་ཁྲིད་བྱས་ཡོད། ཐོན་ལས་གྲུབ་ཚུལ་རྒྱུན་མཐུད་ངང་ལེགས་སྒྱུར་བྱས་པ་དང་། ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་དང་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་སོ་སོར་9.4%དང་། 9.2%འཕར་སྣོན་བྱུང་། བཟོ་ལས་འཕྲུལ་མི་དང་འདུས་གྲུབ་གློག་ལམ་གྱི་ཐོན་འབོར་སོ་སོར་28%དང་། 10.9%འཕར་སྣོན་བྱུང་། ནུས་ཁུངས་གསར་པའི་རླངས་འཁོར་གྱི་ལོ་རེའི་ཐོན་འབོར་ཁྲི་1600ལས་བརྒལ་བ་དང་། གློག་སྒུལ་རླངས་འཁོར་གྱི་གློག་གསོག་སྒྲིག་བཀོད་ཁྲི་2000ལས་བརྒལ་ཡོད། རྩིས་གཞི་རེའི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ནུས་ཁུངས་ཟད་གྲོན་5.1%ཆག་པ་དང་། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ལེགས་བཅོས་བྱུང་ཡོད།

འདས་པའི་ལོ་གཅིག་གི་རིང་ལ་ཐོབ་པའི་གྲུབ་འབྲས་ནི་ལས་སླ་པོར་བྱུང་བ་ཞིག་མིན། ང་ཚོའི་མདུན་དུ་ལྷགས་པ་ནི་ལོ་ངོ་མང་པོའི་རིང་མཐོང་དཀོན་པའི་ཕྱིའི་རྡབ་རྡེག་གི་འགྲན་སློང་དང་རྒྱལ་ནང་གི་དཀའ་གཉིས་དཀའ་མང་གི་གནད་དོན་ལྷན་འདྲེས་སྣོལ་བརྩེགས་བྱུང་བའི་རྙོག་འཛིང་དང་ཛ་དྲག་ཆེ་བའི་གནས་བབ་རེད། རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་གི་ཁོར་ཡུག་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་བ་དང་། ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་གློ་བུར་དུ་རིམ་འཕར་བྱུང་། ཚོང་རའི་སྔོན་དཔག་ལ་གཡོ་འགུལ་ཡང་ཡང་ཐེབས་པ་དང་། ཕྱི་ཕྱོགས་ཉོ་ཚོང་ལ་མངོན་གསལ་གྱིས་གནོན་ཤུགས་ཐེབས། རྒྱལ་ནང་གི་དཔལ་འབྱོར་རིགས་སྒྱུར་གཏིང་ཟབ་བྱུང་བ་དང་། གཏིང་རིམ་ཟབ་མོའི་གྲུབ་ཚུལ་རང་བཞིན་གྱི་འགལ་བའི་གནད་དོན་རྒྱུན་མཐུད་ངང་མངོན་པ་དང་། འཛད་སྤྱོད་དང་དངུལ་འཇོག་འཕར་སྣོན་གྱི་སྒུལ་ཤུགས་མི་འདང་བ་བྱུང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ང་ཚོའི་སྣེ་ཁྲིད་དེ་བབ་བརླིང་ངང་ཁ་གཏད་འཇལ་བ་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ཏེ། ཕྱི་ཕྱོགས་སུ་ལུགས་ལྡན་ཤུགས་ལྡན་ཕན་ལྡན་བཅས་ཀྱི་སྒོ་ནས་དཔལ་འབྱོར་ཉོ་ཚོང་གི་འཐབ་རྩོད་བྱས་ཏེ། རང་རྒྱལ་གྱི་ཁེ་ཕན་བློ་བརྟན་འགྱུར་མེད་ཀྱིས་སྲུང་སྐྱོང་བྱས་ཡོད། ཀྲུང་ཨའི་དཔལ་འབྱོར་ཉོ་ཚོང་གྲོས་མོལ་སྐོར་ཐེངས་5ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་པ་དང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཧྥུའུ་ཧྲན་མཇལ་འཛོམས་ལ་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་སྟེ། དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་བརྟན་བརླིང་རང་བཞིན་སྔར་བས་མང་པོ་བསྣན་ཡོད། ནང་ཁུལ་དུ་སྲིད་ཇུས་“ཐབས་མང་མཉམ་སྤྱོད་”ཡག་པོ་བྱས་པ་དང་། སྤྱི་ཁོག་སྲིད་ཇུས་ཀྱི་དུས་འཁོར་ལུགས་ལྡོག་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ཞིང་། ལས་ཞུགས་བརྟན་པོ་དང་། ཁེ་ལས་བརྟན་པོ། ཚོང་ར་བརྟན་པོ། སྔོན་དཔག་བརྟན་པོ་བཅས་ཡོང་བར་ཤུགས་བརྒྱབ་སྟེ། སྟོབས་ཤུགས་གཅིག་བསྡུས་ཀྱིས་རང་ཉིད་ཀྱི་བྱ་བ་ལེགས་པར་བསྒྲུབས། ང་ཚོས་ཆེས་སྡུག་སའི་ཕྱོགས་ནས་གྲ་སྒྲིག་བྱས་ཤིང་། ཆེས་བཟང་བའི་ཕྱོགས་སུ་འབད་བརྩོན་བྱས་པས། སྤྱི་ཁོག་དཔལ་འབྱོར་ཁྱོན་ཆེན་བརྟན་པོ་བྱུང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་འབྲས་གསར་པ་འཐོབ་པར་སྐུལ་འདེད་བཏང་བ་མ་ཟད། སྤྱི་ཚོགས་ཡོངས་ཀྱི་ངར་ཤུགས་དང་ཡིད་ཆེས་ཀྱང་ཤིན་ཏུ་ཆེ་རུ་བསྐྱེད་ཡོད། བརྒྱུད་རིམ་དེའི་ནང་ང་ཚོས་གནས་བབ་གསར་པའི་འོག་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་དགོས་ན། ངེས་པར་དུ་དཔལ་འབྱོར་གཏིང་ཤུགས་སྔོག་འདོན་གང་ལེགས་བྱེད་པ་དང་། ངེས་པར་དུ་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་སྒྱུར་བཅོས་གསར་གཏོད་མཉམ་དུ་གལ་ཆེར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ། ངེས་པར་དུ་“གློད་ནས་འཁྲུག་པོར་གཏོང་དགོས་”ལ་“དོ་དམ་ཡག་པོ་ཡང་བྱེད་དགོས་པ།” ངེས་པར་དུ་མ་དངུལ་དངོས་པོར་འཇོག་པ་དང་མ་དངུལ་མི་ལ་འཇོག་པ་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། ངེས་པར་དུ་ནང་གི་ནུས་པ་འབད་པས་ཆེ་རུ་བཏང་བ་ལ་བརྟེན་ནས་ཕྱི་ཡི་འགྲན་སློང་ལ་ཁ་གཏད་འཇལ་དགོས་པ་བཅས་ཀྱི་ངོས་ཟིན་སྔར་བས་ཟབ་མོ་བྱུང་ཡོད།  ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་བྱ་རྒྱུ་ནི་དཀའ་ངལ་ཡོད་ཚད་ལ་ཁ་གཏད་འཇལ་བ་དང་ལས་དོན་མཐའ་དག་ཡག་པོར་སྒྲུབ་པའི་རྩ་བའི་འགན་ལེན་ཡིན་པ་དང་། ཀྲུང་གོའི་མི་དམངས་ལ་དཀའ་ངལ་དང་ཉེན་ཁ་ཡོད་ཚད་ལས་རྣམ་པར་རྒྱལ་ཐུབ་པའི་ཡིད་ཆེས་ཡོད་ལ། བློ་གྲོས་དང་སྟོབས་ཤུགས་ཀྱང་ཡོད་པ་ལག་ལེན་དངོས་ཀྱི་ཐོག་ནས་སླར་ཡང་ར་སྤྲོད་བྱུང་ཡོད།

ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཤིང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ལྟར། ལོ་གཅིག་གི་རིང་ལ་གཙོ་བོ་གཤམ་གསལ་ལས་དོན་ཁག་བསྒྲུབས་པ་ཡིན་ཏེ།

གཅིག་ནི་སྔར་ལས་དགེ་མཚན་དང་ཕན་ནུས་ལྡན་པའི་སྤྱི་ཁོག་སྲིད་ཇུས་ལག་བསྟར་བྱས་ཏེ་དཔལ་འབྱོར་འཁོར་སྐྱོད་བརྟན་པོ་ཡོང་བར་ཤུགས་བརྒྱབ། ལོ་འགོར་ང་ཚོས་རྙོག་འཛིང་ཆེ་ཞིང་འགྱུར་བ་མང་བའི་རྣམ་པར་ཁ་གཏད་འཇལ་བའི་གྲ་སྒྲིག་གང་ལེགས་བྱས་ཡོད་ཅིང་། དུས་ཚིགས་དང་པོར་དཔལ་འབྱོར་གྱི་འཕེལ་ཕྱོགས་ཤུགས་དང་ལྡན་པ་དང་འགོ་ཡག་པོ་བརྩམས་ཡོད། དུས་ཚིགས་གཉིས་པའི་རྗེས་སུ། དཔལ་འབྱོར་འཁོར་སྐྱོད་ཁྲོད་ཀྱི་གནས་ཚུལ་གསར་པ་དང་ལྷག་པར་དུ་ཨ་རིས་སྒོ་ཁྲལ་འཕར་མ་བསྡུ་བའི་རྡབ་རྡེག་ལ་དམིགས་ནས་བསགས་འབོར་སྲིད་ཇུས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ལས་ཞུགས་བརྟན་པོ་ཡོང་བ་དང་དཔལ་འབྱོར་བརྟན་པོ་ཡོང་བ་སོགས་ཀྱི་བྱེད་ཐབས་གསར་པ་རབ་དང་རིམ་པ་ཤུགས་བརྒྱབ་ནས་བཏོན་པས། དཔལ་འབྱོར་ཆག་པའི་གནོན་ཤུགས་ལ་ཁ་འཐབ་ནུས་ལྡན་བཏང་སྟེ། ལོ་ཧྲིལ་པོའི་དམིགས་འབེན་གཙོ་བོ་མངོན་འགྱུར་ཡོང་བར་འགན་སྲུང་བྱས། སྔར་ལས་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དང་འོས་འཚམ་ལྷུག་གཏོང་གི་དངུལ་ལོར་སྲིད་ཇུས་ལག་བསྟར་བྱས་ཏེ། ནོར་སྲིད་ཀྱི་གཏོང་སྒོའི་གཞི་ཁྱོན་ཆེ་རུ་བཏང་བ་དང་། གཙོ་གནད་ཁྱབ་ཁོངས་ལ་ནོར་ཤུགས་ཀྱིས་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་། སྲིད་ཇུས་ཀྱི་སྐྱེད་ཚད་དང་བཅོལ་དངུལ་གྲ་སྒྲིག་དངུལ་ཚད་དམའ་རུ་བཏང་། སྤྱི་ཚོགས་ཀྱི་ཕྱོགས་བསྡུས་དངུལ་སྡུད་མ་གནས་རྒྱུན་མཐུད་ངང་ཇེ་དམའ་རུ་བཏང་། འཛད་རྫས་རྙིང་ཚབ་གསར་བརྗེ་བྱེད་པར་ཤུགས་སྣོན་ཁྱོན་སྐྱེད་བྱས་ཏེ། སྒོར་དུང་ཕྱུར་ཁྲི་2.6ལས་བརྒལ་བའི་ཚོང་ཟོག་ཕྱིར་ཚོང་བྱེད་པར་སྐུལ་ཁྲིད་བྱས་པ་དང་། རིག་གནས་ཡུལ་སྐོར་ལུས་རྩལ་སོགས་ཞབས་ཞུའི་འཛད་སྤྱོད་ཀྱི་གཏིང་ཤུགས་མགྱོགས་མྱུར་ངང་གློད་གྲོལ་བཏང་ཞིང་། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་50ལས་བརྒལ། ནུས་ལྡན་དངུལ་འཇོག་རྒྱ་སྐྱེད་ཧུར་ཐག་གིས་གཏོང་བར་དམིགས་ནས། “གནད་གཉིས་”ལས་གཞི་འཛུགས་སྐྲུན་ལ་ཤུགས་བརྒྱབ་པ་དང་། སྒྲིག་ཆས་གསར་སྒྱུར་གྱི་མ་དངུལ་གཏོང་སྤྲོད་དང་བེད་སྤྱོད་མགྱོགས་སུ་བཏང་སྟེ། སྒྲིག་ཆས་ཉོ་སྒྲུབ་ཐད་མ་དངུལ་འཇོག་ཚད་11.8%འཕར་ཞིང་། སྲིད་ཇུས་རང་བཞིན་གྱི་དངུལ་རྩའི་ཡོ་བྱད་དཔེ་གསར་བཙུགས་ནས་གཙོ་གནད་ལས་གཞིའི་མ་རྩའི་དངུལ་ཁ་གསབ་བྱས། རྒྱུན་མཐུད་ངང་ཤུགས་བརྒྱབ་སྟེ་ཁང་ཚོང་བརྟན་པོ་ཡོང་བར་བྱས་པ་དང་། ས་ཁང་ཐོན་ལས་ལ་སྤྱོད་པའི་ས་ཆ་གསར་འཕར་མཁོ་འདོན་ཚོད་འཛིན་ལུགས་མཐུན་བྱས། གྲོང་ཁྱེར་དང་བསྟུན་ནས་སྲིད་ཇུས་ལག་བསྟར་བྱས་ཏེ་ཚོད་འཛིན་རང་བཞིན་གྱི་བྱེད་ཐབས་ཉུང་འཕྲི་བྱས་པ་དང་། མི་སྒེར་གྱི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་སྐྱེད་ཚད་དམའ་རུ་བཏང་ཞིང་། “སྤྲོད་ངེས་ཁང་པའི་”ལས་འགན་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་ཡོད། ཕྱོགས་བསྡུས་སྲིད་ཇུས་སྤྱད་དེ་རྐང་དངུལ་འཛིན་ལོར་གྱི་ཚོང་ར་བརྟན་པོར་བཏང་བ་དང་། མ་རྩའི་ཚོང་ར་བསྐྱར་བརྟན་བསྐྱར་བཟང་དང་ཉོ་ཚོང་འཁྲུག་པོ་བྱུང་ཡོད། བུན་སེལ་ཇུས་གཞི་སྡེབ་གཅིག་ལག་བསྟར་གཏིང་ཟབ་བྱས་ཏེ། ས་གནས་སྲིད་གཞུང་གི་བསགས་འབོར་མངོན་མེད་བུ་ལོན་གོ་རིམ་ལྡན་པའི་ངང་བརྗེ་ལེན་བྱས་པ་དང་། དངུལ་སྡུད་ལས་སྟེགས་ཀྱི་གྲངས་འབོར་རྒྱུན་མཐུད་ངང་ཉུང་འཕྲི་བྱས་ཤིང་། ས་གནས་ཀྱི་བུ་ལོན་གྲུབ་ཚུལ་རྒྱུན་ཆད་མེད་པར་ལེགས་སྒྱུར་བྱུང་ཡོད། ས་གནས་ཀྱི་དངུལ་རྩའི་སྒྲིག་གཞི་འབྲིང་ཆུང་གི་ཉེན་ཁ་ཐག་གཅོད་དང་རིགས་སྒྱུར་གོང་སྤེལ་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་བ་དང་། ཉེན་ཁ་ཆེ་བའི་སྒྲིག་གཞིའི་གྲངས་འབོར་ཆེས་ཆེར་ཆག་པ་དང་ཉེན་ཁ་སེལ་བའི་ཕན་འབྲས་མངོན་གསལ་དོད་པོ་བྱུང་ཡོད།

གཉིས་ནི་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱས། ཚན་རྩལ་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་བཀོད་སྒྲིག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་། ས་ཁོངས་ཀྱི་ཚན་རྩལ་གསར་གཏོད་མ་ལག་འཐུས་ཚང་དུ་བཏང་བ་དང་། རྨང་གཞིའི་མདུན་གྲལ་ཁྱབ་ཁོངས་ཀྱི་མ་ལག་ཅན་གྱི་བཀོད་པ་དང་འགག་རྩའི་སྲོག་ཤིང་ལག་རྩལ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་བཏང་། སྤྱི་ཚོགས་ཡོངས་ཀྱི་ཞིབ་འཇུག་གསར་སྤེལ་གྲོན་དངུལ་གཏོང་ཚད་2.8%ལ་སླེབས་པ་དང་། ལག་རྩལ་གན་རྒྱའི་ཚོང་འགྲིག་ཚད་10.8%འཕར་ཡོད། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་བྱུང་ཚད་ཇེ་མགྱོགས་སུ་བཏང་བ་དང་། སྲོལ་རྒྱུན་ཐོན་ལས་རིགས་སྒྱུར་རིམ་སྤར་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་། གསར་དར་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་བ་དང་། དེང་རབས་ཞབས་ཞུའི་ལས་རིགས་མྱུར་དུ་འཕེལ་རྒྱས་འགྲོ་བའི་འཕེལ་ཕྱོགས་མཐའ་འཁྱོངས་བྱས་ཡོད། གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་རྒྱལ་ཁབ་ཀྱི་ཚད་གཞི་ཁག་583གཏན་འབེབས་དང་བཟོ་བཅོས་བྱས་ཡོད། བཟོ་སྐྲུན་ལས་རིགས་གྲངས་ཀ་ཅན་དུ་རིགས་སྒྱུར་དང་“མིས་བཟོས་རིག་ནུས་+”བྱ་སྤྱོད་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་ཡོད། ལས་རིགས་སུ་བཀོལ་སྤྱོད་མགྱོགས་མྱུར་ངང་དོན་འཁྱོལ་བྱུང་བ་དང་རིག་ནུས་མཐའ་སྣེ་དཔེ་གསར་རྒྱུན་ཆད་མེད་པར་ཐོན་ཡོད། གཞི་གྲངས་བདག་རྐྱེན་གྱི་གཏིང་ཤུགས་གང་མགྱོགས་ཀྱིས་གློད་གྲོལ་བཏང་བ་དང་། གྲངས་ཀའི་དཔལ་འབྱོར་གྱི་སྲོག་ཤིང་ཐོན་ལས་ཀྱི་འཕར་ཐང་གིས་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ཁྲོད་ཟིན་པའི་བསྡུར་ཚད་10.5%ཡན་ལ་འཕར་ཡོད།

གསུམ་ནི་སྒྱུར་བཅོས་སྒོ་འབྱེད་སྔར་ལས་གཏིང་ཟབ་ཏུ་སྤེལ་ནས་རྒྱལ་དམངས་དཔལ་འབྱོར་རེས་འཁོར་ཐོགས་མེད་ཡོང་བར་བྱས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྒྱུར་བཅོས་བཀོད་སྒྲིག་དོན་འཁྱོལ་ཏན་ཏིག་བྱས། རྒྱལ་ཡོངས་གཅིག་གྱུར་གྱི་ཚོང་ར་ཆེན་པོ་འཛུགས་སྐྲུན་བྱེད་པའི་ཁྲིད་སྟོན་ལག་ལེན་བསྟར་བ་དང་། ཚོང་རར་ཞུགས་འཐུས་ཀྱི་བཀག་རྒྱའི་གསལ་ཐོ་པར་གཞི་གསར་པ་བཏོན། འོས་འགུག་འོས་སྤྲོད་དང་ཚོང་འགུག་དངུལ་འདྲེན་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་མ་ལག་ལྡན་པར་བཅོས་སྒྲིག་བྱས། གཙོ་གནད་ལས་རིགས་ཀྱི་ཐོན་ནུས་བཅོས་སྐྱོང་ལ་སྐུལ་འདེད་བཏང་། “ནང་རྩོད་རྣམ་པའི་”འགྲན་རྩོད་ལ་ཕྱོགས་བསྡུས་བཅོས་སྒྲིག་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཞིང་། བདག་རྐྱེན་ཚོང་ར་ཅན་དུ་བགོ་སྒྲིག་བྱེད་པའི་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟ་བྱས། གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཟབ་སྤེལ་མཐོར་འདེགས་བྱ་སྤྱོད་ལ་དགེ་མཚན་ལྡན་པའི་ཕན་འབྲས་ཐོབ་པ་དང་། དམངས་ཁྲོད་དངུལ་འཇོག་འཕེལ་རྒྱས་ལ་སྔར་བས་སྐུལ་སྤེལ་གཏོང་བའི་བྱེད་ཐབས་བཏོན་ཡོད། ཁེ་ལས་ཀྱི་རྩིས་དངུལ་འགྱངས་ཆད་མགྱོགས་མྱུར་ངང་གཙང་བཤེར་བྱེད་ཤུགས་ཆེ་རུ་བཏང་། རང་བརྟེན་སྒོ་འབྱེད་དང་། ཕྱོགས་རྐྱང་སྒོ་འབྱེད་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་བ་དང་། ཕྱོགས་རྐྱང་མཆན་བཅག་དང་ཡང་ན་ཕྱོགས་ཡོངས་ནས་ཕན་ཚུན་མཆན་བཅག་བྱེད་རྒྱ་གོམ་སྟབས་བརྟན་པོས་ཆེ་རུ་བཏང་། ཕྱི་ཕྱོགས་ཉོ་ཚོང་བརྟན་པོར་གཏོང་ཤུགས་ཆེ་རུ་བཏང་བ་དང་། ཕྱིར་གཏོང་ནང་འདྲེན་འབོར་བརྟན་སྤུས་འདེགས་བྱས་ཤིང་། ཕྱིར་གཏོང་6.1%འཕར་སྣོན་བྱུང་ཡོད། ཕྱི་རྒྱལ་གྱི་མ་དངུལ་བརྟན་པོར་གཏོང་བའི་བྱ་སྤྱོད་ཇུས་གཞི་བཏོན་པ་དང་། ཕྱི་རྒྱལ་གྱིས་མ་དངུལ་བཞག་པའི་ཁེ་ལས་གསར་དུ་བཙུགས་པའི་གྲངས་འབོར་19.1%འཕར་ཡོད། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱི་རིམ་སྤར་འཐབ་ཇུས་ལག་བསྟར་བྱས་པ་དང་། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁས་གླིང་ཕྲན་ཡོངས་སུ་ཁྲལ་སྡོམ་ལས་གཉེར་བྱེད་འགོ་བརྩམས། སྤུས་ཚད་མཐོ་བའི་སྒོ་ནས་“རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་། ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད།

བཞི་ནི་གྲོང་ཁྱེར་དང་གྲོང་རྡལ་ཅན་དཔེ་གསར་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་གཅིག་འདོམས་ཀྱིས་སྐུལ་འདེད་བཏང་ནས། གྲོང་ཁྱེར་དང་གྲོང་གསེབ་དང་ས་ཁོངས་བར་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བར་སྐུལ་སྤེལ་བཏང་། ཀྲུང་དབྱང་གི་གྲོང་ཁྱེར་ལས་དོན་གྲོས་ཚོགས་ཀྱི་བཀོད་སྒྲིག་ལག་བསྟར་བྱས་ནས་དེང་རབས་ཅན་གྱི་གྲོང་ཁྱེར་ཆེན་པོའི་མུ་ཁྱུད་སྐྱེད་སྲིང་དང་འཕེལ་རྒྱས་བཏང་བ་དང་། གྲོང་ཁྱེར་འཆར་འགོད་འཛུགས་སྐྲུན་བཅོས་སྐྱོང་ལ་ཤུགས་བརྒྱབ་པ་དང་། རྒྱུན་མཐུད་ངང་གྲོང་ཁྱེར་གསར་སྒྱུར་བྱས་ཤིང་། ཞིང་ལས་སྤོ་སྒྱུར་མི་འབོར་གྲོང་མི་ཅན་དུ་སྒྱུར་བའི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས། གྲོང་ཁྱེར་དང་གྲོང་རྡལ་ཅན་དཔེ་གསར་གྱི་ཚོད་ལྟ་སྤེལ་ཏེ། རྒྱུན་སྡོད་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་67.9%ལ་སླེབས་ཡོད། རྒྱ་ཁྱོན་བརྟན་དུ་གཏོང་བ་དང་། མུའུ་རེའི་ཐོན་ཚད་མཐོ་རུ་གཏོང་བ། གནོད་འཚེ་འགོག་པ་བཅས་ལ་ཤུགས་བརྒྱབ་ནས་འབྲུ་རིགས་ལ་སླར་ཡང་ལོ་ལེགས་བྱུང་ཡོད། དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་ཏན་ཏིག་ཡག་པོ་བྱས་ཏེ། དབུལ་བྲལ་མི་འབོར་ལས་གཉེར་ལས་ཞུགས་ཀྱི་གཞི་ཁྱོན་མི་ཁྲི་3000ཡན་དུ་བརྟན་པོ་བྱུང་ཡོད། ས་ཁོངས་འཐབ་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས་ས་ཁོངས་མཉམ་འགུལ་གྱིས་འཕེལ་རྒྱས་བཏང་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད།

ལྔ་ནི་དམངས་འཚོ་འགན་སྲུང་དམ་འཛིན་ཏན་ཏིག་བྱས་ཏེ་སྤྱི་ཚོགས་བྱ་གཞག་ཧུར་ཐག་གིས་འཕེལ་རྒྱས་བཏང་། ལས་ཞུགས་བརྟན་པོ་གཏོང་བར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་བཏོན་པ་དང་། ལས་རིགས་རྩལ་ནུས་ཆེ་རུ་གཏོང་བའི་གསོ་སྦྱོང་བྱེད་སྒོ་རྒྱ་ཆེར་སྤེལ་ཞིང་། གཙོ་གནད་མི་ཚོགས་ཀྱི་ལས་ཞུགས་བརྟན་པོ་མཐའ་འཁྱོངས་བྱས་ཡོད། སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་ལོ་གསུམ་བྱ་སྤྱོད་འཆར་གཞིར་སྐུལ་འདེད་བཏང་བ་དང་། མཐོ་རིམ་སློབ་གྲྭའི་རིག་ཚན་ཆེད་ལས་ལེགས་སྒྲིག་བྱེད་པར་སྐུལ་འདེད་བཏང་། རྫོང་ཁོངས་ཀྱི་མཐོ་འབྲིང་དཀྱུས་མ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་། སྨན་བཅོས་འཕྲོད་བསྟེན་གྱི་རྨང་གཞི་བརྟན་གཏོང་ལས་གྲྭ་ལག་བསྟར་བྱས། བྱིས་ནད་ཚན་ཁག་དང་སེམས་ཁམས་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་བ་དང་། རྒྱལ་ཡོངས་ཀྱི་རིམ་པ་གཉིས་པ་དང་གསུམ་པའི་གཞུང་བཙུགས་ཕྱོགས་བསྡུས་སྨན་ཁང་ཡོངས་ལ་བྱིས་པའི་ཚན་ཁག་གི་ཞབས་ཞུས་ཁྱབ་པར་བྱས་ཡོད། ཅི་ཁུང་ཁེན་ཡ་ཚ་རིམས་སོགས་ཀྱི་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ནུས་ལྡན་བྱས་ཡོད། གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་ཡུན་ཕན་ལམ་སྲོལ་ཆ་ཚང་དུ་བཏང་བ་དང་། སྨན་རྫས་སྡུད་ཉོ་བྱེད་ཐབས་ལེགས་སྒྱུར་བྱས། ཚོང་ལས་བདེ་ཐང་འགན་བཅོལ་གྱི་གསར་གཏོད་སྨན་རྫས་ཀྱི་དཀར་ཆག་བཏོན་པ་དང་། ཡུན་རིང་ནད་སྐྱོང་འགན་བཅོལ་ལམ་ལུགས་ཀྱིས་མི་དུང་ཕྱུར་3ལ་ཁེབས་ཡོད། ཁྲིམས་བཀོད་ལས་འཁྱུར་ངལ་གསོའི་ལོ་ཚོད་རིམ་བཞིན་ཕྱིར་འགྱངས་བྱེད་པའི་སྒྱུར་བཅོས་བརྟན་པོའི་སྒོ་ནས་ལག་བསྟར་བྱས་ཡོད། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་རྨང་གཞིའི་རྒན་གསོའི་དངུལ་གྱི་ཟླ་རེའི་ཚད་གཞི་དམའ་ཤོས་སྒོར་20མཐོ་རུ་བཏང་བ་དང་། རྒྱལ་ཡོངས་སུ་མི་སྒེར་གྱི་རྒན་གསོའི་དངུལ་གྱི་ལམ་ལུགས་ལག་བསྟར་བྱས་ཤིང་། རྒན་གསོའི་ཞབས་ཞུའི་འཛད་སྤྱོད་ལ་ཁ་གསབ་སྤྲོད་པའི་ཚོད་ལྟ་བྱས། སྤྱི་ཚོགས་ཀྱི་རོགས་སྐྱོབ་ཁྱོན་སྐྱེད་ཕྱོད་འདེགས་བྱེད་པར་རྒྱུན་མཐུད་ངང་སྐུལ་འདེད་བཏང་བ་དང་། དབང་པོ་སྐྱོན་ཅན་ཚབས་ཆེན་གསོ་བཅོལ་དང་ལྟ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཞིང་། དཀའ་ངལ་ཡོད་པའི་བྱིས་པའི་ཕན་བདེ་འགན་སྲུང་བྱེད་ཐབས་འཐུས་ཚང་དུ་བཏང་ཡོད། གཟིགས་སྐྱོང་གི་ཚད་གཞི་མཐོ་རུ་བཏང་ཡོད། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་འཕེལ་རྒྱས་བཏང་བས་ཡུལ་སྐོར་ལས་རིགས་ཀྱི་གསོན་ཤུགས་མངོན་གསལ་དོད་པོ་བྱུང་སྟེ། རྒྱལ་ནང་ནས་ཕྱི་རུ་ཡུལ་སྐོར་དུ་འགྲོ་མཁན་མི་ཐེངས་16.2%འཕར་བ་དང་། རྒྱལ་ཁོངས་སུ་ཡུལ་སྐོར་དུ་ཡོང་མཁན་མི་ཐེངས་17.1%འཕར་ཡོད། ཨེ་ཤ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་དགུ་པ་དང་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པ་བདེ་བླག་ངང་གཉེར་ཞིང་། མང་ཚོགས་ཀྱི་ལུས་རྩལ་འགྲན་བསྡུར་བྱ་གཞག་དང་དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་དབྱར་མཚོ་རྒྱས་པ་ལྟར་སྤེལ་ཡོད།

དྲུག་ནི་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་མགྱོགས་སུ་བཏང་ནས་ལྗང་མདོག་ཐཱན་ཉུང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་། རླུང་ཁམས་ཆེན་པོའི་སྦགས་བཙོག་འགོག་བཅོས་ཀྱི་སྤུས་ཕྱོད་མཉམ་འདེགས་བྱེད་སྒོ་ཏན་ཏིག་གིས་སྤེལ་བ་དང་། ས་ཁུལ་རིམ་པ་དང་དེའི་ཡན་གྱི་གྲོང་ཁྱེར་གྱི་ཕྲ་རྡུལ་(PM2.5)ཆ་སྙོམས་གར་ཚད་4.4%ཆག་ཡོད། གཙང་པོ་དང་ཆུ་བོ་ཆེན་པོ་དང་མཚེའུ་དང་ཆུ་མཛོད་གལ་ཆེན་སྲུང་སྐྱོབ་བྱེད་པར་རྒྱུན་མཐུད་ངང་ཤུགས་བརྒྱབ་ནས་ས་ངོས་ཀྱི་ཆུའི་སྤུས་ཚད་ལེགས་པའི་བཅད་ངོས་བསྡུར་ཚད་91.4%བར་མཐོ་རུ་བཏང་ཡོད། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པའི་ལས་གྲྭ་གནད་ཆེན་ལག་བསྟར་བྱས་པ་དང་།  སྐྱེ་ཁམས་མ་ལག་སྤྱི་ཡོངས་ཀྱི་སྤུས་ཚད་དང་བརྟན་བརླིང་རང་བཞིན་སྔར་བས་མཐོར་འདེགས་བྱུང་ཡོད།  མཛེས་སྡུག་ལྡན་པའི་ཀྲུང་གོའི་སྔོན་སྐྱོད་ཁུལ་འཛུགས་སྐྲུན་བྱེད་འགོ་བརྩམས། གཙོ་གནད་ལས་རིགས་ལྗང་མདོག་ཐཱན་ཉུང་ཅན་དུ་རིགས་སྒྱུར་མགྱོགས་པོར་བཏང་ཡོད། “ཐང་རྒོད་བྱེ་ཐང་མྱ་ངམ་ཐང་”གི་ནུས་ཁུངས་གསར་པའི་རྟེན་གཞིའི་ལས་གཞི་ཁག་དང་པོ་གཞི་རྩའི་ཐོག་བསྐྲུན་ཚར་ནས་ཐོན་སྐྱེད་བྱེད་འགོ་ཚུགས་པ་དང་། ནུས་གསོག་འཕྲུལ་འཁོར་དཔེ་གསར་གྱི་གཞི་ཁྱོན་སྟོང་ཝ་དུང་ཕྱུར་1.3ལས་བརྒལ་ཡོད། འགྱུར་རྡོ་མིན་པའི་ནུས་ཁུངས་འཛད་སྤྱོད་ཀྱིས་ཟིན་པའི་བསྡུར་ཚད་21.7%ལ་སླེབས་ཡོད། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་2035ལོའི་རྒྱལ་ཁབ་ཀྱི་རང་བརྟེན་གྱིས་བྱས་རྗེས་འཇོག་པའི་དམིགས་འབེན་ཁྱབ་བསྒྲགས་བྱས་ནས་འགན་འཁྲི་འཁུར་བའི་རྒྱལ་ཁབ་ཆེན་པོའི་འཁུར་ལེན་གང་ལེགས་ཀྱིས་མངོན་ཡོད།

བདུན་ནི་སྲིད་གཞུང་འཛུགས་སྐྲུན་ལ་རྒྱུན་མཐུད་ངང་ཤུགས་བརྒྱབ་སྟེ། སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་དང་འཐུས་ཚང་དུ་བཏང་། ཏང་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་དང་སློབ་གསོ་ཏན་ཏིག་གིས་སྤེལ་བ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ལ་ཤུགས་བརྒྱབ། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་ཤུགས་ཆེན་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་བཏང་། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏིང་ཟབ་བཏང་ཞིང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་བཅའ་ཁྲིམས་ཀྱི་གྲོས་གཞི་ངོ་གྲངས་13གྲོས་ཞིབ་གནང་བྱར་ཕུལ་བ་དང་། སྲིད་འཛིན་ཁྲིམས་སྲོལ་ཁག་30གཏན་འབེབས་དང་བཟོ་བཅོས་བྱས་ཡོད། རང་རྟོགས་ངང་ཁྲིམས་ལྟར་ལྟ་སྐུལ་དང་ལེན་བྱས་ཡོད། མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་གྲོས་གཞི་དང་གྲོས་འགོ་དང་། སྲིད་གྲོས་ཨུ་ཡོན་གྱི་གྲོས་གཞི་ནན་ཏན་གྱིས་སྒྲུབ་གཉེར་བྱས། ཁེ་ལས་དང་འབྲེལ་བ་ཡོད་པའི་སྲིད་འཛིན་ཁྲིམས་བསྟར་ཚད་ལྡན་དུ་གཏོང་བའི་ཆེད་དམིགས་བྱེད་སྒོ་སྤེལ། “ནུས་ཆེའི་སྒོ་ནས་དོན་དག་གཅིག་སྒྲུབ་པ་”ཡི་གཙོ་གནད་དོན་ཚན་རྒྱུན་རྣམ་ཅན་དུ་སྐུལ་འདེད་གཏོང་བའི་ལམ་སྲོལ་ཆ་ཚང་དུ་བཏང་ཡོད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཕྱོགས་བསྡུས་ཀྱིས་ལྟ་སྐུལ་ཞིབ་བཤེར་བྱས་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཡོད། ལས་ཞུགས་མི་ཚོགས་གསར་པའི་ཞབས་ཞུ་དོ་དམ་ལེགས་པར་བསྒྲུབས་ཡོད། ཡིག་བསྐུར་ངོ་བཅར་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་བཏང་ཡོད། ཉེན་མེད་ཐོན་སྐྱེད་ཀྱི་རྩ་བཅོས་འགག་སྒྲོལ་ལོ་གསུམ་བྱ་སྤྱོད་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་བ་དང་། ཐོན་སྐྱེད་བདེ་འཇགས་ཐད་ཀྱི་བྱུར་ཉེས་བྱུང་གྲངས་བསྡོམས་འབོར་8.7%ཆག་ཡོད། ས་ཁུལ་ཁ་ཤས་སུ་ཆུ་ལོག་དང་། ཞོད་སྐྱོན། ཐན་སྐྱོན། རྒྱ་མཚོའི་རླུང་འཚུབ། ས་ཡོམ་སོགས་རང་བྱུང་གནོད་འཚེ་བྱུང་བར་ཁ་གཏད་ནུས་ལྡན་འཇལ་ཡོད། རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་བརླིང་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་པ་དང་། ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་སྣ་ཚོགས་ཧུར་ཐག་གིས་སྔོན་འགོག་དང་ཁྲིམས་ལྟར་རྡུང་རྡེག་བཏང་ནས་དུས་བདེའི་ཀྲུང་གོ་འཛུགས་སྐྲུན་ལ་འཕེལ་སྐྱེད་གསར་པ་ཐོབ་ཡོད།

འདས་ཟིན་པའི་ལོ་གཅིག་ནང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལ་ཕན་འབྲས་གསར་པ་ཐོབ་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་རྒྱལ་ཁབ་མང་པོར་འཚམས་འདྲིར་ཕེབས་པ་དང་། ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་དབུ་ཚོགས་དང་། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་དང་། འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་དྲ་ཐོག་དབུ་ཚོགས། རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་སོགས་ཕྱོགས་གཉིས་དང་ཕྱོགས་མང་བྱེད་སྒོ་གལ་ཆེན་ལ་ཞུགས་ཡོད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཐེན་ཅིན་དབུ་ཚོགས་དང་། གོ་ལ་ཧྲིལ་པོའི་བུད་མེད་དབུ་ཚོགས། ཀྲུང་གོ་དང་ལ་ཏིང་མེ་གླིང་གླེང་སྟེགས་སྐབས་བཞི་པའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་སོགས་བདག་རེས་ཕྱི་འབྲེལ་བྱེད་སྒོ་གལ་ཆེན་བདེ་བླག་ངང་སྤེལ། སྲུང་སྐྱོབ་རིང་ལུགས་དང་ཕྱོགས་རྐྱང་བཙན་བརྙས་བྱ་སྤྱོད་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཤིང་། ཕྱོགས་མང་རིང་ལུགས་དང་སྒོ་འབྱེད་མཉམ་ལས་བློ་རྩ་བརྟན་པོས་སྲུང་སྐྱོང་བྱས་པ་དང་། འཛམ་གླིང་དམག་ཆེན་གཉིས་པའི་རྒྱལ་ཁའི་གྲུབ་འབྲས་བློ་རྩ་བརྟན་པོས་སྲུང་སྐྱོབ་བྱས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོ་བཏོན། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་བཏང་བ་དང་།  གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་འཇལ་བ་དང་རྒྱལ་སྤྱི་དང་ས་ཁུལ་གྱི་གླེང་ཆ་ཆེ་བའི་གནད་དོན་ཐག་གཅོད་བྱེད་སྐབས་ཧུར་ཐག་དང་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད། ཀྲུང་གོས་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བར་བྱས་རྗེས་གལ་ཆེན་བཞག་ཡོད།

2025ལོ་ནི་“ལོ་ལྔ་ཚན་བཅུ་བཞི་པ་”མཇུག་བསྡུས་པའི་ལོ་ཡིན། འདས་པའི་ལོ་5ཡི་རིང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། དུས་རབས་ཀྱི་རིམས་ནད་སོགས་རྒྱུན་ལུགས་ལས་འདས་པའི་རྡབ་རྡེག་དང་འགྲན་སློང་ལ་ཁ་གཏད་ནུས་ལྡན་འཇལ་བ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་གྲུབ་འབྲས་གསར་པ་གལ་ཆེན་ལེན་པར་སྐུལ་འདེད་བཏང་ཞིང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་འཐབ་ལམ་གསར་པ་འགོ་ཡག་པོ་བཙུགས་ཡོད། དཔལ་འབྱོར་བསྡོམས་འབོར་ལ་འཕར་སྣོན་གསར་པ་བྱུང་བ་དང་། རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་བསྟུད་མར་སྒོར་དུང་ཕྱུར་ཁྲི་110དང་། སྒོར་དུང་ཕྱུར་ཁྲི་120དང་། སྒོར་དུང་ཕྱུར་ཁྲི་130དང་། སྒོར་དུང་ཕྱུར་ཁྲི་140བཅས་ཀྱི་སྐས་རིམ་བརྒལ་ཏེ། ལོ་རེར་ཆ་སྙོམས་5.4%འཕར་སྣོན་བྱུང་ནས་གོ་ལ་ཧྲིལ་པོའི་ཆ་སྙོམས་འཕར་ཚད་ལས་མངོན་གསལ་གྱིས་མཐོ་བ་རེད། ཚན་རྩལ་དང་ཐོན་ལས་གསར་གཏོད་ལ་ཐོད་བརྒལ་གསར་པ་བྱུང་བ་དང་། སྤྱི་ཚོགས་ཡོངས་ཀྱིས་ཞིབ་འཇུག་གསར་སྤེལ་བྱེད་པར་མ་དངུལ་འཇོག་གྲངས་ལོ་རེར་ཆ་སྙོམས་10%འཕར་ཏེ། མི་ཁྲི་རེར་རིན་ཐང་ཆེ་བའི་གསར་གཏོད་ཆེད་ཁེ་ལྡན་ཚད་ངོ་གྲངས་16ལ་སླེབས་ཡོད། འགག་རྩའི་སྲོག་ཤིང་ལག་རྩལ་གལ་ཆེན་ཁག་ཅིག་འགག་སྒྲོལ་བྱུང་ཡོད། བཟོ་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་མའི་གཞི་ཁྱོན་ལོ་16རིང་བསྟུད་མར་གོ་ལ་ཧྲིལ་པོའི་ཨང་དང་པོར་གནས་པ་མཐའ་འཁྱོངས་བྱས་པ་དང་། ཐོན་ལས་མུ་ཕྲེང་དང་འདོན་སྤྲོད་མུ་ཕྲེང་གི་ལྡེམ་གཤིས་དང་བདེ་འཇགས་ཆུ་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་ཡོད། སྒྱུར་བཅོས་སྒོ་འབྱེད་ཐད་གོམ་སྟབས་གསར་པ་སྤོས་པ་དང་། གཙོ་གནད་ཁྱབ་ཁོངས་སྒྱུར་བཅོས་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད། རྒྱལ་ཡོངས་གཅིག་གྱུར་གྱི་ཚོང་ར་ཆེན་པོ་འཛུགས་རྒྱུ་མགྱོགས་སུ་བཏང་བ་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱུན་ཆད་མེད་པར་རྒྱ་བསྐྱེད་ཡོད། བཟོ་སྐྲུན་ལས་རིགས་ཁྱབ་ཁོངས་སུ་ཕྱི་དངུལ་ཞུགས་འཐུས་ཚོད་འཛིན་བྱེད་ཐབས་ཚང་མ་མེད་པར་བཟོས་པ་དང་། དངོས་ཟོག་ཉོ་ཚོང་གི་རྒྱལ་ཁབ་ཆེན་པོ་ཨང་དང་པོའི་གོ་གནས་སྔར་བས་སྲ་བརྟན་དུ་བཏང་ཞིང་། སྤུས་ཚད་མཐོ་བའི་“རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་བྱེད་པ་གཏིང་ཟབ་དང་ཏན་ཏིག་ཡོང་བར་བྱས། དམངས་འཚོའི་བདེ་རྩ་ཆུ་ཚད་གསར་པར་སླེབས་པ་དང་། སྡོད་དམངས་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལོ་རེར་ཆ་སྙོམས་5.4%འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གསར་འཕར་ལས་ཞུགས་སྡེབ་རྩིས་བྱས་ན་མི་ཁྲི་6000ལས་བརྒལ་ཡོད། དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་ལོ་5ཡི་བར་བརྒལ་དུས་སྐབས་ཀྱི་ལས་འགན་ཡོངས་སུ་ལེགས་གྲུབ་བྱུང་ཡོད། དབུལ་བྲལ་ས་ཁུལ་གྱི་གྲོང་གསེབ་སྡོད་དམངས་ཀྱི་ཡོང་འབབ་འཕར་ཚད་རྒྱུན་མཐུད་ངང་རྒྱལ་ཡོངས་ཀྱི་གྲོང་གསེབ་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་ཡོད། གཞི་རྩའི་རྒན་གསོའི་འགན་བཅོལ་རྒྱལ་ཡོངས་སུ་གཅིག་གྱུར་འཆར་འགོད་དང་བརྟན་པོའི་ངང་ལག་བསྟར་བྱས་པ་དང་། ངལ་རྩོལ་ལོ་ཚད་ལོན་པའི་མི་འབོར་ལ་ཆ་སྙོམས་ཀྱིས་སློབ་གསོ་ཐོབ་པའི་ལོ་ཚད་ལོ་11.3བར་འཕར་ཡོད། མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་79.25བར་མཐོ་རུ་ཕྱིན་ཡོད། མི་དམངས་མང་ཚོགས་ཀྱི་རིག་གནས་འཚོ་བ་སྔར་བས་ཕུན་སུམ་ཚོགས་པར་གྱུར་ཡོད། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ཡར་ཐོན་གསར་པ་བྱུང་ཡོད། ས་ཁུལ་རིམ་པ་དང་དེ་ཡན་གྱི་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་89.3%བར་མཐོ་རུ་བཏང་ཡོད། ནགས་ཚལ་ཁེབས་ཚད་25%ཡན་བར་མཐོ་རུ་བཏང་སྟེ། གོ་ལ་ཧྲིལ་པོའི་ནགས་ཚལ་ཐོན་ཁུངས་འཕར་ཚད་མགྱོགས་ཤོས་དང་མང་ཤོས་ཀྱི་རྒྱལ་ཁབ་ཏུ་གྱུར་པ་དང་། གོ་ལ་ཧྲིལ་པོའི་ཆེ་ཤོས་དང་འཕེལ་རྒྱས་མགྱོགས་ཤོས་ཀྱི་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་མ་ལག་བསྐྲུན་ཡོད། བདེ་འཇགས་འགན་སྲུང་བྱེད་ནུས་ལ་མཐོར་འདེགས་གསར་པ་བྱུང་ཡོད། འབྲུ་རིགས་དང་། ནུས་ཁུངས་ཐོན་ཁུངས། དངུལ་རྩ། དྲ་རྒྱ་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་ནུས་པ་འཛུགས་སྐྲུན་བྱེད་ཤུགས་མངོན་གསལ་དོད་པོས་ཆེ་རུ་བཏང་ཡོད། སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་བརླིང་ཡིན་པ་མཐའ་འཁྱོངས་བྱས་ནས། མ་ལག་རང་བཞིན་གྱི་ཉེན་ཁ་མི་འབྱུང་བའི་མཐའ་ཚད་བརྟན་སྲུང་བྱས་ཡོད། དཀའ་སྤྱད་འབད་བརྩོན་དང་འབད་འབུངས་ལྷོད་མེད་བྱས་པ་བརྒྱུད། “ལོ་ལྔ་ཚན་བཅུ་བཞི་པའི་”འཆར་འགོད་《རྩ་གནད་》ནང་གཏན་ལ་ཕབ་པའི་དམིགས་ཚད་གཙོ་བོ་ཁག་20དང་། འཐབ་ཇུས་ཀྱི་ལས་འགན་གལ་ཆེན་ཕྱོགས་17དང་། ལས་གྲྭའི་ལས་གཞི་གལ་ཆེན་ཁག་102བཅས་རྒྱལ་ཁའི་ངང་ལེགས་གྲུབ་བྱུང་ཡོད།

གྲུབ་འབྲས་གལ་ཆེན་འདི་དག་ཐོབ་པའི་རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཕྱོགས་སྟོན་ལམ་ཁྲིད་གནང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་ཁྲིད་སྟོན་གནང་བར་རག་ལས་ཡོད་ལ། ཏང་ཡོངས་དང་དམག་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུ་ཡིན་པས། ངས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་། དམངས་གཙོའི་ཏང་ཤོག་ཁག་དང་། མི་དམངས་ཚོགས་པ་ཁག ལས་རིགས་ཁག་གི་མི་སྣ་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ། སྤུན་ཟླ་ཐའེ་ཝན་པ། ཕྱིར་སྡོད་སྤུན་ཟླ་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོའི་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་རྒྱལ་ཁབ་ཁག་གི་སྲིད་གཞུང་དང་། རྒྱལ་སྤྱིའི་རྩ་འཛུགས། རྒྱལ་ཁབ་ཁག་གི་གྲོགས་པོ་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

གྲུབ་འབྲས་ཁས་བླངས་པའི་དུས་མཚུངས་སུ་ང་ཚོས་མདུན་དུ་ལྷགས་པའི་དཀའ་ངལ་དང་འགྲན་སློང་ཡང་གསལ་པོར་མཐོང་ཡོད་དེ། ཕྱི་ཕྱོགས་ཁོར་ཡུག་ལ་འགྱུར་ལྡོག་བྱུང་བའི་ཤུགས་རྐྱེན་གཏིང་ཟབ་ཏུ་སོང་བ་དང་། ས་བབ་ཆབ་སྲིད་ཀྱི་ཉེན་ཁ་རྒྱུན་མཐུད་ངང་ཆེ་རུ་སོང་ཡོད། འཛམ་གླིང་དཔལ་འབྱོར་སྒུལ་ནུས་ཉམས་ཞན་དུ་སོང་བ་དང་། ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་ལ་རྡབ་རྡེག་ཚབས་ཆེན་ཕོག་ཡོད། རྒྱལ་ནང་གི་དཔལ་འབྱོར་འཕེལ་རྒྱས་དང་རིགས་སྒྱུར་ཁྲོད་ཕྲད་པའི་གནད་དོན་རྙིང་པ་དང་འགྲན་སློང་གསར་པ་སྔར་བཞིན་མི་ཉུང་བ་ཞིག་ཡོད། སྒུལ་ནུས་གསར་རྙིང་བརྗེ་སྒྱུར་བྱེད་པའི་ལས་འགན་ལྗིད་རྫོབ་ཆེ། འདོན་སྤྲོད་མང་ཞིང་དགོས་མཁོ་ཞན་པའི་འགལ་བ་མངོན་གསལ་དོད་པ་དང་། ཚོང་རའི་སྔོན་དཔག་ཅུང་ཞན། གཙོ་གནད་ཁྱབ་ཁོངས་སུ་ཉེན་ཁ་འབྱུང་རྐྱེན་ཅུང་མང་། ཁེ་ལས་ཁ་ཤས་གཉེར་སྐྱོང་བྱེད་དཀའ་བ་དང་། མང་ཚོགས་ལས་ཀར་ཞུགས་པ་དང་ཡོང་འབབ་སྤར་བའི་དཀའ་ངལ་ཆེ་རུ་ཕྱིན་ཡོད། ས་གནས་ཁ་ཤས་ཀྱི་ནོར་སྲིད་གཏོང་ཡོང་གི་འགལ་བ་འབུར་ཐོན་ཡིན་པ་དང་། ས་ཁང་ཐོན་ལས་ཚོང་ར་སྔར་བཞིན་ལེགས་སྒྲིག་བྱེད་བཞིན་ཡོད། སྤྱི་པའི་ཞབས་ཞུའི་ཐད་སྔར་བཞིན་ཆད་སྐྱོན་དང་ཞན་ཆ་མི་ཉུང་བ་ཞིག་ཡོད། སྲིད་གཞུང་གི་ལས་དོན་ཐད་མི་འདང་ས་ཡོད་དེ། སྲིད་ཇུས་ཁ་ཤས་ལག་བསྟར་བྱས་པའི་ཕན་འབྲས་སྔར་བཞིན་མཐོ་རུ་གཏོང་དགོས། ལས་བྱེད་པ་ཁ་ཤས་ལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་དམ་འཛིན་བྱེད་པའི་འཇོན་ནུས་མི་འདང་བ་དང་བྱེད་ཐབས་མང་པོ་མེད་པ་དང་། ལ་ལའི་སྲིད་འབྲས་ལྟ་བར་ནོར་འཛོལ་ཤོར་ཏེ། ལས་དོན་མི་སྒྲུབ་པ་དང་། ལས་དོན་གང་བྱུང་དུ་སྒྲུབ་པ། ལས་དོན་སྒྲུབ་མདོག་སྟོན་པ། ཕྱི་ཚུལ་ཙམ་སྟོན་པ་བཅས་བྱེད། ཁྱབ་ཁོངས་དང་ས་གནས་ཁ་ཤས་སུ་རུལ་སུངས་ཀྱི་གནད་དོན་སྔར་བཞིན་མང་པོ་ཐོན་བཞིན་ཡོད་པས། དཀའ་ངལ་ལ་སྣང་ཆུང་བྱེད་མི་རུང་བ་དང་ཡིད་ཆེས་ངེས་པར་དུ་བརྟན་པོར་བཅང་དགོས། རང་རྒྱལ་གྱི་དཔལ་འབྱོར་ཡུན་རིང་བཟང་ཕྱོགས་སུ་འཕེལ་བའི་འདེགས་སྐྱོར་ཆ་རྐྱེན་དང་གཞི་རྩའི་འཕེལ་ཕྱོགས་ལ་འགྱུར་བ་བྱུང་མེད་པ་དང་། ལམ་ལུགས་ཀྱི་དགེ་མཚན་དང་རྒྱལ་ཁབ་ཆེན་པོའི་དགེ་མཚན་རྒྱུན་ཆད་མེད་པར་མངོན་བཞིན་ཡོད། ཆར་རླུང་གི་ཉམས་སད་ཐེག་པ་བརྒྱུད་ང་ཚོའི་སེམས་ཤུགས་སྔར་ལས་སྟོབས་ལྡན་དུ་གྱུར་ཡོད་ལ་གོམ་སྟབས་སྔར་ལས་བརྟན་པོར་གྱུར་ཡོད། དགེ་མཚན་བེད་སྤྱོད་འདང་ངེས་དང་གང་ལེགས་བྱེད་པ་དང་། འགྲན་སློང་ལ་ཁ་གཏད་འོས་འཚམ་འཇལ་ན། རང་རྒྱལ་གྱི་འཕེལ་རྒྱས་ཀྱི་མདུན་ལྗོངས་ལ་རེ་བ་སྔར་ལས་ཆེན་པོས་ཁེངས་ངེས་ཡིན།

གཉིས། “ལོ་ལྔ་ཚན་བཅོ་ལྔ་པའི་”རིང་གི་དམིགས་འབེན་གཙོ་བོ་དང་ལས་འགན་གལ་ཆེན།

《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་གཏན་འབེབས་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་གཞི་》གཞིར་བཟུང་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་རྩ་གནད་(མ་ཟིན་)》བཟོས་ཏེ། ཚོགས་ཆེན་ལ་ཞིབ་བཤེར་གནང་བྱར་ཕུལ་བ་ཡིན། འདིར་དམིགས་འབེན་དང་དམིགས་ཚད་གཙོ་བོ་དང་། འཐབ་ཇུས་ཀྱི་ལས་འགན་གལ་ཆེན། ལས་གྲྭའི་ལས་གཞི་གལ་ཆེན་བཅས་ཀྱི་སྐོར་སྙན་ཞུ་མདོར་བསྡུས་འབུལ་རྒྱུ་ཡིན།

(གཅིག) དམིགས་འབེན་དང་དམིགས་ཚད་གཙོ་བོའི་སྐོར།

ཏང་ཀྲུང་དབྱང་གི་《གྲོས་གཞི་》ལས་གཏན་འཁེལ་ཁ་གསལ་བྱས་པའི་དམིགས་འབེན་གཙོ་བོ་ལག་བསྟར་དོན་འཁྱོལ་བྱེད་ཆེད། 《རྩ་གནད་(མ་ཟིན་)》ནང་དུ་ཞིབ་ཕྲའི་དམིགས་ཚད་གཙོ་བོ་ཁག་20བཏོན་ཡོད་དེ། དཔལ་འབྱོར་འཕེལ་རྒྱས་ཐད་ནས། འཕར་སྣོན་དང་། གྲུབ་ཚུལ། ལས་ཆོད་བཅས་ལ་དམིགས་ནས་དམིགས་ཚད་ཁག་3བཏོན་ཡོད་ལ། དེའི་ནང་དུ་རྒྱལ་ཁབ་ཕྱི་ནང་གི་གནས་བབ་དང་ཕྱོགས་གང་ཅིའི་ཐད་ཀྱི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་ཀྱིས་བསམ་བློ་བཏང་ཞིང་། དགོས་མཁོ་དང་འབྱུང་སྲིད་པ་གཉིས་ཀར་ལྟ་རྟོག་བྱས་ཏེ། རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་འཕར་ཚད་ལུགས་མཐུན་བར་སྟོང་ནང་སྲུང་འཛིན་བྱེད་པ་དང་། ལོ་འཁོར་སོ་སོར་གནས་ཚུལ་ལ་གཞིགས་ནས་བཏོན་ཏེ། 2035ལོར་སླེབས་སྐབས་མི་རེའི་ཆ་སྙོམས་ཀྱི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དེ་2020ལོ་ལས་ལྡབ་གཉིས་འཕར་ཏེ། དར་རྒྱས་འབྲིང་ཙམ་བྱུང་བའི་རྒྱལ་ཁབ་ཀྱི་ཆུ་ཚད་དུ་སླེབས་རྒྱུར་རྨང་གཞི་ཡག་པོ་འདིང་དགོས་ཚུལ་བཏོན་ཡོད། གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་བའི་ཐད་ནས། གསར་གཏོད་ཐད་ལ་མ་དངུལ་གཏོང་བ་དང་དེའི་ཕན་འབྲས་ལ་དམིགས་ནས་དམིགས་ཚད་ཁག་3བཏོན་ཡོད་ལ། དེའི་ནང་དུ་ཞིབ་འཇུག་གསར་སྤེལ་ཐད་ལ་མ་དངུལ་གཏོང་གྲངས་འཕར་ཕྱོགས་དང་ཁེ་ལས་ཀྱི་མ་དངུལ་གཏོང་ནུས་ལ་བསམ་བློ་གང་ལེགས་བཏང་ནས། སྤྱི་ཚོགས་ཡོངས་ཀྱིས་ཞིབ་འཇུག་གསར་སྤེལ་ཐད་ལ་གྲོན་དངུལ་གཏོང་གྲངས་7%ཡན་འཕར་བར་བྱས་ཏེ། “ལོ་ལྔ་ཚན་བཅུ་བཞི་པའི་”འཆར་འགོད་དམིགས་འབེན་དང་གཅིག་མཐུན་ཡིན་པ་མཐའ་འཁྱོངས་བྱས་ནས། ཞིབ་འཇུག་གསར་སྤེལ་ཐད་ཀྱི་གྲོན་དངུལ་གཏོང་ཤུགས་མི་ཆག་པ་འགན་ལེན་ཏན་ཏིག་བྱེད་དགོས་ཚུལ་བཏོན་ཡོད། དམངས་འཚོའི་བདེ་རྩའི་ཐད་ནས། མི་དམངས་མང་ཚོགས་ཀྱི་བྲེལ་དཀའ་སྡུག་སྨོན་བཞིའི་གནད་དོན་སྔར་ལས་ལེགས་པར་ཐག་གཅོད་ཆེད། དམིགས་གཏད་རང་བཞིན་ཡོད་པའི་སྒོ་ནས་ལས་ཞུགས་དང་། ཡོང་འབབ། སློབ་གསོ། སྨན་བཅོས། བདེ་ཐང་། “རྒན་གཅིག་བྱིས་གཅིག་”སོགས་ཀྱི་དམིགས་ཚད་ཁག་7བཏོན་ཡོད། ལྗང་མདོག་ཐཱན་ཉུང་ཐད་ནས། ཐཱན་གཅོག་སྦགས་འཕྲི་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སོགས་ལ་དམིགས་ནས་དམིགས་ཚད་ཁག་5བཏོན་ཡོད་ལ། དེའི་ནང་དུ་རྒྱལ་ཁབ་ཀྱི་རང་བརྟེན་གྱིས་བྱས་རྗེས་འཇོག་པའི་དམིགས་འབེན་གཞིར་བཟུང་སྟེ། རྩིས་གཞི་རེའི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་དབྱང་གཉིས་ཐཱན་འགྱུར་འབུད་ཚད་སྡེབ་རྩིས་བྱས་ན་17%ཆག་པ་དང་། གཙོ་གནད་ཁྱབ་ཁོངས་ལྗང་མདོག་ཐཱན་ཉུང་ཅན་དུ་རིགས་སྒྱུར་བྱེད་པར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས་ཚུལ་བཏོན་ཡོད། བདེ་འཇགས་འགན་སྲུང་ཐད་ནས། འབྲུ་རིགས་དང་ནུས་ཁུངས་ཐོན་སྐྱེད་ནུས་པར་དམིགས་ནས་དམིགས་ཚད་ཁག་2བཏོན་ཏེ། རྒྱལ་ཁབ་བདེ་འཇགས་ཀྱི་རྨང་གཞིའི་འགན་སྲུང་གལ་ཆེན་ནུས་ཤུགས་ཡོད་རྒུས་བརྟན་དུ་གཏོང་དགོས་ཚུལ་བསྟན་ཡོད།

(གཉིས།) འཐབ་ཇུས་ཀྱི་ལས་འགན་གལ་ཆེན་སྐོར།

《རྩ་གནད་(མ་ཟིན་)》ནང་དུ་ཁྱབ་ཁོངས་དབྱེ་ནས་“ལོ་ལྔ་ཚན་བཅོ་ལྔ་པའི་”སྐབས་སུ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་ལས་འགན་གལ་ཆེན་རྒྱས་བཤད་བྱས་ཡོད་ལ། ཕྱོགས་བཞིའི་ཐད་ནས་མངོན་གསལ་དོད་པོས་མཚོན་ཡོད།

གཅིག་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་མངོན་གསལ་དོད་པོས་མཚོན་ཡོད། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་རྒྱུ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ནང་གནས་བླང་བྱ་ཡིན། 《རྩ་གནད་(མ་ཟིན་)》ནང་དུ་ཚན་རྩལ་གསར་གཏོད་ཀྱི་སྣེ་ཁྲིད་ནུས་པ་ནན་བཤད་བྱས་ཡོད་ལ། དངོས་གཞིའི་དཔལ་འབྱོར་གྱི་རྨང་གཞི་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། སྔོན་ཐོན་བཟོ་སྐྲུན་ལས་རིགས་རྐང་འཛིན་ཡིན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པར་དམིགས་ཡོད། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་བྱེད་པ་དང་། ཐོག་མའི་གསར་གཏོད་དང་འགག་རྩའི་སྲོག་ཤིང་ལག་རྩལ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ། གྲངས་ཀའི་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་གྲངས་ཀའི་དཔལ་འབྱོར་གྱི་ལྟེ་བའི་ཐོན་ལས་ཀྱི་རིན་ཐང་འཕར་མས་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ནང་ཟིན་པའི་བསྡུར་ཚད་12.5%ལ་སླེབས་པར་བྱ་རྒྱུ་བཅས་ལ་དམིགས་ཡོད། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པ་དང་། སྦགས་བཙོག་འགོག་བཅོས་འགག་སྒྲོལ་དང་སྐྱེ་ཁམས་མ་ལག་ལེགས་སྒྱུར་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏིང་ཟབ་བཏང་སྟེ། ལྗང་མདོག་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་སྐྱེལ་སྟངས་གང་མགྱོགས་ཀྱིས་ཆགས་པར་བྱེད་པ་དང་། ཐཱན་རྩེར་སོན་གྱི་དམིགས་འབེན་དུས་ལྟར་མངོན་འགྱུར་ཡོང་བ་འགན་ལེན་ཏན་ཏིག་བྱེད་པར་དམིགས་ཡོད།

གཉིས་ནི་རྒྱལ་ནང་གི་རེས་འཁོར་ཆེན་པོ་སྟོབས་ཆེར་གཏོང་རྒྱུ་མངོན་གསལ་དོད་པོས་མཚོན་ཡོད། ཕྱིའི་ཁོར་ཡུག་རྙོག་འཛིང་དང་ཛ་དྲག་ཆེ་བའི་གནས་ཚུལ་འོག ནང་མཁོ་རྒྱ་སྐྱེད་གཏོང་རྒྱུའི་འཐབ་ཇུས་ཀྱི་གཞི་གནས་འདི་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས། 《རྩ་གནད་(མ་ཟིན་)》ནང་དུ་རྒྱལ་ནང་གི་རེས་འཁོར་ཆེན་པོའི་ནང་སྐྱེས་སྒུལ་ཤུགས་དང་བློ་འགེལ་ཆོག་པའི་རང་བཞིན་ཆེ་རུ་གཏོང་བ་དང་། དམངས་འཚོར་ཕན་པ་དང་འཛད་སྤྱོད་ལ་སྐུལ་སྤེལ་གཏོང་བ་དང་། མ་དངུལ་དངོས་པོར་འཇོག་པ་དང་མ་དངུལ་མི་ལ་འཇོག་པ་ཟུང་འབྲེལ་དམ་པོ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། འཛད་སྤྱོད་ཆེར་སྐྱེད་ཤུགས་ཆེན་བྱེད་པ་དང་། སྡོད་དམངས་ཀྱི་འཛད་སྤྱོད་བྱེད་ཚད་མངོན་གསལ་དོད་པོས་ཇེ་མཐོར་གཏོང་བར་སྐུལ་སྤེལ་གཏོང་བ། ཕན་ནུས་ལྡན་པའི་མ་དངུལ་འཇོག་རྒྱ་ཇེ་ཆེར་གཏོང་བ་བཅས་ལ་དམིགས་ཡོད། རང་རྒྱལ་གྱི་གཞི་ཁྱོན་ཧ་ཅང་ཆེ་བའི་ཚོང་རའི་ཁེ་བཟང་གློད་གྲོལ་གང་ལེགས་གཏོང་བ་དང་། རྒྱལ་ཡོངས་གཅིག་གྱུར་གྱི་ཚོང་ར་ཆེན་པོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བ། ས་གནས་སྲུང་སྐྱོབ་དང་ཚོང་ར་ལོགས་འབྱེད་མེད་པར་བཟོ་བ་བཅས་ལ་དམིགས་ཡོད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་བ་དང་། གཉེར་སྐྱོང་བྱེད་པོ་རིགས་ཁག་གི་གསོན་ཤུགས་འདོན་སྤེལ་གང་ལེགས་བྱེད་པ། བདག་རྐྱེན་ཚོང་ར་ཅན་དུ་བགོ་སྒྲིག་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་མགྱོགས་མྱུར་ངང་འཐུས་ཚང་དུ་གཏོང་བ་བཅས་ལ་དམིགས་ཡོད། རྒྱལ་ནང་རྒྱལ་སྤྱིའི་རེས་འཁོར་ཟུང་གེགས་མེད་དང་། གོ་ལ་ཧྲིལ་པོའི་བདག་རྐྱེན་དང་ཚོང་རའི་ཐོན་ཁུངས་གཅིག་འདོམས་ཀྱིས་བེད་སྤྱོད་ཡག་པོ་བྱེད་པར་དམིགས་ཡོད། 

གསུམ་ནི་མི་དམངས་ཡོངས་རྫོགས་མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་རྒྱུ་མངོན་གསལ་དོད་པོས་མཚོན་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་དམངས་ཡོངས་རྫོགས་མཉམ་དུ་ཕྱུག་པོར་འགྱུར་བའི་དེང་རབས་ཅན་ཡིན། 《རྩ་གནད་(མ་ཟིན་)》ནང་དུ་མི་འབོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བ་དང་། བུ་བཙའ་མཛའ་མཐུན་ཅན་གྱི་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ། མི་འབོར་ལ་ཞབས་འདེགས་ཞུ་བའི་མ་ལག་ཆ་ཚང་དུ་གཏོང་བ་བཅས་ལ་དམིགས་ཡོད། མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་བ་དང་། ངལ་རྩོལ་ལོ་ཚད་ལོན་པའི་མི་འབོར་ལ་ཆ་སྙོམས་ཀྱིས་སློབ་གསོ་ཐོབ་པའི་ལོ་ཚད་ལོ་11.7བར་འཕར་བར་བྱེད་དགོས། བདེ་ཐང་ཀྲུང་གོ་དང་ལུས་རྩལ་རྒྱལ་ཁབ་སྟོབས་ལྡན་མགྱོགས་མྱུར་ངང་འཛུགས་སྐྲུན་བྱས་ནས། མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་80བར་མཐོ་རུ་གཏོང་དགོས། མི་འབོར་རྒན་རྒོན་ཅན་དུ་འགྱུར་བར་ཁ་གཏད་ཧུར་ཐག་གིས་འཇལ་བ་དང་། རྒན་གསོ་སྒྲིག་གཞིའི་ནད་སྐྱོང་ཅན་གྱི་ཉལ་ཁྲིའི་ཟིན་ཚད་73%བར་མཐོ་རུ་གཏོང་དགོས། སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཡོང་བར་སྐུལ་སྤེལ་གཏོང་བ་དང་། ཡོང་འབབ་བགོ་བཤའི་ལམ་ལུགས་འཐུས་ཚང་དང་སྤྱི་ཚོགས་འགན་སྲུང་མ་ལག་ཆ་ཚང་དུ་གཏོང་དགོས། ས་ཁོངས་བར་གྱི་ཧེ་བག་དང་གྲོང་ཁྱེར་དང་གྲོང་གསེབ་བར་གྱི་ཁྱད་པར་ཆུང་དུ་གཏོང་རྒྱུར་དམིགས་ནས། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་ཚད་མགྱོགས་སུ་གཏོང་བ་དང་། དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། ཐོན་སྐྱེད་ནུས་ཤུགས་གལ་ཆེན་གྱི་བཀོད་པ་ལེགས་སྒྱུར་བྱེད་པ། མི་རྩ་བར་འཛིན་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་དཔེ་གསར་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱེད་དགོས། མི་དམངས་ཀྱི་བསམ་པའི་འཚོ་བ་མཉམ་དུ་ཕྱུག་འགྱུར་ཡོང་བར་སྐུལ་སྤེལ་གཏོང་བར་དམིགས་ནས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་དང་ལག་ལེན་བསྟར་བ་དང་། རིག་གནས་བྱ་གཞག་དར་རྒྱས་ཤུགས་ཆེན་གཏོང་བ། རིག་གནས་ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏོང་བ། ཀྲུང་ཧྭའི་ཤེས་དཔལ་སྒྲོག་སྤེལ་བྱེད་ནུས་དང་ཤུགས་རྐྱེན་གཏོང་ནུས་ཆེ་རུ་གཏོང་བ་བཅས་བྱེད་དགོས།

བཞི་ནི་འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱ་རྒྱུ་མངོན་གསལ་དོད་པོས་མཚོན་ཡོད། བདེ་འཇགས་ནི་འཕེལ་རྒྱས་ཀྱི་སྔོན་འགྲོ་ཡིན་ལ། འཕེལ་རྒྱས་ནི་བདེ་འཇགས་ཀྱི་འགན་སྲུང་ཡིན། 《རྩ་གནད་(མ་ཟིན་)》ནང་དུ་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་ལེན་མཐར་ཕྱིན་བྱས་ཏེ། རྒྱལ་ཁབ་བདེ་འཇགས་མ་ལག་དང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བར་དམིགས་ཏེ་ལས་འགན་དང་བྱེད་ཐབས་མང་པོ་བཏོན་ཡོད། འབྲུ་རིགས་དང་ནུས་ཁུངས་ཐོན་ཁུངས་སོགས་འདོན་སྤྲོད་འགན་སྲུང་བྱེད་ནུས་ཆེ་རུ་བཏང་སྟེ། འབྲུ་རིགས་ཕྱོགས་བསྡུས་ཀྱིས་ཐོན་སྐྱེད་བྱེད་ནུས་རྒྱ་མ་དུང་ཕྱུར་ཁྲི་1.45ཡས་མས་སུ་སླེབས་པར་བྱེད་པ་དང་། ནུས་ཁུངས་ཕྱོགས་བསྡུས་ཀྱིས་ཐོན་སྐྱེད་བྱེད་ནུས་ཚད་ལྡན་རྡོ་སོལ་ཏུན་དུང་ཕྱུར་58ལ་སླེབས་པར་བྱེད་དགོས། ས་ཁང་ཐོན་ལས་དང་། ས་གནས་སྲིད་གཞུང་གི་བུ་ལོན། ས་གནས་ཀྱི་དངུལ་རྩའི་སྒྲིག་གཞི་འབྲིང་ཆུང་སོགས་ཀྱི་ཉེན་ཁ་གོ་རིམ་ལྡན་པའི་སྒོ་ནས་སེལ་རྒྱུར་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་དགོས། སྤྱི་པའི་བདེ་འཇགས་བཅོས་སྐྱོང་ཆུ་ཚད་མཐོ་རུ་བཏང་ནས་སྤྱི་ཚོགས་ཀྱི་བདེ་འཇགས་བརྟན་བརླིང་ལ་སྲུང་སྐྱོང་ནུས་ལྡན་བྱེད་དགོས།

(གསུམ།) ལས་གྲྭའི་ལས་གཞི་གལ་ཆེན་གྱི་སྐོར།

“ལོ་ལྔ་ཚན་བཅོ་ལྔ་པའི་”དམིགས་འབེན་དང་ལས་འགན་དངོས་ཐོག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་བར་དམིགས་ཤིང་། འཐབ་ཇུས་རང་བཞིན་དང་། སྣེ་ཁྲིད་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་ལ་གཅིག་འདོམས་ཀྱིས་བསམ་བློ་བཏང་སྟེ། 《རྩ་གནད་(མ་ཟིན་)》ནང་དུ་ཕྱོགས་6ཐད་ཀྱི་ལས་གྲྭ་གལ་ཆེན་ཁག་109བཏོན་ཡོད་ལ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་ཐད་ནས། ཐོན་ལས་ཀྱི་རྨང་གཞིའི་ནུས་པ་དང་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་དང་། ཐོན་ལས་གསར་པ་དང་འགྲན་ལམ་གསར་པ་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བ། མདུན་གྲལ་གྱི་ཚན་རྩལ་འགག་སྒྲོལ་བྱེད་པ། གསར་གཏོད་ཀྱི་རྨང་གཞིའི་ནུས་པ་ཆེ་རུ་གཏོང་བ་བཅས་ལ་དམིགས་ནས་ལས་གྲྭ་ཁག་28བཏོན་ཡོད། དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་མ་ལག་འཛུགས་པའི་ཐད་ནས། རྒྱལ་ཁབ་ཀྱི་ཕྱོགས་བསྡུས་ལངས་གཟུགས་འགྲིམ་འགྲུལ་དྲ་བ་དང་། ནུས་ཁུངས་མ་ལག་དཔེ་གསར། རྨང་གཞིའི་སྒྲིག་བཀོད་དཔེ་གསར། ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་ལས་སྟེགས་སོགས་ལ་དམིགས་ནས་ལས་གྲྭ་ཁག་23བཏོན་ཡོད། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བའི་ཐད་ནས། གྲོང་ཁྱེར་དང་གྲོང་རྡལ་ཅན་དཔེ་གསར་འཛུགས་སྐྲུན་དང་། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་འཛུགས་སྐྲུན་ལ་དམིགས་ནས་ལས་གྲྭ་ཁག་9བཏོན་ཡོད། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པའི་ཐད་ནས། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་གཏོང་བ་དང་། སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་འཛུགས་སྐྲུན། བདེ་ཐང་ཀྲུང་གོ་འཛུགས་སྐྲུན། “རྒན་གཅིག་བྱིས་གཅིག་”གི་ཞབས་ཞུ་ལེགས་སྒྱུར། སྤྱི་ཚོགས་གཅེས་སྐྱོང་ཞབས་ཞུ་བཅས་ལ་དམིགས་ནས་ལས་གྲྭ་ཁག་25བཏོན་ཡོད། ལྗང་མདོག་ཐཱན་ཉུང་ཅན་དུ་རིགས་སྒྱུར་བྱེད་པར་སྐུལ་འདེད་གཏོང་བའི་ཐད་ནས། ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་དང་། ཁོར་ཡུག་གི་སྤུས་ཚད་མཐོར་འདེགས། སྐྱེ་ཁམས་སྲུང་སྐྱོབ་དང་ཉམས་གསོ་བཅས་ལ་དམིགས་ནས་ལས་གྲྭ་ཁག་18བཏོན་ཡོད། གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་འགན་སྲུང་ཐད་ནས། འབྲུ་རིགས་དང་ནུས་ཁུངས་བདེ་འཇགས་སོགས་ལ་དམིགས་ནས་ལས་གྲྭ་ཁག་6བཏོན་ཡོད། ལས་གྲྭ་གལ་ཆེན་འདི་དག་གིས་གནས་སྐབས་དང་ཕུགས་ཡུན་གཉིས་ཀར་ལྟ་རྟོག་བྱས་ཏེ། “མཁྲེགས་པའི་དངུལ་འཇོག་”དང་འབྲེལ་བ་ཡོད་ལ་“མཉེན་པའི་འཛུགས་སྐྲུན་”ཡང་ཚུད་ཡོད། ང་ཚོས་སྲིད་གཞུང་གིས་མ་དངུལ་བཞག་པར་བརྟེན་ནས་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཞུགས་པར་སྐུལ་ཁྲིད་བྱེད་པར་དོ་སྣང་བྱས་ཏེ། ལས་གྲྭའི་ལས་གཞི་གལ་ཆེན་གྱི་རྨང་གཞི་བརྟན་དུ་གཏོང་བ་དང་། ཆད་སྐྱོན་ཁ་གསབ། རྟིང་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་ནུས་པ་གལ་ཆེན་སྔར་ལས་ལྷག་པར་འདོན་སྤེལ་བྱེད་དགོས།

མ་འོངས་པར་རྒྱང་ལྟ་བྱས་ན་ང་ཚོར་ཡིད་ཆེས་ཀྱིས་ཁེངས་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རྒྱལ་ཡོངས་གོང་འོག་ཚང་མས་མཐུན་སྒྲིལ་འབད་འཐབ་བྱས་ཚེ། “ལོ་ལྔ་ཚན་བཅོ་ལྔ་པའི་”བརྗིད་ཆེའི་འཆར་གཞི་དེ་དགའ་སྐྱིད་ལྡན་པའི་དོན་དངོས་སུ་སྒྱུར་ཐུབ་ངེས་རེད།

གསུམ། 2026ལོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་སྤྱིའི་བླང་བྱ་དང་སྲིད་ཇུས་འཛིན་ཕྱོགས།

ད་ལོ་ནི་“ལོ་ལྔ་ཚན་བཅོ་ལྔ་པ་”འགོ་ཚུགས་པའི་ལོ་ཡིན། སྲིད་གཞུང་གི་ལས་དོན་ལེགས་སྒྲུབ་བྱེད་པར། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྟོན་དུ་བཟུང་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཀྲུང་དབྱང་དཔལ་འབྱོར་ལས་དོན་གྲོས་ཚོགས་ཀྱི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་པ། ཆ་ཚང་ཡང་དག་ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན་བསྟར་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་ཀྱིས་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་གཅིག་གྱུར་འཆར་འགོད་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་སྔར་ལས་ལེགས་པར་གཅིག་གྱུར་འཆར་འགོད་བྱེད་པ། སྔར་ལས་དགེ་མཚན་དང་ཕན་ནུས་ལྡན་པའི་སྤྱི་ཁོག་སྲིད་ཇུས་ལག་བསྟར་བྱེད་པ། སྲིད་ཇུས་ཀྱི་སྔོན་ཚོད་རང་བཞིན་དམིགས་གཏད་རང་བཞིན་མཐུན་སྦྱོར་རང་བཞིན་བཅས་ཆེ་རུ་གཏོང་བ། རྒྱུན་མཐུད་ངང་ནང་མཁོ་རྒྱ་སྐྱེད་དང་འདོན་སྤྲོད་ལེགས་སྒྱུར་བྱེད་པ། འཕར་འབོར་ལེགས་སྒྱུར་དང་བསགས་འབོར་འཁྲུག་གཏོང་བྱེད་པ། ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ། རྒྱལ་ཡོངས་གཅིག་གྱུར་གྱི་ཚོང་ར་ཆེན་པོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བ། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་རྒྱུན་མཐུད་ངང་འགོག་ཟོན་དང་སེལ་ཐབས་བྱེད་པ། ལས་ཞུགས་བརྟན་པོ་དང་། ཁེ་ལས་བརྟན་པོ། ཚོང་ར་བརྟན་པོ། སྔོན་དཔག་བརྟན་པོ་བཅས་ཡོང་བར་ཤུགས་རྒྱག་པ། དཔལ་འབྱོར་གྱི་སྤུས་ཚད་ཇེ་མཐོར་ནུས་ལྡན་ཡོང་བ་དང་གྲངས་འབོར་འཕར་སྣོན་ལུགས་མཐུན་ཡོང་བར་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཞི་མཐུན་བརྟན་བརླིང་ཡོང་བ་མཐའ་འཁྱོངས་བྱེད་པ། “ལོ་ལྔ་ཚན་བཅོ་ལྔ་པ་”འགོ་ཡག་པོ་འཛུགས་པ་བཅས་བྱེད་དགོས།

ད་ལོའི་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་གཙོ་བོ་ནི། དཔལ་འབྱོར་འཕར་ཚད་4.5%ནས་5%བར་ཡིན་ཞིང་། ལས་ཀ་དངོས་ཀྱི་ཁྲོད་གྲུབ་འབྲས་སྔར་ལས་ལེགས་པོ་བརྩོན་ལེན་ཧུར་ཐག་བྱ་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་ལས་ཀ་ཤོར་ཚད་5.5%ཡས་མས་ཟིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས་ཁྲི་1200ཡན་གསར་འཕར་བྱ་རྒྱུ། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་འཕར་ཚད་2%ཡས་མས་ཡིན་པ། སྡོད་དམངས་ཀྱི་ཡོང་འབབ་འཕར་སྣོན་དང་དཔལ་འབྱོར་འཕར་སྣོན་གཉིས་འགྲོས་མཉམ་དང་རྒྱལ་སྤྱིའི་གཏོང་ཡོང་གཞི་རྩའི་ཆ་ནས་དོ་མཉམ་ཡོང་བར་བྱ་རྒྱུ། འབྲུ་རིགས་ཐོན་འབོར་རྒྱ་མ་དུང་ཕྱུར་ཁྲི་1.4ཡས་མས་སུ་སླེབས་པ། རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་རྩིས་གཞི་རེའི་དབྱང་གཉིས་ཐཱན་འགྱུར་འབུད་ཚད་3.8%ཡས་མས་ཆག་པར་བྱ་རྒྱུ་དེ་ཡིན།

སྔོན་དཔག་དམིགས་འབེན་འདི་དག་བཏོན་པའི་བསམ་བློ་གཏོང་ཡུལ་གཙོ་བོ་ནི། འགོ་ཚུགས་པའི་ལོར་གྲུབ་ཚུལ་ལེགས་སྒྲིག་དང་། ཉེན་ཁ་སྔོན་འགོག  སྒྱུར་བཅོས་ལ་སྐུལ་སྤེལ་བཅས་བྱེད་པར་བར་སྟོང་བཞག་སྟེ། རྗེས་སོར་འཕེལ་རྒྱས་སྔར་ལས་ལེགས་པོ་ཡོང་བར་རྨང་གཞི་བརྟན་པོ་འདིང་རྒྱུ་དེ་ཡིན། དཔལ་འབྱོར་འཕར་སྣོན་གྱི་དམིགས་འབེན་དེ་2035ལོའི་རྒྱང་རིང་དམིགས་འབེན་དང་སྤྱིའི་ཆ་ནས་སྦྲེལ་མཐུད་བྱས་ཡོད་པ་དང་། རང་རྒྱལ་གྱི་དཔལ་འབྱོར་ཡུན་རིང་འཕར་སྣོན་ཡོང་བའི་གཏིང་ཤུགས་དང་གཞི་རྩའི་ཆ་ནས་མཐུན་ཞིང་། དམིགས་འབེན་འདི་མངོན་འགྱུར་བྱེད་པར་མཐུན་རྐྱེན་འཛོམས་ཡོད་པས། ས་ཁུལ་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལས་ཀ་ཏན་ཏིག་གིས་བསྒྲུབས་ནས་གྲུབ་འབྲས་བཟང་པོ་བརྩོན་ལེན་བྱེད་དགོས། གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་ལས་ཀ་ཤོར་ཚད་5.5%ཡས་མས་ཡིན་པ་དེས། ལས་ཞུགས་སྤྱི་འབོར་དང་གྲུབ་ཚུལ་རང་བཞིན་གྱི་གནོན་ཤུགས་ཅུང་ཆེ་བའི་གནས་ཚུལ་འོག  ལས་ཞུགས་དམིགས་བསལ་གྱིས་སྔོན་ལ་འཇོག་པའི་སྲིད་ཇུས་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་ལས་ཞུགས་བརྟན་པོར་གཏོང་ཤུགས་ཇེ་ཆེར་གཏོང་བའི་བླང་བྱ་མཚོན་ཡོད། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་འཕར་ཚད་2%ཡས་མས་ཡིན་པ་དེ། སྔོན་དཔག་གི་ཁྲིད་སྟོན་དང་དངོས་ཡོད་ཁྲོད་འབྱུང་སྲིད་པར་བསམ་བློ་བཏང་ཡོད། ང་ཚོས་སྤྱིའི་འདོན་སྤྲོད་དང་དགོས་མཁོའི་འབྲེལ་བ་ལེགས་བཅོས་བྱས་པར་བརྟེན་ནས་རིན་གོང་གི་སྤྱིའི་ཆུ་ཚད་དེ་ལྡོག་མ་ནས་དངོས་མར་འགྱུར་བ་དང་། འཛད་སྤྱོད་ཀྱི་རིན་གོང་ལུགས་མཐུན་དང་ཞི་འཇམ་ངང་བསྐྱར་འཕར་ཡོང་བར་སྐུལ་འདེད་དང་། དཔལ་འབྱོར་རེས་འཁོར་བཟང་པོ་ཡོང་བར་སྐུལ་སྤེལ་གཏོང་རྒྱུ། རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་རྩིས་གཞི་རེའི་དབྱང་གཉིས་ཐཱན་འགྱུར་འབུད་ཚད་3.8%ཡས་མས་ཆག་པར་བྱེད་པ་དེ། དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་དང་། ལྗང་མདོག་ཐཱན་ཉུང་ཅན་དུ་རིགས་སྒྱུར། རྒྱལ་ཁབ་ཀྱི་ནུས་ཁུངས་བདེ་འཇགས་སོགས་དགོས་མཁོ་སྣ་མང་ལ་ཕྱོགས་བསྡུས་ཀྱིས་བསམ་བློ་བཏང་བ་ཡིན་ཞིང་། 2030ལོའི་སྔོན་ལ་ཐཱན་རྩེར་སོན་གྱི་དམིགས་འབེན་གོ་རིམ་ལྡན་པའི་སྒོ་ནས་མངོན་འགྱུར་བྱེད་པར་ཕན་ཐོགས་ཡོད།

སྲིད་ཇུས་འཛིན་ཕྱོགས་ཐད་ནས། ང་ཚོས་བརྟན་ཐོག་ཡར་བརྩོན་དང་སྤུས་ཕྱོད་མཉམ་འདེགས་རྒྱུན་འཁྱོངས་བྱེད་པ་དང་། བསགས་འབོར་སྲིད་ཇུས་དང་འཕར་འབོར་སྲིད་ཇུས་ཀྱི་འདུས་གྲུབ་ཕན་ནུས་འདོན་སྤེལ་བྱེད་པ་དང་། དུས་འཁོར་ལུགས་ལྡོག་དང་དུས་འཁོར་བརྒལ་བའི་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས། སྤྱི་ཁོག་དཔལ་འབྱོར་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་ཏན་ཏིག་གིས་གཏོང་རྒྱུ་ཡིན། 

སྔར་ལས་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་མུ་མཐུད་ལག་བསྟར་བྱེད་དགོས། ད་ལོར་མཚལ་ཡིག་གི་ཚད་4%ཡས་མས་སུ་བཀོད་སྒྲིག་བྱེད་རྩིས་ཡོད་ཅིང་། མཚལ་ཡིག་གི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་5.89ཡིན་ཞིང་ལོ་གོང་མ་ལས་སྒོར་དུང་ཕྱུར་2300འཕར་ཡོད། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་གཏོང་སྒོའི་གཞི་ཁྱོན་ཐེངས་དང་པོར་སྒོར་དུང་ཕྱུར་ཁྲི་30ལ་སླེབས་ཤིང་ལོ་གོང་མ་ལས་ཧ་ལམ་སྒོར་དུང་ཕྱུར་ཁྲི་1.27འཕར་ཡོད། ཚད་བརྒལ་ཡུན་རིང་དམིགས་བསལ་རྒྱལ་བུན་སྒོར་དུང་ཕྱུར་ཁྲི་1.3འགྲེམ་སྤེལ་བྱས་ནས། “གནད་གཉིས་”འཛུགས་སྐྲུན་དང་“གསར་གཉིས་”ལས་དོན་སོགས་ལ་རྒྱུན་མཐུད་ངང་རྒྱབ་སྐྱོར་བྱེད་རྩིས་ཡོད། དམིགས་བསལ་རྒྱལ་བུན་སྒོར་དུང་ཕྱུར་3000འགྲེམ་སྤེལ་བྱས་ནས། གཞུང་ཁོངས་ཚོང་ལས་དངུལ་ཁང་ཆེ་གྲས་ཀྱིས་མ་རྩ་ཁ་གསབ་བྱེད་པར་རྒྱབ་སྐྱོར་བྱེད་རྩིས་ཡོད། ས་གནས་སྲིད་གཞུང་གི་ཆེད་དམིགས་བུན་འཛིན་སྒོར་དུང་ཕྱུར་ཁྲི་4.4བཀོད་སྒྲིག་བྱེད་པ་དང་། ཆེད་དམིགས་བུན་འཛིན་ལས་གཞི་བཀག་རྒྱའི་གསལ་ཐོའི་དོ་དམ་དང་རང་བཤེར་རང་འགྲེམ་གྱི་ཚོད་ལྟ་འཐུས་ཚང་དུ་བཏང་ནས། ལས་གཞི་གལ་ཆེན་འཛུགས་སྐྲུན་དང་། མངོན་མེད་བུ་ལོན་བརྗེ་ལེན། སྲིད་གཞུང་གིས་རྩིས་ཐོ་འགྱངས་ཆད་བྱས་རིགས་སེལ་བ་སོགས་གཙོ་གནད་དུ་བཟུང་སྟེ་རྒྱབ་སྐྱོར་བྱེད་རྩིས་ཡོད། ད་ལོར་ནོར་སྲིད་ཀྱི་གཏོང་སྒོ་མུ་མཐུད་དུ་གཞི་ཁྱོན་ངེས་ཅན་མཐའ་འཁྱོངས་བྱེད་པ་དང་། གཏོང་སྒོའི་གྲུབ་ཚུལ་ལེགས་སྒྱུར་བྱེད་པར་རྒྱུན་མཐུད་དེ་ཤུགས་རྒྱག་པ་དང་། འཛད་སྤྱོད་ཆེར་སྐྱེད་དང་། མ་དངུལ་མི་ལ་འཇོག་པ། དམངས་འཚོ་འགན་སྲུང་བྱེད་པ་སོགས་ཀྱི་ཐད་ལ་རྒྱབ་སྐྱོར་བྱེད་པར་སྔར་བས་དོ་སྣང་བྱས་ཏེ། ནོར་སྲིད་ཀྱི་མ་དངུལ་སྤྱད་པའི་ཕན་འབྲས་ཆེ་རུ་གཏོང་དགོས། ཀྲུང་དབྱང་ནོར་སྲིད་ཀྱིས་ས་གནས་ལ་ནོར་ཤུགས་རང་བཞིན་གྱི་སྤོ་སྒྱུར་གཏོང་སྤྲོད་བྱེད་རྒྱ་ཇེ་ཆེར་གཏོང་བ་དང་། སྤོ་སྒྱུར་གཏོང་སྤྲོད་མ་དངུལ་སྡེབ་སྒྲིག་དང་གཅིག་འདོམས་ཀྱིས་བཀོལ་སྤྱོད་བྱེད་པའི་ཚོད་ལྟ་བྱས་ཏེ། ས་གནས་ཀྱི་རང་བདག་ནོར་ཤུགས་དང་གཅིག་གྱུར་འཆར་འགོད་བྱེད་ནུས་ཆེ་རུ་གཏོང་དགོས། རིམ་དབྱེ་འགན་སྲུང་གི་བྱེད་པོའི་འགན་འཁྲི་ནན་དཀྲི་བྱས་ནས་གཞི་རིམ་གྱི་“འགན་གསུམ་”གྱི་མཐའ་ཚད་བརྟན་པོར་སྲུང་དགོས། སྲིད་གཞུང་རིམ་པ་ཁག་གིས་སྔར་ལས་ལེགས་པར་“ཁྱིམ་འཛིན་འབྱོར་སྐྱོང་”བྱས་ཏེ། ཡོང་སྒོ་འཕར་སྣོན་དང་གཏོང་སྒོ་གྲོན་ཆུང་བྱེད་པའི་ལམ་སྲོལ་འཛུགས་པ་དང་ཆ་ཚང་དུ་གཏོང་བ་དང་།  ཐོན་ཁུངས་དང་རྒྱུ་ནོར་བསགས་འབོར་ཧུར་ཐག་གིས་འཁྲུག་གཏོང་དང་བེད་སྤྱོད་བྱེད་དགོས། ནོར་སྲིད་དཔལ་འབྱོར་གྱི་སྒྲིག་ཁྲིམས་གཟབ་ནན་དང་སྔོན་རྩིས་གཅུན་སྡོམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤྱིར་བཏང་རང་བཞིན་གྱི་གཏོང་སྒོ་ཚོད་འཛིན་ནན་པོ་བྱེད་དགོས། གྲོན་ཆུང་གིས་འཚོ་བ་སྐྱེལ་བའི་བླང་བྱ་མཐའ་གཅིག་ཏུ་དོན་འཁྱོལ་བྱས་ཏེ། གྲོན་ཆུང་བྱས་པའི་དངུལ་སྐར་གང་ཡིན་ཡང་ངེས་པར་དུ་འཕེལ་རྒྱས་ཀྱི་གནད་འགག་ཆེ་ས་དང་མང་ཚོགས་ཀྱི་དགོས་གཏུག་ཆེ་སར་བེད་སྤྱོད་གཏོང་དགོས།

ལྷུག་པོར་འོས་འཚམ་གཏོང་བའི་དངུལ་ལོར་སྲིད་ཇུས་མུ་མཐུད་དུ་ལག་བསྟར་བྱེད་དགོས། དཔལ་འབྱོར་འཕར་སྣོན་བརྟན་པོ་ཡོང་བ་དང་ཟོག་གོང་ལུགས་མཐུན་ངང་བསྐྱར་འཕར་ཡོང་བར་སྐུལ་སྤེལ་གཏོང་རྒྱུ་དེ་དངུལ་ལོར་སྲིད་ཇུས་ཀྱི་བསམ་བློ་གཏོང་ས་གལ་ཆེན་ཞིག་ཏུ་བརྩིས་ཏེ། གྲབས་གཅོག་སྐྱེད་གཅོག་སོགས་ཀྱི་སྲིད་ཇུས་ཡོ་བྱད་སྣ་ཚོགས་བབ་བསྟུན་ནུས་ཆེའི་སྒོ་ནས་སྤྱད་དེ་འཁོར་རྒྱུག་རང་བཞིན་འདང་ངེས་མཐའ་འཁྱོངས་བྱས་ཏེ། སྤྱི་ཚོགས་ཀྱི་མ་དངུལ་སྡུད་པའི་གཞི་ཁྱོན་དང་། དངུལ་ལོར་འདོན་སྤྲོད་བྱེད་ཚད་འཕར་བ་དེ་དཔལ་འབྱོར་འཕར་སྣོན་དང་རིན་གོང་གི་སྤྱིའི་ཆུ་ཚད་ཀྱི་སྔོན་དཔག་དམིགས་འབེན་དང་ཕན་ཚུན་འཚམ་མཐུན་ཡོང་བར་བྱེད་དགོས། གྲུབ་ཚུལ་རང་བཞིན་གྱི་དངུལ་ལོར་སྲིད་ཇུས་ཡོ་བྱད་ལེགས་སྒྱུར་དང་གསར་གཏོད་བྱེད་པ་དང་། གཞི་ཁྱོན་ཆེ་རུ་འོས་འཚམ་གཏོང་བ། ལག་བསྟར་བྱེད་སྟངས་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས། དངུལ་ལོར་སྲིད་ཇུས་བརྒྱུད་འདྲེན་ལམ་སྲོལ་གེགས་མེད་བཟོ་བ་དང་། གཞི་གྲངས་བདག་རྐྱེན་དང་ཤེས་བྱའི་ཐོན་དབང་སོགས་གཟུགས་མེད་རྒྱུ་ནོར་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཅིང་། དཔྱད་ཞིབ་དཔྱད་དཔོག་དང་། དངུལ་སྡུད་ཁག་ཐེག ཉེན་ཁའི་ཁ་གསབ་སྤྲོད་པ་སོགས་རྒྱབ་སྐྱོར་བྱེད་ཐབས་སྤྱོད་ཤུགས་ཆེ་རུ་བཏང་སྟེ། དངུལ་རྩའི་སྒྲིག་གཞིས་ནང་མཁོ་རྒྱ་སྐྱེད་དང་། ཚན་རྩལ་གསར་གཏོད། ཁེ་ལས་འབྲིང་ཆུང་ཕྲན་གསུམ་སོགས་གཙོ་གནད་ཁྱབ་ཁོངས་ལ་ཤུགས་ཆེན་པོས་རྒྱབ་སྐྱོར་བྱེད་པར་ཁྲིད་སྟོན་བྱེད་དགོས། ཡིད་རྟོན་དངུལ་བུན་ཚོང་རའི་གཉེར་སྐྱོང་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་། དངུལ་སྡུད་བྱེད་རིམ་ཁྲོད་ཀྱི་འགྲོ་གྲོན་དམའ་རུ་བཏང་སྟེ། སྤྱི་ཚོགས་ཀྱི་ཕྱོགས་བསྡུས་དངུལ་སྡུད་མ་གནས་དམའ་རིམ་དུ་འཁོར་སྐྱོད་བྱེད་པར་སྐུལ་སྤེལ་གཏོང་དགོས། མི་དམངས་ཤོག་སྒོར་གྱི་དངུལ་བརྗེས་འཛའ་ཐང་དེ་ལུགས་མཐུན་དང་དོ་མཉམ་གྱི་ཆུ་ཚད་ཐོག་གཞི་རྩའི་ཆ་ནས་བརྟན་པོ་ཡོང་བ་མཐའ་འཁྱོངས་བྱེད་དགོས།

སྒྱུར་བཅོས་བྱེད་ཐབས་དང་སྤྱི་ཁོག་སྲིད་ཇུས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ན་སྲིད་ཇུས་ཀྱི་ཕན་འབྲས་ཐོན་དགོས་ལ། སྒྱུར་བཅོས་ཐད་ནས་ཀྱང་ཕན་ནུས་འདོན་དགོས། སྒྱུར་བཅོས་ཀྱི་བྱེད་ཐབས་སྤྱད་དེ་དཔལ་འབྱོར་རེས་འཁོར་གྱི་ཐོགས་ས་འགག་ས་བསལ་ནས། སྲིད་ཇུས་ཀྱི་ཕན་འབྲས་དེ་དཔལ་འབྱོར་གྱི་ནང་སྐྱེས་འཕར་སྣོན་གྱི་སྒུལ་ནུས་སུ་འགྱུར་བར་བྱེད་དགོས། སྤྱི་ཁོག་སྲིད་ཇུས་འཛིན་ཕྱོགས་ཀྱི་གཅིག་གྱུར་རང་བཞིན་དང་ནུས་ལྡན་རང་བཞིན་ཆེ་རུ་བཏང་སྟེ། རིགས་མི་འདྲ་བའི་དཔལ་འབྱོར་སྲིད་ཇུས་དང་དཔལ་འབྱོར་མིན་པའི་སྲིད་ཇུས། བསགས་འབོར་སྲིད་ཇུས་དང་འཕར་འབོར་སྲིད་ཇུས་བཅས་སྤྱི་ཁོག་སྲིད་ཇུས་འཛིན་ཕྱོགས་ཀྱི་གཅིག་གྱུར་རང་བཞིན་དཔྱད་དཔོག་བྱེད་ཁོངས་སུ་བཅུག་སྟེ། སྲིད་ཇུས་དང་བྱེད་ཐབས་རིགས་མི་འདྲ་བ་ཁག་གིས་ཕྱོགས་གཅིག་ལ་ཤུགས་རྒྱག་པ་དང་སྒྲིལ་ཤུགས་ཆགས་པར་བྱེད་དགོས། ནོར་སྲིད་དང་། དངུལ་རྩ། ལས་ཞུགས། ཐོན་ལས་སོགས་ཀྱི་སྲིད་ཇུས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྲིད་ཇུས་ཟུང་འབྲེལ་བྱེད་ས་སྔོག་འདོན་གཏིང་ཟབ་བྱས་ཐོག ལག་བསྟར་ཡོ་བྱད་གསར་གཏོད་བྱས་ཏེ། “ཐབས་མང་མཉམ་སྤྱོད་”ཀྱི་ཕན་ནུས་རྒྱུན་མཐུད་ངང་ཆེ་རུ་གཏོང་དགོས། སྔོན་དཔག་དོ་དམ་ལམ་སྲོལ་ཆ་ཚང་དུ་བཏང་ནས་སྤྱི་ཚོགས་ཀྱི་ཡིད་ཆེས་ཆེ་རུ་བསྐྱེད་དགོས།

བཞི། 2026ལོའི་སྲིད་གཞུང་ལས་དོན་གྱི་ལས་འགན།

ཏང་ཀྲུང་དབྱང་གིས་ད་ལོའི་ལས་དོན་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཡོད་པས། ང་ཚོས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ལས་དོན་ཁག་ཏན་ཏིག་གིས་ཡག་པོར་སྒྲུབ་དགོས།

(གཅིག) རྒྱལ་ནང་གི་ཚོང་ར་སྟོབས་ལྡན་འཛུགས་སྐྲུན་བྱེད་པར་ཤུགས་རྒྱག་དགོས། ནང་མཁོས་གཙོ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་། འཛད་སྤྱོད་ལ་སྐུལ་སྤེལ་དང་དངུལ་འཇོག་རྒྱ་ཆེར་གཏོང་བ་གཅིག་གྱུར་འཆར་འགོད། ནང་མཁོ་འཕར་སྣོན་ཡོང་བའི་བར་སྟོང་གསར་པ་རྒྱ་སྐྱེད་བཅས་བྱས་ཏེ། རང་རྒྱལ་གྱི་གཞི་ཁྱོན་ཤིན་ཏུ་ཆེ་བའི་ཚོང་རའི་དགེ་མཚན་སྔར་ལས་ལྷག་པར་འདོན་སྤེལ་བྱེད་དགོས།

འཛད་སྤྱོད་ཆེར་སྐྱེད་ཀྱི་ཆེད་དམིགས་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་དགོས། སྡོད་དམངས་ཀྱི་འཛད་སྤྱོད་ཀྱི་ནང་སྐྱེས་སྒུལ་ཤུགས་སྐུལ་སློང་དང་འཛད་སྤྱོད་ལ་སྐུལ་སྤེལ་གཏོང་བའི་སྲིད་ཇུས་མཉམ་སྤྱོད་བྱས་ཏེ། འཛད་སྤྱོད་རྒྱུན་མཐུད་ངང་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་ཡོང་འབབ་འཕར་སྣོན་གྱི་འཆར་གཞི་གཏན་འབེབས་དང་ལག་བསྟར་བྱས་ཏེ། ཡོང་འབབ་དམའ་བའི་མི་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་སྤེལ་གཏོང་བ་དང་། སྡོད་དམངས་ཀྱི་རྒྱུ་ནོར་རང་བཞིན་གྱི་ཡོང་འབབ་འཕར་སྣོན་བྱེད་པ། གླ་ཕོགས་དང་སྤྱི་ཚོགས་འགན་སྲུང་ལམ་ལུགས་འཐུས་ཚང་དུ་གཏོང་བ་སོགས་ཀྱི་ཐད་ལ་དངོས་སྒྲུབ་བྱེད་ཐབས་ཁག་ཅིག་འདོན་དགོས། ཚོང་རྫས་འཛད་སྤྱོད་ཤོང་སྐྱེད་སྤུས་འདེགས་ཡོང་བར་སྐུལ་སྤེལ་གཏོང་བ་དང་། ཚད་བརྒལ་ཡུན་རིང་དམིགས་བསལ་རྒྱལ་བུན་སྒོར་དུང་ཕྱུར་2500བཀོད་སྒྲིག་བྱས་ནས་འཛད་རྫས་རྙིང་ཚབ་གསར་བརྗེ་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། སྲིད་ཇུས་ལག་བསྟར་ལམ་སྲོལ་ལེགས་སྒྱུར་བྱེད་དགོས། ནོར་སྲིད་དང་དངུལ་རྩ་མཐུན་སྦྱོར་གྱིས་ནང་མཁོར་སྐུལ་སྤེལ་གཏོང་བའི་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར་1000བཙུགས་ནས། དངུལ་བུན་གྱི་སྐྱེད་གསབ་དང་། དངུལ་སྡུད་ཁག་ཐེག ཉེན་ཁའི་ཁ་གསབ་སྤྲོད་པ་སོགས་བྱེད་ཐབས་སྡེབ་སྤྱོད་བྱས་ཏེ། ནང་མཁོ་རྒྱ་སྐྱེད་གཏོང་བར་རྒྱབ་སྐྱོར་བྱེད་དགོས། མི་སྒེར་གྱི་འཛད་སྤྱོད་དངུལ་བུན་དང་ཞབས་ཞུའི་ལས་རིགས་ཀྱི་གཉེར་སྐྱོང་བྱེད་པོའི་དངུལ་བུན་ལ་སྐྱེད་གསབ་སྲིད་ཇུས་ཀྱིས་རྒྱབ་སྐྱོར་བྱེད་པའི་ཁྱབ་ཁོངས་རྒྱ་སྐྱེད་པ་དང་། སྐྱེད་ཀའི་ཡས་མཐའ་མཐོ་རུ་གཏོང་བ་དང་། ལག་བསྟར་གྱི་ཡུན་ཚད་རིང་དུ་གཏོང་དགོས། ཐེངས་གཅིག་གིས་ཡིད་རྟོན་ཉམས་གསོ་བྱེད་པའི་སྲིད་ཇུས་ལག་བསྟར་ཡག་པོ་བྱེད་དགོས། ཞབས་ཞུའི་འཛད་སྤྱོད་སྤུས་འདེགས་དམངས་ཕན་བྱ་སྤྱོད་ལག་བསྟར་བྱས་ནས། སྐུལ་ཁྲིད་བྱེད་ཁྱོན་ཆེ་ཞིང་མངོན་ཚད་མཐོ་བའི་འཛད་སྤྱོད་གནས་ལྗོངས་གསར་པ་ཁག་ཅིག་བཏོད་དེ། འཛད་སྤྱོད་ཀྱི་འཕར་གཞི་གསར་པ་སྐྱེད་སྲིང་མགྱོགས་སུ་གཏོང་དགོས། དྲ་ཕྱིའི་འཛད་སྤྱོད་འཁྲུག་ཏུ་བཏང་ནས་གཤམ་སྒྱུར་ཚོང་རའི་འཛད་སྤྱོད་གསོན་ཤུགས་སྐུལ་སློང་བྱེད་དགོས། འཛད་སྤྱོད་ཁྱབ་ཁོངས་ཀྱི་ལུགས་མཐུན་མིན་པའི་ཚོད་འཛིན་བྱེད་ཐབས་གཙང་བཤེར་བྱེད་པ་དང་། རིག་གནས་ཡུལ་སྐོར་དང་། འགྲན་བསྡུར། ཁམས་གསོ་སོགས་ཁྱབ་ཁོངས་ཀྱི་འཛད་སྤྱོད་གཏིང་ཤུགས་གློད་གྲོལ་གཏོང་དགོས། ཆ་རྐྱེན་འཛོམས་པའི་ས་གནས་ཀྱིས་སློབ་གྲྭ་ཆུང་འབྲིང་གི་སྟོན་དཔྱིད་ཀྱི་གུང་གསེང་ཁྱབ་གདལ་དུ་གཏོང་བ་དང་། ལས་བཟོ་པའི་ཕོགས་ལྡན་འཚང་གཡོལ་གུང་གསེང་ལམ་ལུགས་དོན་འཁྱོལ་བྱེད་པར་རྒྱབ་སྐྱོར་བྱེད་དགོས། འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་དགོས། རྒྱལ་ཁོངས་སུ་འཛུལ་ནས་འཛད་སྤྱོད་བྱེད་པའི་ཁོར་ཡུག་ལེགས་སྒྱུར་བྱས་ནས་“ཀྲུང་གོ་རུ་ཉོ་སྒྲུབ་”ཀྱི་སྤུས་རྟགས་གཏོད་དགོས།

ནུས་ལྡན་དངུལ་འཇོག་གི་གཏིང་ཤུགས་སྔོག་འདོན་དང་གློད་གྲོལ་གང་ལེགས་གཏོང་དགོས། སྤུས་གསར་ཐོན་སྐྱེད་ནུས་ཤུགས་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་དཔེ་གསར། མི་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བ་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས། ཚོང་རས་གཙོ་ཁྲིད་བྱེད་པའི་ནུས་ལྡན་དངུལ་འཇོག་འཕར་བའི་སྒུལ་ཤུགས་ཆེ་རུ་གཏོང་བ་དང་དམངས་འཚོའི་རིགས་ལ་སྲིད་གཞུང་གིས་མ་དངུལ་འཇོག་པའི་བསྡུར་ཚད་མཐོ་རུ་གཏོང་དགོས། ད་ལོར་ཀྲུང་དབྱང་གི་སྔོན་རྩིས་ནང་ནས་མ་དངུལ་སྒོར་དུང་ཕྱུར་7550འཇོག་རྒྱུ་བཀོད་སྒྲིག་བྱེད་རྩིས་ཡོད། ཚད་བརྒལ་ཡུན་རིང་དམིགས་བསལ་རྒྱལ་བུན་མ་དངུལ་སྒོར་དུང་ཕྱུར་8000བཀོད་སྒྲིག་བྱས་ནས་“གནད་གཉིས་”འཛུགས་སྐྲུན་བྱེད་པར་སྤྱོད་རྒྱུ་དང་། ཀྲུང་དབྱང་གི་དངུལ་འཇོག་ཁ་གསབ་ཚད་གཞི་རིགས་དབྱེ་ནས་མཐོ་རུ་གཏོང་དགོས། ལས་གཞིའི་འཛུགས་སྐྲུན་ལ་སྤྱོད་པའི་ས་གནས་སྲིད་གཞུང་གི་ཆེད་དམིགས་བུན་འཛིན་གྱི་གྲངས་བཅད་ལོགས་སུ་བཏོན་ནས་མཐོ་རུ་བཏང་སྟེ་དངུལ་འཇོག་ལས་གཞི་གྲ་སྒྲིག་གང་ལེགས་བྱས་ཤིང་མ་དངུལ་བེད་སྤྱོད་ཡག་པོ་བྱུང་བའི་ས་གནས་ལ་མུ་མཐུད་ཕྱོགས་ཆ་ལྡན་པར་བྱེད་དགོས། སྲིད་ཇུས་རང་བཞིན་གྱི་དངུལ་རྩའི་ཡོ་བྱད་དཔེ་གསར་སྒོར་དུང་ཕྱུར་8000འགྲེམ་སྤེལ་བྱས་ནས་སྤྱི་ཚོགས་ཀྱི་མ་རྩ་དེ་བས་མང་བ་དངུལ་འཇོག་ནང་ཞུགས་པར་སྐུལ་ཁྲིད་བྱེད་དགོས།  སྲིད་གཞུང་གི་དངུལ་འཇོག་མ་དངུལ་སྣ་ཚོགས་གཅིག་འདོམས་ཀྱིས་བེད་སྤྱོད་ཡག་པོ་བྱས་ཏེ། ལས་ཀའི་རྨང་གཞི་ཅུང་བཟང་བའི་ས་གནས་ཀྱིས་རྒྱ་ཚད་ཡོངས་སུ་སྲིད་གཞུང་གིས་མ་དངུལ་འཇོག་པའི་འཆར་གཞི་སྒྲིག་བཟོ་བྱ་རྒྱུར་འཚོལ་ཞིབ་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་།  ལས་གཞིའི་མ་དངུལ་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་ཕན་ཆུང་དང་ཕན་མེད་ཀྱི་དངུལ་འཇོག་རིགས་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། དམངས་ཁྲོད་དངུལ་འཇོག་ལ་སྐུལ་སྤེལ་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་དང་། དམངས་གཉེར་ཁེ་ལས་ལས་གཞི་གནད་ཆེན་འཛུགས་སྐྲུན་ནང་ཞུགས་པའི་ཡུན་ཕན་ལམ་སྲོལ་འཐུས་ཚང་དུ་གཏོང་བ།  དམངས་ཁྲོད་དངུལ་འཇོག་དེ་ལག་རྩལ་མཐོ་གྲས་དང་དེང་རབས་ཞབས་ཞུའི་ལས་རིགས་སོགས་འགྲན་ལམ་གསར་པར་རྒྱ་སྐྱེད་གཏོང་བར་ཁྲིད་སྟོན་བཅས་བྱས་ཏེ། དམངས་ཁྲོད་དངུལ་འཇོག་གི་གསོན་ཤུགས་སྐུལ་སློང་ནུས་ལྡན་བྱེད་དགོས།

(གཉིས།) སྒུལ་ནུས་གསར་པ་སྐྱེད་སྲིང་དང་སྟོབས་ཆེར་གང་མགྱོགས་གཏོང་དགོས། དཔལ་འབྱོར་གོང་དུ་སྤེལ་བའི་ཤུགས་རྒྱག་ས་དེ་དངོས་གཞིའི་དཔལ་འབྱོར་ཐོག་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་བཏང་སྟེ། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་དགོས།

སྲོལ་རྒྱུན་ཐོན་ལས་ལེགས་སྒྱུར་མཐོར་འདེགས་གཏོང་དགོས། གཙོ་གནད་ཐོན་ལས་སྤུས་འདེགས་རིམ་སྤར་ཡོང་བར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་། ལག་རྩལ་གནད་ཆེན་སྒྱུར་བཀོད་རིམ་སྤར་གྱི་ལས་གཞི་ཁག་ཅིག་གསར་དུ་བཀོད་སྒྲིག་དང་། ཚད་བརྒལ་ཡུན་རིང་དམིགས་བསལ་རྒྱལ་བུན་མ་དངུལ་སྒོར་དུང་ཕྱུར་2000བཀོད་སྒྲིག་བྱས་ནས་གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་སྒྱུར་བྱེད་པར་རྒྱབ་སྐྱོར་བྱེད་དགོས། རེབ་གསར་པའི་བཟོ་སྐྲུན་ལས་རིགས་ཀྱི་གཙོ་གནད་ཐོན་ལས་མུ་ཕྲེང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བའི་བྱ་སྤྱོད་ལག་བསྟར་བྱེད་པ་དང་། ཐོན་ལས་རྨང་གཞི་བསྐྱར་སྐྲུན་དང་ལག་རྩལ་སྒྲིག་ཆས་གནད་ཆེན་འགག་སྒྲོལ་བྱེད་ཤུགས་ཆེ་རུ་བཏང་ནས། རྒྱལ་ཁབ་ཀྱི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཁྱུ་ཚོགས་ཁག་ཅིག་བསྐྲུན་དགོས། ཀུན་ཕན་རང་བཞིན་གྱི་“སྤྲིན་ཞུགས་གྲངས་སྤྱོད་རིག་སྩོལ་” གྱི་ཞབས་ཞུ་ཁྱབ་སྤེལ་གཏོང་བ་དང་། ཁེ་ལས་འབྲིང་ཆུང་རིག་གྲངས་ཅན་དུ་རིགས་སྒྱུར་ལ་རྒྱབ་སྐྱོར་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་གཏོང་དགོས། རིག་ནུས་བཟོ་སྐྲུན་རྒྱ་སྐྱེད་གཏོང་བ་དང་། རིག་ནུས་བཟོ་གྲྭ་དང་རིག་ལྡན་འདོན་སྤྲོད་མུ་ཕྲེང་ཁག་ཅིག་གསར་དུ་འཛུགས་སྐྲུན་བྱེད་དགོས། རིག་ནུས་བཟོ་སྐྲུན་འཕེལ་རྒྱས་བཏང་སྟེ། དེང་རབས་ཅན་གྱི་བཟོ་བཀོད་ཐོན་ལས་མུ་ཕྲེང་སྐྱེད་སྲིང་བྱེད་དགོས། ཚད་གཞི་རིམ་སྤར་ལ་སྐུལ་འདེད་གང་མགྱོགས་གཏོང་བ་དང་། སྤུས་ཚད་ལ་ལྟ་སྐུལ་དང་སྤུས་རྟགས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། ཁེ་ལས་ཀྱིས་སྔར་བས་སྤུས་ལེགས་དང་སྔར་བས་ཁྱད་ཆོས་ལྡན་པའི་ཐོན་རྫས་འདོན་སྤྲོད་བྱེད་པར་རྒྱབ་སྐྱོར་བཅས་བྱེད་དགོས།

གསར་དར་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་དགོས། ཐོན་ལས་གསར་གཏོད་ལས་གྲྭ་ལག་བསྟར་དང་། ཀྲུང་དབྱང་ཁེ་ལས་དང་གཞུང་ཁོངས་ཁེ་ལས་ཀྱིས་སྣེ་ཁྲིད་དེ་བཀོལ་སྤྱོད་གནས་ལྗོངས་སྒོ་འབྱེད་པར་བསྔགས་སྐུལ་བྱས་ཏེ། འདུས་གྲུབ་གློག་ལམ་དང་། མཁའ་འགྲུལ་མཁའ་སྐྱོད། སྐྱེ་དངོས་སྨན་རྫས། དམའ་དབྱིངས་དཔལ་འབྱོར་སོགས་གསར་དར་ཀ་རྟེན་ཐོན་ལས་གཏོད་དགོས། འབྱུང་འགྱུར་ཐོན་ལས་ལ་མ་དངུལ་འཇོག་གྲངས་འཕར་སྣོན་དང་ཉེན་ཁ་མཉམ་འཁུར་གྱི་ལམ་སྲོལ་འཛུགས་པ་དང་། འབྱུང་འགྱུར་ནུས་ཁུངས་དང་། ཚད་རྡུལ་ཚན་རྩལ། སྐྱེ་དངོས་བཟོ་སྐྲུན།  གཟུགས་ལྡན་རིག་ནུས། ཀླད་འཕྲུལ་མཐུད་ཁ། 6Gསོགས་འབྱུང་འགྱུར་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་དགོས། ཆེད་ཞིབ་ཁྱད་གསར་བཞི་ལྡན་གྱི་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བར་སྐུལ་སྤེལ་གཏོང་བའི་ལམ་སྲོལ་འཛུགས་པ་དང་། རི་དྭགས་རྭ་གཅིག་ཁེ་ལས་སྐྱེད་སྲིང་བྱེད་དགོས།  རྒྱལ་ཁབ་ཀྱི་ལས་གཏོད་དངུལ་འཇོག་ཁྲིད་སྟོན་ཐེབས་རྩ་ཕན་ནུས་ཆེན་པོས་བེད་སྤྱོད་ཡག་པོ་བྱེད་པ་དང་། ལས་གཏོད་དངུལ་འཇོག་དང་ཕོ་ཉའི་དངུལ་འཇོག་འཕེལ་རྒྱས་ཤུགས་ཆེན་གཏོང་བ། སྲིད་གཞུང་དངུལ་འཇོག་ཐེབས་རྩས་སྣེ་ཁྲིད་དེ་ངང་རིང་མ་རྩ་བྱེད་པ་བཅས་བྱས་ཏེ། གསར་བཙུགས་ཁེ་ལས་སྔར་ལས་མང་བ་ཚན་རྩལ་སྣེ་ཁྲིད་ཁེ་ལས་སུ་མྱུར་དུ་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་དགོས།

ཞབས་ཞུའི་ལས་རིགས་ནུས་སྐྱེད་སྤུས་འདེགས་བྱེད་དགོས། སྔོན་ཐོན་བཟོ་སྐྲུན་ལས་རིགས་དང་དེང་རབས་ཞབས་ཞུའི་ལས་རིགས་མཉམ་འདྲེས་འཕེལ་རྒྱས་ཚོད་ལྟ་ཟབ་སྤེལ་བྱེད་དགོས། ཚན་རྩལ་ཞབས་ཞུའི་ཚོང་ར་སྟོབས་ཆེར་གཏོང་བ་དང་། མཉེན་ཆས་ཞབས་ཞུའི་རིན་ཐང་མཐོར་འདེགས་གཏོང་བར་སྐུལ་སྤེལ་གཏོང་དགོས། དངུལ་རྩ་དང་། ཆ་འཕྲིན་ལག་རྩལ།  དེང་རབས་ཟོག་འདྲེན། ཤེས་བྱའི་ཐོན་དབང་། ཞིབ་དཔྱད་ཚད་ལེན་སོགས་ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་བ་བཅས་བྱེད་དགོས། འཚོ་བའི་རང་བཞིན་གྱི་ཞབས་ཞུའི་ལས་རིགས་སྤུས་ཚད་མཐོ་བ་དང་། སྣ་མང་ཅན། སྟབས་བདེ་ཅན་བཅས་སུ་འཕེལ་རྒྱས་འགྲོ་བར་སྐུལ་སྤེལ་གཏོང་དགོས། ཞབས་ཞུའི་ལས་རིགས་ཞུགས་འཐུས་ཀྱི་ཚོད་འཛིན་རིམ་ལྡན་སྒོ་ནས་ལྷུག་ཏུ་གཏོང་བ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་ཞབས་ཞུའི་ལས་རིགས་ལ་མ་དངུལ་འཇོག་རྒྱ་ཆེ་རུ་གཏོང་དགོས། ཞབས་ཞུའི་ལས་རིགས་ཀྱི་རྒྱལ་ཁབ་ཚད་གཞི་ཆ་ཚང་དུ་གཏོང་བ་དང་། “ཀྲུང་གོའི་ཞབས་ཞུའི་”སྤུས་རྟགས་སྐྱེད་སྲིང་བྱེད་དགོས།

རིག་ནུས་དཔལ་འབྱོར་གྱི་རྣམ་པ་གསར་པ་གཏོད་དགོས། “མིས་བཟོས་རིག་ནུས་+”རྒྱ་སྐྱེད་ཟབ་སྤེལ་དང་། རབས་གསར་པའི་རིག་ནུས་མཐའ་སྣེ་དང་རིག་ནུས་གཟུགས་མགྱོགས་མྱུར་ངང་ཁྱབ་སྤེལ་གཏོང་རྒྱུར་སྐུལ་སྤེལ་གཏོང་བ། གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི་མིས་བཟོས་རིག་ནུས་ཚོང་ལས་ཅན་དང་གཞི་ཁྱོན་ཅན་དུ་བཀོལ་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ། རིག་ནུས་གདོད་སྐྱེས་ཀྱི་ལས་རྣམ་གསར་པ་དང་དཔེ་རྣམ་གསར་པ་སྐྱེད་སྲིང་བཅས་བྱེད་དགོས། མིས་བཟོས་རིག་ནུས་ཀྱི་ཁུངས་འབྱེད་སྡེ་ཁུལ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཏེ། ཁུངས་འབྱེད་སྐྱེ་ཁམས་དར་རྒྱས་ཡོང་བར་སྐུལ་སྤེལ་གཏོང་དགོས། གཞི་ཁྱོན་ཧ་ཅང་ཆེ་བའི་རིག་རྩིས་ཁྱུ་ཚོགས་དང་རྩིས་གློག་མཐུན་སྦྱོར་སོགས་རྨང་གཞིའི་འཛུགས་སྐྲུན་ལས་གྲྭ་གསར་པ་ལག་བསྟར་བྱེད་པ་དང་། རྒྱལ་ཡོངས་གཞི་གཅིག་ཅན་གྱི་རྩི་ནུས་ལྟ་ཞིབ་ཚད་ལེན་དང་བཀོད་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤྱི་པའི་སྤྲིན་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་དགོས། འཁོར་སྐར་མཉམ་སྦྲེལ་དྲ་རྒྱ་འཕེལ་རྒྱས་མགྱོགས་སུ་གཏོང་དགོས། “5G+བཟོ་ལས་མཉམ་སྦྲེལ་དྲ་རྒྱའི་”རིམ་སྤར་པར་གཞི་སྐྲུན་དགོས། གཞི་གྲངས་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་གཏིང་ཟབ་དང་། གཞི་གྲངས་བདག་རྐྱེན་གྱི་རྨང་གཞིའི་ལམ་ལུགས་ཆ་ཚང་དུ་བཏང་སྟེ། སྤུས་ཚད་མཐོ་བའི་གཞི་གྲངས་ཚོགས་སྤྱི་འཛུགས་དགོས། མིས་བཟོས་རིག་ནུས་བཅོས་སྐྱོང་བྱེད་སྟངས་འཐུས་ཚང་དུ་གཏོང་དགོས།

(གསུམ།) ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་མགྱོགས་སུ་གཏོང་དགོས། རེབ་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་ལོ་རྒྱུས་གོ་སྐབས་དམ་འཛིན་བྱེད་པ་དང་། ཕྱོགས་ཡོངས་ནས་རང་བརྟེན་གསར་གཏོད་བྱེད་ནུས་ཆེ་རུ་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚན་རྩལ་གྱི་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས།

ཐོག་མའི་གསར་གཏོད་དང་འགག་རྩའི་སྲོག་ཤིང་ལག་རྩལ་འགག་སྒྲོལ་བྱེད་པར་ཤུགས་རྒྱག་དགོས། རྒྱལ་ཡོངས་སྟོབས་ཤུགས་གཅིག་སྒྲིལ་གྱི་སྒྲིག་སྲོལ་དཔེ་གསར་གྱི་དགེ་མཚན་འདོན་སྤེལ་བྱེད་པ་དང་། མུ་ཕྲེང་ཡོངས་སུ་འགག་རྩའི་སྲོག་ཤིང་ལག་རྩལ་འགག་སྒྲོལ་བྱེད་པར་སྐུལ་འདེད་གཏོང་བ། ཚན་རྩལ་ལས་གཞི་གནད་ཆེན་སྒྲིག་འཛུགས་དང་ལག་བསྟར་ཡག་པོ་བྱེད་པ། འཐབ་ཇུས་མདུན་གྲལ་ཁྱབ་ཁོངས་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། ཐོག་མའི་གསར་གཏོད་རང་བཞིན་གྱི་གྲུབ་འབྲས་སྔར་ལས་མང་བ་ཐོན་པར་བྱེད་དགོས། རྨང་གཞིའི་ཞིབ་འཇུག་ལ་མ་དངུལ་འཇོག་པའི་བསྡུར་ཚད་མུ་མཐུད་མཐོ་རུ་བཏང་ནས། དུས་ཡུན་རིང་པོར་བརྟན་པོའི་ངང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས།  རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་གཅིག་འདོམས་ཀྱིས་འཛུགས་སྐྲུན་བྱེད་པ་དང་། ཚན་རིག་ཞིབ་འཇུག་ཁང་སྒྱུར་བཅོས་ཟབ་སྤེལ་བྱས་ཏེ། རྒྱལ་ཁབ་ཀྱི་ཚོད་ལྟ་ཁང་དང་། ཚན་རྩལ་གྱི་ལས་འགན་གནད་ཆེན། ཚན་རྩལ་གྱི་རྨང་གཞིའི་སྒྲིག་བཀོད་གནད་ཆེན་བཅས་གཅིག་འདོམས་ཀྱིས་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚན་རྩལ་རྨང་གཞིའི་ཆ་རྐྱེན་རང་བརྟེན་གྱིས་འགན་སྲུང་བྱེད་ཤུགས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས། ཚན་རིག་ལག་རྩལ་ཁྱབ་གདལ་དུ་གཏོང་བར་ཤུགས་བརྒྱབ་ནས་དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་མཐོ་རུ་གཏོང་དགོས། ཚན་རིག་པའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཚན་རྩལ་གདེང་འཇོག་མ་ལག་སྒྱུར་བཅོས་ཟབ་སྤེལ་བྱེད་དགོས། ཐོག་མའི་གསར་གཏོད་རང་བཞིན་དང་རྩ་སློག་རང་བཞིན་གྱི་གསར་གཏོད་ལ་ཕན་པའི་ཁོར་ཡུག་ལེགས་སྒྱུར་བྱེད་དགོས།

ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས། པེ་ཅིན་(པེ་ཅིན་ཐེན་ཅིན་ཧོ་པེ་གསུམ་)དང་། ཧྲང་ཧའེ།(འབྲི་ཆུའི་ཟུར་གསུམ་གླིང་།) ཡུའེ་ཀང་ཨའོ་ཁུག་ཆེན་ཁུལ་བཅས་ཀྱི་རྒྱལ་སྤྱིའི་ཚན་རྩལ་གསར་གཏོད་ལྟེ་གནས་འཛུགས་སྐྲུན་བྱས་ཏེ། འཛམ་གླིང་རིམ་པའི་ཚན་རྩལ་གསར་གཏོད་ཀྱི་འབྱུང་གནས་སྐྲུན་དགོས། ཁེ་ལས་ཀྱི་གསར་གཏོད་བྱེད་པོའི་གོ་གནས་ཆེ་རུ་གཏོང་བ་དང་། ཚན་རྩལ་སྣེ་ཁྲིད་ཁེ་ལས་ཀྱིས་སྣེ་ཁྲིད་དེ་གསར་གཏོད་མཉམ་འབྲེལ་སྒྲིག་གཞི་འཛུགས་པར་རྒྱབ་སྐྱོར་བྱས་ཏེ། རྒྱལ་ཁབ་ཀྱི་ཚན་རྩལ་ལས་གཞི་གནད་ཆེན་སྒྲུབ་འགན་འཁུར་བའི་བསྡུར་ཚད་ཆེ་རུ་གཏོང་དགོས། དུས་དཀྱིལ་ཚོད་ལྟའི་ར་སྤྲོད་ཀྱི་ལས་སྟེགས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གསར་དར་ཁྱབ་ཁོངས་ཀྱི་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ལམ་ལུགས་འཐུས་ཚང་དུ་གཏོང་བ། ཚན་རྩལ་གྲུབ་འབྲས་གལ་ཆེན་ནུས་ཆེའི་ངང་སྤོ་སྒྱུར་དང་བཀོལ་སྤྱོད་མགྱོགས་སུ་གཏོང་བ་བཅས་བྱེད་དགོས། ཚན་རྩལ་གསར་གཏོད་ཀྱི་མུ་ཕྲེང་ཡོངས་དང་ཚེ་སྲོག་གི་དུས་འཁོར་ཧྲིལ་པོར་དངུལ་རྩའི་ཞབས་ཞུ་སྒྲུབ་པར་ཤུགས་རྒྱག་པ་དང་། འགག་རྩའི་སྲོག་ཤིང་ལག་རྩལ་ཁྱབ་ཁོངས་ཀྱི་ཚན་རྩལ་ཅན་གྱི་ཁེ་ལས་ལ་ཚོང་རར་ཞུགས་ནས་དངུལ་སྡུད་དང་ཟླ་སྒྲིལ་བསྐྱར་སྒྲིག་གི་“ལྗང་མདོག་བགྲོད་ལམ་”འབྱེད་པའི་ལམ་སྲོལ་རྒྱུན་རྣམ་ཅན་དུ་ལག་བསྟར་བྱས་ཏེ། ཚན་རྩལ་དངུལ་རྩར་བརྟེན་ནས་གསར་གཏོད་གསར་སྐྲུན་ལ་རྒྱབ་སྐྱོར་བྱེད་དགོས།

སློབ་གསོ་ཚན་རྩལ་ཤེས་ལྡན་མི་སྣ་འཕེལ་རྒྱས་འགྲོ་བར་གཞི་གཅིག་ཏུ་སྐུལ་འདེད་གཏོང་དགོས། གཞི་གཅིག་ཏུ་སྐུལ་འདེད་གཏོང་བའི་མཐུན་སྦྱོར་ལམ་སྲོལ་འཛུགས་པ་དང་ཆ་ཚང་དུ་གཏོང་བ་དང་། འཆར་འགོད་སྦྲེལ་མཐུད་དང་། སྲིད་ཇུས་མཐུན་སྦྱོར། ཐོན་ཁུངས་གཅིག་འདོམས། གདེང་འཇོག་མཉམ་འགུལ་བཅས་བྱེད་ཤུགས་ཆེ་རུ་གཏོང་དགོས། ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་དགོས་མཁོར་འཚམ་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། མཐོ་རིམ་སློབ་གྲྭའི་སྒྱུར་བཅོས་ལ་རིགས་དབྱེ་སྐུལ་འདེད་གཏོང་བ། རིག་ཚན་ཆེད་ལས་འགུལ་རྣམ་གྱིས་ལེགས་སྒྲིག རེབ་གསར་པའི་“རྩེ་གྲ་གཉིས་”འཛུགས་སྐྲུན་བྱེད་འགོ་རྩོམ་པ། རྒྱལ་ཁབ་སྣོལ་འདྲེས་རིག་ཚན་ལྟེ་གནས་འཛུགས་སྐྲུན་བྱེད་པ། གསར་གཏོད་ཤེས་ལྡན་མི་སྣ་རྩེར་སོན་རང་བརྟེན་གྱིས་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་ཤེས་ལྡན་མི་སྣའི་སྟོབས་ཤུགས་གང་མགྱོགས་འཛུགས་སྐྲུན་བྱེད་པ་དང་། ཚན་རྩལ་སྣེ་ཁྲིད་ཤེས་ལྡན་མི་སྣ་རྩེ་གྲ་དང་ན་གཞོན་ཤེས་ལྡན་མི་སྣ་འདྲེན་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། ཕུལ་བྱུང་བཟོ་བཀོད་པ་དང་། རྒྱལ་ཁབ་ཆེན་པོའི་བཟོ་བོ། རྩལ་ནུས་མཐོ་བའི་ཤེས་ལྡན་མི་སྣ་བཅས་གསོ་སྐྱོང་བྱེད་པར་སྐུལ་འདེད་གཏོང་དགོས། ཐོན་ལས་ལག་རྩལ་བཟོ་པའི་དཔུང་སྡེ་རྩེ་གྲ་འཛུགས་སྐྲུན་བྱེད་དགོས།  ཤེས་ལྡན་མི་སྣའི་མཐོ་ས་དང་ཤེས་ལྡན་མི་སྣའི་ལས་སྟེགས་འཛུགས་སྐྲུན་ལ་ཚད་གཞི་མཐོན་པོས་སྐུལ་འདེད་གཏོང་བ་དང་། ཤེས་ལྡན་མི་སྣའི་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བར་སྐུལ་སྤེལ་གཏོང་དགོས།  ཤེས་ལྡན་མི་སྣ་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་ཟབ་སྤེལ་བྱེད་པ་དང་། གསར་གཏོད་བྱེད་ནུས་དང་། སྤུས་ཚད། ཕན་འབྲས། བྱས་རྗེས་བཅས་ཁྲིད་ཕྱོགས་སུ་འཛིན་པའི་གདེང་འཇོག་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཤེས་ལྡན་མི་སྣའི་སྤེལ་རེས་བགྲོད་ལམ་ཤར་གཏོང་བྱས་ཏེ། ཤེས་ལྡན་མི་སྣ་རིགས་ཁག་ཕན་ཚུན་འགྲན་བཞིན་འཚར་ལོངས་ཡོང་བ་དང་རང་རང་གི་འཇོན་ནུས་གང་ཡོད་མངོན་པར་སྐུལ་སྤེལ་གཏོང་དགོས།

(བཞི།) རྒྱུན་མཐུད་ངང་གཙོ་གནད་ཁྱབ་ཁོངས་སྒྱུར་བཅོས་ཟབ་སྤེལ་བྱེད་དགོས། ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་འཛུགས་པར་དམིགས་ནས་སྒྱུར་བཅོས་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྒྲིག་སྲོལ་དང་ལམ་སྲོལ་གྱི་འགོག་རྐྱེན་གཙང་སེལ་གཏིང་ཟབ་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་ཆེ་རུ་གཏོང་དགོས།

རྒྱལ་ཡོངས་གཅིག་གྱུར་གྱི་ཚོང་ར་ཆེན་པོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་དགོས། རྒྱལ་ཡོངས་གཅིག་གྱུར་གྱི་ཚོང་ར་ཆེན་པོ་འཛུགས་སྐྲུན་བྱེད་པའི་སྲོལ་ཡིག་གཏན་འབེབས་བྱེད་དགོས། བསྡོམས་རྩིས་དང་། ནོར་ཁྲལ། དཔྱད་ཞིབ་སོགས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ས་གནས་སྲིད་གཞུང་གི་དཔལ་འབྱོར་ལ་སྐུལ་སྤེལ་གཏོང་བའི་བྱ་སྤྱོད་ཚད་ལྡན་དུ་གཏོང་དགོས། ས་གནས་སྲིད་གཞུང་གིས་ཚོང་འགུག་དངུལ་འདྲེན་བྱེད་པར་བསྔགས་སྐུལ་དང་གཏན་འགོག་བྱེད་པའི་དོན་ཚན་གྱི་གསལ་ཐོ་འདོན་པ་དང་། ཁྲལ་བསྡུའི་གཟིགས་སྐྱོང་དང་ནོར་སྲིད་ཀྱི་ཁ་གསབ་སྲིད་ཇུས་ཚད་ལྡན་དུ་གཏོང་དགོས། འོས་འགུག་འོས་སྤྲོད་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་བྱེད་དགོས། སྒེར་སྡེམ་ལ་ངོ་རྒོལ་དང་ཚུལ་མིན་འགྲན་རྩོད་ལ་ངོ་རྒོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འགྲན་རྩོད་དྲང་སྙོམས་ལ་ཞིབ་བཤེར་བྱེད་པའི་དགོས་ངེས་ཀྱི་གཅུན་སྡོམ་ལ་ཤུགས་རྒྱག་དགོས། ཐོན་ནུས་སྙོམས་སྒྲིག་ཚོད་འཛིན་དང་། ཚད་གཞིས་སྣེ་ཁྲིད། རིན་གོང་སྐོར་གྱི་ཁྲིམས་བསྟར། སྤུས་ཚད་ལ་ལྟ་སྐུལ་དོ་དམ་སོགས་ཀྱི་བྱེད་ཐབས་ཕྱོགས་བསྡུས་ཀྱིས་སྤྱོད་པ་དང་། “ནང་རྩོད་རྣམ་པའི་”འགྲན་རྩོད་བཅོས་སྒྲིག་གཏིང་ཟབ་བྱས་ཏེ། ཚོང་རའི་སྐྱེ་ཁམས་བཟང་པོ་སྐྲུན་དགོས། བདག་རྐྱེན་ཚོང་ར་ཅན་དུ་བགོ་སྒྲིག་བྱེད་པའི་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟ་ཟབ་སྤེལ་བྱས་ནས་ཆ་རྐྱེན་དང་མཐུན་པའི་ས་ཁུལ་སྔར་ལས་མང་བ་ཚོད་ལྟའི་ཁྱབ་ཁོངས་སུ་འཇུག་དགོས། ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་སྒྱུར་བཅོས་ཟབ་སྤེལ་བྱས་ཏེ།  སྤྱི་ཚོགས་ཡོངས་ཀྱི་ཟོག་འདྲེན་མ་གནས་དམའ་རུ་གཏོང་དགོས།  སྤྱི་སྤྱོད་བྱ་གཞག་དང་སྤྱི་པའི་ཞབས་ཞུའི་རིན་གོང་སྒྱུར་བཅོས་ལ་གོམ་སྟབས་བརྟན་པོས་སྐུལ་འདེད་གཏོང་དགོས།

ནོར་ཁྲལ་དངུལ་རྩའི་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས། ནོར་སྲིད་ཐོན་ཁུངས་དང་སྔོན་རྩིས་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཞུང་ཁོངས་མ་རྩའི་ཁེ་འབབ་སྡུད་ལེན་གྱི་བསྡུར་ཚད་མཐོ་རུ་གཏོང་དགོས། ནོར་སྲིད་ཚན་རིག་དང་མཐུན་པར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྨང་མེད་སྔོན་རྩིས་སྒྱུར་བཅོས་ཟབ་སྤེལ་བྱས་ཏེ། ཀྲུང་དབྱང་སྡེ་ཁག་གི་ཚོད་ལྟའི་ཁྱབ་ཁོངས་སྔར་ལས་ཆེ་རུ་གཏོང་དགོས། ས་གནས་ཀྱི་དཔྱ་ཁྲལ་མ་ལག་ཆ་ཚང་དུ་གཏོང་བ་དང་། ས་གནས་ཀྱི་ཁྲལ་ཁུངས་རྒྱ་བསྐྱེད་དགོས། འཛད་སྤྱོད་དཔྱ་ཁྲལ་བསྡུ་བའི་ཁྱབ་ཁོངས་དང་ཁྲལ་ཚད་ལེགས་སྒྲིག་དང་ལེགས་སྒྱུར་བྱེད་པར་མ་ཟད། དངོས་རྫས་ཀྱི་རྣམ་གྲངས་ཁག་ཅིག་གི་འཛད་སྤྱོད་དཔྱ་ཁྲལ་བསྡུ་བའི་ལྷུ་ཚིགས་ཕྱིར་སྣུར་བྱེད་པར་སྐུལ་འདེད་གཏོང་དགོས། དངུལ་རྩའི་སྒྲིག་གཞིའི་འགྲན་རྩོད་སྒྲིག་ལམ་ཚད་ལྡན་དུ་གཏོང་བ་དང་། ས་གནས་ཀྱི་དངུལ་རྩའི་སྒྲིག་གཞི་འབྲིང་ཆུང་འབོར་འཕྲི་སྤུས་འདེགས་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་དགོས། མ་རྩའི་ཚོང་རའི་དངུལ་འཇོག་དངུལ་སྡུད་བྱེད་སྟངས་ཕྱོགས་བསྡུས་སྒྱུར་བཅོས་རྒྱུན་མཐུད་ངང་ཟབ་སྤེལ་དང་། དུས་ཡུན་འབྲིང་རིང་གི་མ་དངུལ་ཚོང་རར་ཞུགས་པའི་ལམ་སྲོལ་སྔར་བས་ཆ་ཚང་དུ་གཏོང་བ། མ་དངུལ་འཇོག་མཁན་སྲུང་སྐྱོབ་ལམ་ལུགས་འཐུས་ཚང་དུ་གཏོང་བ། སྒེར་བསྡུས་རྐང་དབང་དང་གསར་གཏོད་དངུལ་འཇོག་ཐེབས་རྩ་ཕྱིར་འཐེན་བྱེད་པའི་ཐབས་ལམ་རྒྱ་སྐྱེད་གཏོང་བ། ཐད་ཀའི་དངུལ་སྡུད་དང་རྐང་དབང་དངུལ་སྡུད་ཀྱི་བསྡུར་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས།

གཉེར་སྐྱོང་བྱེད་པོ་སྣ་ཚོགས་ཀྱི་གསོན་ཤུགས་སྐུལ་སློང་གང་ལེགས་བྱེད་དགོས། “གཡོ་འགུལ་སྤུ་ཙམ་མེད་པ་གཉིས་”རྒྱུན་འཁྱོངས་དང་དོན་འཁྱོལ་བྱེད་དགོས། གཞུང་ཁོངས་མ་རྩ་དང་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱེད་པའི་ཇུས་གཞི་གཏན་འབེབས་དང་ལག་བསྟར་བྱས་ཏེ། གཞུང་ཁོངས་དཔལ་འབྱོར་གྱི་བཀོད་པ་ལེགས་སྒྱུར་དང་གྲུབ་ཚུལ་ལེགས་སྒྲིག་བྱེད་པར་སྐུལ་འདེད་གཏོང་དགོས། དམངས་གཉེར་དཔལ་འབྱོར་ལ་སྐུལ་སྤེལ་གཏོང་ཕྱོགས་སྐོར་གྱི་བཅའ་ཁྲིམས་ཀྱི་ཆ་འགྲིག་ཁྲིམས་སྲོལ་དང་སྲིད་ཇུས་འཐུས་ཚང་དུ་བཏང་སྟེ། བཅའ་ཁྲིམས་དང་ལམ་ལུགས་ཀྱི་ཐོག་ནས་ཐོན་སྐྱེད་བདག་རྐྱེན་འདྲ་མཉམ་ངང་སྤྱོད་པ་དང་། ཚོང་རའི་འགྲན་རྩོད་ནང་དྲང་གཞག་ངང་ཞུགས་པ། ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་ནུས་ལྡན་བྱེད་པ་བཅས་འགན་སྲུང་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཁེ་ལས་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། ཁེ་ལས་པའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས་གཞོན་རབས་ཁེ་ལས་པ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་སྐུལ་སྤེལ་གཏོང་དགོས། ལས་སྟེགས་ཁེ་ལས་དང་ལས་སྟེགས་ནང་གི་གཉེར་སྐྱོང་པ་དང་ངལ་རྩོལ་པ་མཉམ་རྒྱལ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། རིགས་དང་རྣམ་པ་དབྱེ་ནས་སྒེར་གཉེར་བཟོ་ཚོང་ཐེམ་དུད་འཕེལ་རྒྱས་ལ་རོགས་སྐྱོར་གནད་འཁེལ་བྱེད་དགོས། ཁེ་ལས་ཀྱི་རྩིས་དངུལ་འགྱངས་ཆད་གནད་དོན་ཐག་གཅོད་བྱེད་པར་སྔར་བས་ཤུགས་ཆེན་པོ་རྒྱག་པ་དང་།  ཡུན་ཕན་ལམ་སྲོལ་ཆ་ཚང་དུ་གཏོང་དགོས། ཚོང་གཉེར་ཁོར་ཡུག་རྩེ་གྲ་རྒྱུན་མཐུད་ངང་བཏོད་དེ། ཁེ་ལས་ཀྱིས་བློ་བདེའི་ངང་གཉེར་སྐྱོང་བྱེད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྔར་ལས་ལྷག་པའི་རྒྱབ་སྐྱོར་བྱེད་དགོས།

(ལྔ།) ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་མོ་འབྱེད་རྒྱ་སྔར་བས་ཆེ་རུ་གཏོང་དགོས། མཉམ་ལས་མཉམ་རྒྱལ་རྒྱུན་འཁྱོངས་དང་།  ལམ་ལུགས་ཅན་གྱི་སྒོ་འབྱེད་བརྟན་པོའི་ངང་རྒྱ་ཆེ་རུ་གཏོང་བ། རྒྱལ་སྤྱིའི་རེས་འཁོར་བྱེད་ཁྱོན་ཆེ་རུ་གཏོང་བ་བཅས་བྱས་ཏེ། སྒོ་འབྱེད་པར་བརྟེན་ནས་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་དགོས།

རང་བརྟེན་སྒོ་འབྱེད་ཧུར་ཐག་གིས་རྒྱ་ཆེར་གཏོང་དགོས། ཞབས་ཞུའི་ལས་རིགས་གཙོ་གནད་དུ་བཟུང་ནས་ཚོང་རར་ཞུགས་འཐུས་དང་སྒོ་འབྱེད་ཁྱབ་ཁོངས་རྒྱ་ཆེར་གཏོང་བ་དང་། གནས་ཐང་འཕར་བའི་གློག་འཕྲིན་དང་། སྐྱེ་དངོས་ལག་རྩལ། ཕྱི་རྒྱལ་ཚོང་པའི་མ་དངུལ་ཁེར་འཇོག་སྨན་ཁང་སོགས་ཁྱབ་ཁོངས་ཀྱི་སྒོ་འབྱེད་ཚོད་ལྟ་བྱེད་ཁོངས་སྔར་བས་ཆེ་རུ་གཏོང་བ་དང་། གྲངས་ཀའི་ཁྱབ་ཁོངས་གོ་རིམ་ལྡན་པར་སྒོ་འབྱེད་རྒྱ་ཆེ་རུ་གཏོང་བ། རྒྱལ་མཚམས་བརྒལ་བའི་ཞབས་ཞུའི་ཉོ་ཚོང་གི་བཀག་རྒྱའི་གསལ་ཐོ་ཉུང་འཕྲི་བཅས་བྱེད་དགོས། རྒྱལ་ཁབ་ཀྱི་ཞབས་ཞུའི་ལས་རིགས་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བའི་ཕྱོགས་བསྡུས་དཔེ་སྟོན་ཁུལ་ཡག་པོ་སྐྲུན་དགོས། ས་ཁོངས་དང་ཕྱོགས་གཉིས་ཀྱི་ཉོ་ཚོང་དང་དངུལ་འཇོག་གི་གྲོས་མཐུན་དེ་བས་མང་བར་གྲོས་མོལ་བྱས་ནས་མིང་རྟགས་འགོད་པར་སྐུལ་འདེད་གཏོང་བ་དང་། 《གྲངས་ཀའི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་མཐུན་》དང་《ཕྱོགས་ཡོངས་དང་ཡར་ཐོན་གྱི་ཞི་བདེ་རྒྱ་མཚོ་ཆེན་མོ་བརྒལ་བའི་རོགས་ཟླའི་འབྲེལ་བའི་གྲོས་མཐུན་》ལས་རིམ་ནང་ཧུར་ཐག་ངང་ཞུགས་པར་སྐུལ་འདེད་གཏོང་དགོས། ཕྱོགས་ཡོངས་དང་གཏིང་ཟབ་པའི་སྒོ་ནས་འཛམ་གླིང་ཉོ་ཚོང་རྩ་འཛུགས་སྒྱུར་བཅོས་ནང་ཞུགས་པ་དང་། སྒོ་འབྱེད་རྣམ་པའི་འཛམ་གླིང་དཔལ་འབྱོར་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་དགོས། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱི་བཀོད་པའི་ཁྱབ་ཁོངས་ལེགས་སྒྱུར་དང་། གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་ནུས་རིམ་མཐོར་འདེགས་བཏང་ནས། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཏན་ཏིག་གཏོང་དགོས།

ཕྱི་ཕྱོགས་ཉོ་ཚོང་གི་གཞི་ཁྱོན་བརྟན་གནས་དང་གྲུབ་ཚུལ་ལེགས་སྒྱུར་བྱེད་པར་སྐུལ་འདེད་གཏོང་དགོས། ཡིད་རྟོན་དངུལ་བུན་དང་ཡིད་རྟོན་འགན་ལེན་གྱིས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མི་དམངས་ཤོག་སྒོར་རྒྱལ་མཚམས་བརྒལ་ནས་བེད་སྤྱོད་བྱེད་རྒྱ་ཇེ་ཆེར་གཏོང་དགོས། ཁེ་ལས་ཀྱིས་གོ་ལ་ཧྲིལ་པོའི་ཚོང་རའི་བཀོད་པ་ལེགས་སྒྱུར་བྱེད་པར་ཁྲིད་སྟོན་བྱས་ཏེ། ཉོ་ཚོང་དངུལ་འཇོག་གཞི་གཅིག་ཅན་དང་ཕྱི་ནང་ཉོ་ཚོང་གཞི་གཅིག་ཅན་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། ཉོ་ཚོང་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་དང་། རྒྱལ་མཚམས་བརྒལ་བའི་གློག་རྡུལ་ཚོང་དོན་དང་རྒྱལ་ཕྱིའི་དོས་ཁང་ཟུང་འབྲེལ་གྱི་དཔེ་རྣམ་ཤོང་སྐྱེད་རིམ་སྤར་དང་ཚད་ལྡན་རིམ་ལྡན་གྱི་སྒོ་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱིའི་སྐུར་སྐྱེལ་ཟོག་འདྲེན་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་གཏོང་བ། བར་རྫས་ཉོ་ཚོང་རྒྱ་སྐྱེད་གཏོང་བ། གྲངས་ཀའི་ཉོ་ཚོང་དང་ལྗང་མདོག་ཉོ་ཚོང་འཕེལ་རྒྱས་གཏོང་བ། མཐའ་མཚམས་ཀྱི་ཉོ་ཚོང་མཐོར་འདེགས་གཏོང་བ་བཅས་བྱེད་དགོས། ཞབས་ཞུ་ཕྱིར་གཏོང་བྱེད་པར་བསྔགས་སྐུལ་དང་རྒྱབ་སྐྱོར་བྱེད་དགོས། ནང་འདྲེན་བྱེད་རྒྱ་ཧུར་ཐག་གིས་ཆེ་རུ་བཏང་ནས་ཉོ་ཚོང་དོ་མཉམ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། རྒྱལ་མཚམས་བརྒལ་བའི་ཉོ་ཚོང་སྟབས་བདེ་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་དགོས།

ཕྱོགས་གཉིས་དངུལ་འཇོག་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་དགོས། ཕྱི་རྒྱལ་གྱི་ཚོང་པའི་དངུལ་འཇོག་ལ་སྐུལ་སྤེལ་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་ཟབ་སྤེལ་དང་། ཕྱི་དངུལ་ཁེ་ལས་ཀྱི་རྒྱལ་དམངས་ཐོབ་ཐང་འགན་སྲུང་བྱེད་དགོས། ཕྱི་རྒྱལ་གྱི་ཚོང་པའི་དངུལ་འཇོག་ལ་བསྔགས་སྐུལ་བྱེད་པའི་ཐོན་ལས་དཀར་ཆག་པར་གཞི་གསར་པ་ལག་བསྟར་བྱས་ཏེ། ཕྱི་རྒྱལ་གྱི་མ་དངུལ་རྒྱལ་ནང་དུ་ཡང་བསྐྱར་འཇོག་པ་དང་རང་ས་ཅན་གྱི་ཐོན་སྐྱེད་བྱེད་རྒྱ་ཆེ་རུ་གཏོང་བར་སྐུལ་སྤེལ་གཏོང་དགོས། ཕྱི་དངུལ་ཁེ་ལས་ལ་ཞབས་ཞུའི་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ནས་“དངུལ་འཇོག་ཀྲུང་གོའི་”མིང་བྱང་བཀྲག་མདངས་འཚེར་བར་བྱེད་དགོས། གསར་སྤེལ་ཁུལ་དང་གླིང་ཁུལ་སྣ་ཚོགས་ཚད་ལྡན་གྱིས་རིམ་སྤར་བྱེད་དགོས། ཐོན་ལས་མུ་ཕྲེང་དང་འདོན་སྤྲོད་མུ་ཕྲེང་ལུགས་མཐུན་དང་གོ་རིམ་ལྡན་པའི་ངང་རྒྱལ་མཚམས་བརྒལ་བའི་བཀོད་སྒྲིག་བྱ་རྒྱུར་ཁྲིད་སྟོན་བྱེད་པ་དང་། རྒྱལ་ཕྱིའི་ཕྱོགས་བསྡུས་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ། ཕྱི་ཕྱོགས་ལ་མ་དངུལ་འཇོག་པའི་ཉེན་ཁ་སྔོན་འགོག་ཚོད་འཛིན་དང་རྒྱལ་ཕྱིའི་ཁེ་ཕན་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་དགོས།

སྤུས་ཚད་མཐོ་བའི་སྒོ་ནས་“རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་བྱེད་དགོས། མཉམ་སྐྲུན་རྒྱལ་ཁབ་དང་འཐབ་ཇུས་འབྲེལ་མཐུད་བྱེད་པར་ཤུགས་རྒྱག་པ་དང་། “མཁྲེགས་པའི་སྦྲེལ་མཐུད་”དང་། “མཉེན་པའི་སྦྲེལ་མཐུད།” “སེམས་པ་སྦྲེལ་མཐུད་”བཅས་ཏན་ཏིག་དང་ཞིབ་ཚགས་ཀྱི་སྒོ་ནས་སྤེལ་དགོས། མཚོན་རྟགས་རང་བཞིན་གྱི་ལས་གྲྭ་གནད་ཆེན་དང་“ཆུང་ཞིང་མཛེས་པའི་”དམངས་འཚོའི་ལས་གཞི་འཛུགས་སྐྲུན་ལ་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་དགོས། ཀྲུང་གོ་དང་ཡོ་རོབ་དང་ཀྲུང་གོ་དང་ཨེ་ཤ་ཡའི་བར་གྱི་རེས་སྐྱོད་མེ་འཁོར་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། ནུབ་རྒྱུད་ཀྱི་སྐམ་མཚོའི་རྒྱུ་ལམ་གསར་པ་གང་མགྱོགས་ཀྱིས་འཛུགས་སྐྲུན་བྱེད་དགོས། “རིག་ལྡན་འགག་སྒོའི་”མཉམ་ལས་རོགས་ཟླའི་འཆར་གཞིར་སྐུལ་འདེད་གཏིང་ཟབ་གཏོང་དགོས། གསར་དར་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་རྒྱ་སྐྱེད་བཏང་ནས་མཉམ་ལས་གྲུབ་འབྲས་ཀྱིས་རྒྱལ་ཁབ་ཁག་གི་མི་དམངས་ལ་ཕན་དེ་བས་མང་བ་ཐོགས་པར་བྱེད་དགོས།

(དྲུག) གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས།  “ཞིང་གསུམ་”ལས་ཀ་དེ་གལ་ཆེའི་ནང་གི་འགངས་ཆེན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། “ཁྲི་སྟོང་ལས་གྲྭའི་”ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་གཏིང་ཟབ་བྱས་ཏེ། ཞིང་དར་ཞིང་ཕན་ཞིང་ཕྱུག་བཅས་ཀྱི་སྲིད་ཇུས་ཕན་ནུས་ཆེ་རུ་གཏོང་བ་དང་། ཞིང་ལས་དང་གྲོང་གསེབ་ཀྱི་རྨང་གཞི་སྔར་བས་ཇེ་བརྟན་དང་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་གཏོང་དགོས།

ལྷོད་གཡེང་སྤུ་ཙམ་མེད་པའི་སྒོ་ནས་འབྲུ་རིགས་ཐོན་སྐྱེད་དམ་འཛིན་ཡག་པོ་བྱེད་དགོས། ཐོན་འབོར་ཐོན་ནུས་དང་། ཐོན་སྐྱེད་སྐྱེ་ཁམས། ཐོན་འཕར་འབབ་འཕར་བཅས་མཉམ་དུ་དམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རེབ་གསར་པའི་འབྲུ་རིགས་རྒྱ་མ་དུང་ཕྱུར་སྟོང་ཕྲག་ཐོན་ནུས་མཐོར་འདེགས་ཀྱི་བྱ་སྤྱོད་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་དགོས། འབྲུ་སྣུམ་ཐོན་སྐྱེད་བརྟན་པོ་ཡོང་བ་དང་། ཞིང་བཟང་པོ་ས་བོན་བཟང་པོ་འཕྲུལ་ཆས་བཟང་པོ་ཐབས་ཤེས་བཟང་པོ་བཅས་གཅིག་བསྡུས་བྱས་ཏེ་ཐོན་འཕར་ཡོང་བར་སྐུལ་སྤེལ་བཏང་སྟེ། གཞི་ཁྱོན་ཆེ་བའི་མུའུ་རེའི་ཐོན་ཚད་མཐོ་རུ་གཏོང་བ་དང་། སོན་སྣ་ལེགས་གསོ། སྤུས་ཚད་མཐོར་འདེགས་བཅས་ལ་སྐུལ་འདེད་གཏོང་དགོས། སྲན་ཆེན་དང་སྣུམ་རྒྱུའི་ཐོན་ནུས་སྲ་བརྟན་དང་མཐོར་འདེགས་གཏོང་བ་དང་། སྲིང་མངར་འགྱིག་གསུམ་སོགས་ཐོན་བརྟན་སྤུས་འདེགས་ཡོང་བར་སྐུལ་འདེད་གཏོང་དགོས། ཞིང་ལས་ནགས་ལས་ཕྱུགས་ལས་ཉ་ལས་བཅས་མཉམ་སྤེལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་།  ཟས་རིགས་སྣ་མང་འདོན་སྤྲོད་བྱེད་ཚད་མང་དུ་གཏོང་དགོས།  འབྲུ་རིགས་གྲོན་ཆུང་བྱས་ནས་གྱོང་གུན་ཆུང་དུ་གཏོང་བར་སྐུལ་འདེད་གཏོང་དགོས། རྨོ་ཞིང་གི་དམར་ཐིག་དམ་སྲུང་དང་། བཟུང་གསབ་དོ་མཉམ་ཡོང་བར་དོ་དམ་ནན་པོ་བྱེད་པ།  ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་བྱེད་པར་སྤུས་ཚད་མཐོ་བའི་སྒོ་ནས་སྐུལ་འདེད་གཏོང་བ། ས་ནག་སྲུང་སྐྱོབ་དང་བ་ཚྭ་ཅན་གྱི་ས་ཞིང་ཕྱོགས་བསྡུས་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ།  ས་རྒོད་དུ་བསྐྱུར་རིགས་བསྐྱར་འདེབས་བེད་སྤྱོད་ལེགས་པོ་བཅས་བྱེད་དགོས། ཞིང་ལས་འགན་བཅོལ་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བའི་བྱེད་ཐབས་གཏན་འབེབས་བྱེད་དགོས། ཞིང་ལས་ཀྱི་ཕྱོགས་བསྡུས་གནོད་འགོག་གེགས་སེལ་ནུས་པ་ཆེ་རུ་གཏོང་དགོས། སོན་ལས་དར་རྒྱས་གཏོང་བའི་བྱ་སྤྱོད་ལག་བསྟར་གཏིང་ཟབ་དང་། ཐོད་བརྒལ་རང་བཞིན་གྱི་སོན་སྣ་འདེམས་གསོ་དང་ཁྱབ་གདལ་མགྱོགས་སུ་གཏོང་བ། སྔོན་ཐོན་དང་སྤྱོད་གོ་ཆོད་པའི་ཞིང་འཕྲུལ་སྒྲིག་ཆས་ཞིབ་འཇུག་གསར་སྤེལ་དང་བཀོལ་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཞིང་ལས་ཚན་རྩལ་ཁྱབ་གདལ་གྱི་“མཐའ་མའི་སྤྱི་ལེ་གཅིག་”ཤར་བགྲོད་ཐུབ་པ་བྱེད་དགོས། ཐོན་སྐྱེད་དང་བསྡུ་ཉར་སོགས་ཀྱི་སྲིད་ཇུས་གཅིག་གྱུར་འཆར་འགོད་བྱེད་པ་དང་། འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གལ་ཆེན་གྱི་རིན་གོང་ལུགས་མཐུན་གྱི་ཆུ་ཚད་དུ་མཐའ་འཁྱོངས་བྱ་རྒྱུར་སྐུལ་སྤེལ་གཏོང་བ། འབྲུ་རིགས་ཐོན་ཚོང་ཁུལ་གྱི་ཞིང་ཆེན་བར་འཕྲེད་ཕྱོགས་སུ་ཁེ་ཕན་ཁ་གསབ་ལག་བསྟར་བཅས་བྱས་ནས། ཐོན་ཁུལ་གཙོ་བོ་དང་ཞིང་པའི་འབྲུ་འདེབས་བརྩོན་སེམས་སྐུལ་སློང་བྱེད་དགོས། ས་ཁུལ་ཁག་ཚང་མས་འགན་འཁྲི་བརྟན་པོར་ཁུར་ནས་ཀྲུང་གོ་བའི་ལྟོ་ཕོར་མཉམ་དུ་བརྟན་པོར་འཛིན་དགོས།

རྒྱུན་རྣམ་ཅན་གྱི་གནད་འཁེལ་རོགས་སྐྱོར་ལག་བསྟར་བྱེད་དགོས། དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དང་རྒྱ་སྐྱེད་བཏང་སྟེ། རྒྱུན་རྣམ་ཅན་གྱི་རོགས་སྐྱོར་དེ་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ནང་བཅུག་ནས་གཅིག་འདོམས་ཀྱིས་ལག་བསྟར་བྱེད་པ་དང་། གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་དབུལ་འགྱུར་མི་འབྱུང་བའི་མཐའ་ཚད་བརྟན་པོར་སྲུང་དགོས། རོགས་སྐྱོར་སྲིད་ཇུས་སྤྱིའི་ཆ་ནས་གཏན་འཇགས་ཡོང་བ་མཐའ་འཁྱོངས་བྱེད་དགོས། དབུལ་ལོག་དབུལ་འགྱུར་སྔོན་འགོག་བྱ་ཡུལ་ངོས་འཛིན་གྱི་ཚད་གཞི་ལུགས་མཐུན་སྒོས་གཏན་འཁེལ་བྱེད་པ་དང་། ལྟ་ཞིབ་ཚད་ལེན་དང་དབྱེ་འབྱེད་ཡག་པོ་བྱས་ཏེ། སྔ་ཙམ་ནས་ཤེས་རྟོགས་དང་། སྔ་ཙམ་ནས་ཐེ་གཏོགས། སྔ་ཙམ་ནས་རོགས་སྐྱོར་བཅས་བྱེད་པར་འགན་ལེན་ཏན་ཏིག་བྱེད་དགོས། ཐོན་ལས་དང་ལས་ཞུགས་སོགས་གསར་སྤེལ་རྣམ་པའི་རོགས་སྐྱོར་གྱི་ཕན་འབྲས་ཆེ་རུ་བཏང་ནས་སྤྱི་ཚོགས་རོགས་སྐྱོབ་ཀྱི་མཐའ་སྐྱོར་འགན་སྲུང་གི་ནུས་པ་འདོན་སྤེལ་བྱེད་དགོས། ཡུལ་གཞན་དུ་གནས་སྤོས་པའི་རྗེས་མཐུད་རོགས་སྐྱོར་མུ་མཐུད་ཡག་པོ་བྱེད་དགོས། ཤར་རྒྱུད་དང་ནུབ་རྒྱུད་བར་རོགས་ལས་དང་། དམིགས་བཙུགས་རོགས་སྐྱོར། གྲོང་ཚོར་བཅའ་སྡོད་རོགས་སྐྱོར། འཛད་སྤྱོད་རོགས་སྐྱོར་སོགས་འཐུས་ཚང་དུ་གཏོང་དགོས། དར་རྒྱས་ཞན་པའི་ས་ཁུལ་ལ་རིགས་དང་རིམ་པ་བཀར་ནས་རོགས་སྐྱོར་བྱེད་པ་དང་། གྲོང་གསེབ་དར་རྒྱས་གཏོང་བའི་གཙོ་གནད་རོགས་སྐྱོར་རྫོང་འཕེལ་རྒྱས་མགྱོགས་སུ་གཏོང་བར་རྒྱབ་སྐྱོར་བྱས་ཏེ། ནང་སྐྱེས་སྒུལ་ཤུགས་ཆེ་རུ་གཏོང་དགོས།

གྲོང་གསེབ་ཀྱི་སྒྱུར་བཅོས་འཕེལ་རྒྱས་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས། ཕྱོགས་ཡོངས་ནས་ས་ཞིང་འགན་གཙང་ལེན་རེས་འཁོར་གཉིས་པའི་དུས་ཡུན་འཐིམ་རྗེས་ཡང་བསྐྱར་ལོ་30རིང་ནར་འགྱངས་གཏོང་རྒྱུ་དེ་ཞིང་ཆེན་ཧྲིལ་པོར་ཚོད་ལྟ་བྱེད་པ་དང་། ཞིང་ལས་གཞི་ཁྱོན་རན་པོའི་གཉེར་སྐྱོང་འཕེལ་རྒྱས་གཏོང་བ། ཞིང་ལས་གཉེར་སྐྱོང་བྱེད་པོ་དཔེ་གསར་འཕེལ་རྒྱས་གཏོང་བ།  དེང་རབས་ཞིང་ལས་གཉེར་སྐྱོང་མ་ལག་དང་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་མ་ལག་ཆ་ཚང་དུ་གཏོང་བ་བཅས་བྱེད་དགོས། གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་དཔེ་གསར་གོང་དུ་སྤེལ་བར་རྒྱབ་སྐྱོར་བྱེད་དགོས། ཐུན་མོང་གི་ཐོན་དབང་དང་། ཐུན་མོང་གི་ནགས་ཚལ་བདག་དབང་། ས་རྒོད་གསར་སྦོལ། མཁོ་འཚོང་ཁང་སོགས་སྒྱུར་བཅོས་ཟབ་སྤེལ་བྱེད་དགོས། རྒྱལ་ཡོངས་ཀྱི་ཞིང་ལས་ཡོངས་བཤེར་ཐེངས་བཞི་པ་སྤེལ་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་བདག་རྐྱེན་ཕྱོགས་གཉིས་ཀར་འཁོར་རྒྱུག་བྱེད་པར་སྐུལ་འདེད་གཏོང་བ་དང་། ཞིང་ལས་རིག་གནས་ཡུལ་སྐོར་སོགས་མཉམ་འདྲེས་འཕེལ་རྒྱས་ཟབ་སྤེལ་བྱེད་པ། གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། ཞིང་ལས་ཐོན་རྫས་ལས་སྣོན་ཞིབ་ཚགས་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་བ། ནགས་འདབས་དཔལ་འབྱོར་འཕེལ་རྒྱས་གཏོང་བ། ཞིང་འབྲེལ་ཞིང་ཁྲིད་ཀྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་ཞིང་པའི་ཡོང་འབབ་བརྟན་པོའི་ངང་འཕར་བར་སྐུལ་སྤེལ་གཏོང་དགོས། གྲོང་གསེབ་ཀྱི་ཤེས་ལྡན་མི་སྣའི་དཔུང་སྡེ་འཕེལ་རྒྱས་དང་སྟོབས་ཆེར་གཏོང་དགོས། གྲོང་གསེབ་ཀྱི་གོམས་སྲོལ་བརྗེ་སྒྱུར་ཟབ་སྤེལ་དང་། གྲོང་གསེབ་བཅོས་སྐྱོང་དང་ཤེས་དཔལ་ལྡན་པའི་ཡུལ་སྲོལ་འཛུགས་སྐྲུན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས།  གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་རྒྱུན་མཐུད་ངང་བཅོས་སྒྲིག་དང་མཐོར་འདེགས་གཏོང་བ་དང་། ལྕགས་གཟེར་འདེབས་པའི་སྙིང་སྟོབས་ལ་བརྟེན་ནས་གྲོང་གསེབ་ཀྱི་གསང་སྤྱོད་སྒྱུར་བཀོད་དང་གད་སྙིགས་ཀྱིས་གྲོང་ཚོ་བསྐོར་བ་སོགས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། ཁོངས་ཡོངས་ཀྱི་ས་ཞིང་ཕྱོགས་བསྡུས་བཅོས་སྒྲིག་བྱེད་པར་སྐུལ་འདེད་ཏན་ཏིག་གཏོང་དགོས། གྲོང་གསེབ་འཛུགས་སྐྲུན་ལག་བསྟར་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། གྲོང་གསེབ་ཀྱི་དེང་རབས་འཚོ་བའི་ཆ་རྐྱེན་གྱི་ཞན་ཆ་མགྱོགས་མྱུར་གསབ་སྟེ། གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས།

(བདུན།) གྲོང་ཁྱེར་དང་གྲོང་རྡལ་ཅན་དཔེ་གསར་དང་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་འཐབ་ཇུས་དང་། ས་ཁོངས་ཀྱི་འཐབ་ཇུས་གནད་ཆེན། གཙོ་ནུས་ཐོན་ཁུལ་གྱི་འཐབ་ཇུས། གྲོང་ཁྱེར་དང་གྲོང་རྡལ་ཅན་དཔེ་གསར་གྱི་འཐབ་ཇུས་བཅས་ལག་བསྟར་གཏིང་ཟབ་བྱས་ཏེ། དགེ་མཚན་གསབ་རེས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བའི་ས་ཁོངས་དཔལ་འབྱོར་གྱི་བཀོད་པ་དང་རྒྱལ་ཁབ་མངའ་ཁོངས་བར་སྟོང་གི་མ་ལག་འཛུགས་དགོས། 

མི་རྩ་བར་འཛིན་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་དཔེ་གསར་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་སྒོ་ནས་ཞིང་ལས་སྤོ་སྒྱུར་མི་འབོར་གྲོང་ཁྱེར་པར་སྒྱུར་བར་སྐུལ་འདེད་གཏོང་བ་དང་། ཡུལ་བབ་དང་བསྟུན་ཏེ་འགྲོ་སའི་ཡུལ་ནས་འབྲིང་རྒྱུགས་ནང་ཞུགས་རྒྱུའི་མིང་ཐོ་འགོད་པའི་ཆ་རྐྱེན་ལྷུག་ཏུ་གཏོང་བ། “མི་ས་དངུལ་གསུམ་”སྣ་སྦྲེལ་གྱི་སྲིད་ཇུས་སྔར་བས་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས། རྫོང་ཁོངས་རྨང་གཞིའི་སྒྲིག་བཀོད་ཀྱི་བཀོད་པ་དང་སྤྱི་པའི་ཐོན་ཁུངས་བགོ་སྒྲིག་བྱེད་ཚུལ་ལེགས་སྒྱུར་དང་། རྫོང་ཁོངས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་ནས། རྫོང་ཁོངས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། གྲོང་ཁྱེར་རང་མཚན་ཅན་དུ་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས་དེང་རབས་ཅན་གྱི་གྲོང་ཁྱེར་མ་ལག་ལེགས་སྒྱུར་བྱེད་དགོས། སྤུས་ཚད་མཐོ་བའི་སྒོ་ནས་གྲོང་ཁྱེར་གསར་སྒྱུར་བྱེད་པར་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གཞིས་ཁུལ་རྙིང་པ་དང་གྲོང་ཁྱེར་ནང་གི་གྲོང་ཚོ་སོགས་སྒྱུར་བཀོད་བརྟན་པོའི་ངང་ལག་བསྟར་བྱེད་དགོས། བསགས་འབོར་ས་ཆ་དང་བེད་མེད་དུ་བསྐྱུར་བའི་ཁང་པ་དང་སྒྲིག་བཀོད་གང་འགབ་ཅི་སྤྱོད་བྱེད་དགོས། གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་སྲོག་རྩའི་བདེ་འཇགས་ལས་གྲྭ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁང་རྩེག་མཐོན་པོའི་མེ་སྐྱོན་འགོག་ཟོན་དང་རོགས་སྐྱོབ་བྱེད་ནུས་ཆེ་རུ་གཏོང་དགོས། རྒན་རྒོན་ལ་འཚམ་པ་དང་གེགས་མེད་ཅན་དུ་སྒྱུར་བཀོད་བྱེད་ཤུགས་ཆེ་རུ་གཏོང་དགོས།  གསར་གཏོད་ཅན་གྱི་ཐོན་ལས་སྡེ་ཁུལ་དང་ཚོང་དོན་སྡེ་ཁུལ་འཛུགས་སྐྲུན་བྱེད་པ་དང་། གྲོང་ཁྱེར་བཅོས་སྐྱོང་དེ་རིག་ལྡན་ཅན་དང་ཞིབ་ཚགས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་སྟེ། དེང་རབས་ཅན་གྱི་མི་དམངས་གྲོང་ཁྱེར་འཛུགས་སྐྲུན་བྱེད་དགོས།

ས་ཁོངས་འཕེལ་རྒྱས་ཀྱི་མཐུན་སྦྱོར་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། གཙོ་ནུས་ཐོན་ཁུལ་གྱི་རིགས་དབྱེ་ལེགས་སྒྱུར་བྱེད་པ་དང་། ས་ཁུལ་ཁག་གིས་གཙོ་ནུས་གང་ཡིན་གྱི་གནས་ངེས་ལ་དམིགས་ནས་བལྟོས་བཅས་ཀྱི་དགེ་མཚན་འདོན་སྤེལ་སྔར་བས་ལེགས་པོ་བྱེད་པར་ཁྲིད་སྟོན་བྱེད་དགོས། ནུབ་རྒྱུད་གསར་སྤེལ་ཆེན་པོར་རྣམ་པ་གསར་པ་ཆགས་པ་དང་། བྱང་ཤར་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བར་ཐོད་བརྒལ་གསར་པ་ཡོང་བ། དབུས་རྒྱུད་ས་ཁུལ་དར་རྒྱས་མགྱོགས་པོ་ཡོང་བ། ཤར་རྒྱུད་ས་ཁུལ་དེང་རབས་ཅན་དུ་སྐུལ་འདེད་གང་མགྱོགས་གཏོང་བ་བཅས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། སྒྱུར་བཅོས་འགག་སྒྲོལ་དང་། སྲིད་ཇུས་ནུས་སྩོལ། བདག་རྐྱེན་འགན་སྲུང་བཅས་བྱེད་པར་ཤུགས་བརྒྱབ་སྟེ། དཔལ་འབྱོར་ཞིང་ཆེན་ཆེ་གྲས་ཀྱིས་འགན་གཙོ་བོ་འཁུར་བར་རྒྱབ་སྐྱོར་བྱེད་དགོས། པེ་ཅིན་ཐེན་ཅིན་ཧོ་པེ་གསུམ་དང་། འབྲི་ཆུའི་ཟུར་གསུམ་གླིང་། ཡུའེ་ཀང་ཨའོ་ཁུག་ཆེན་ཁུལ་བཅས་སུ་འཛམ་གླིང་རིམ་པའི་གྲོང་ཁྱེར་ཁྱུ་ཚོགས་སྐྲུན་པར་རྒྱབ་སྐྱོར་བྱེད་དགོས། ཞུང་ཨན་ཁུལ་གསར་ཚད་གཞི་མཐོན་པོ་དང་སྤུས་ཚད་མཐོན་པོས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། འབྲི་ཆུའི་དཔལ་འབྱོར་རྒྱུད་འཕེལ་རྒྱས་དང་། རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས། ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་གཉིས་དཔལ་འབྱོར་སྐོར་ཚོམས་འཕེལ་རྒྱས་ནུས་རིམ་མཐོར་འདེགས་གཏོང་དགོས། འབྲི་ཆུའི་བར་རྒྱུད་ཀྱི་གྲོང་ཁྱེར་ཁྱུ་ཚོགས་སོགས་འཕེལ་རྒྱས་མགྱོགས་མྱུར་ཡོང་བར་སྐུལ་འདེད་གཏོང་དགོས། གཙོ་གནད་གྲོང་ཁྱེར་ཁྱུ་ཚོགས་མཐུན་སྦྱོར་མཉམ་འགུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཆར་འགོད་གཅིག་འདོམས་དང་། ཐོན་ལས་མཉམ་སྒྲུབ། ཁེ་ཕན་མཉམ་སྤྱོད་སོགས་ཀྱི་ལམ་སྲོལ་ཆ་ཚང་དུ་གཏོང་བ། རྒྱལ་ཁབ་ཀྱི་ཐོན་ལས་སྤོ་སྒྱུར་བྱས་ནས་གོང་འཕེལ་མཐོར་འདེགས་གཏོང་བའི་ལས་གྲྭ་ལག་བསྟར། སྲིད་འཛིན་ཁུལ་བརྒལ་བའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་བཅས་བྱེད་དགོས། ཁྱད་ཡོད་ཅན་གྱི་སྲིད་ཇུས་ཀྱིས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། གསར་བརྗེའི་གནས་རྙིང་ཁུལ་དང་། མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ། ཐོན་ཁུངས་ཟད་པའི་གྲོང་ཁྱེར་སོགས་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་སྤེལ་གཏོང་དགོས། མཚོ་ཁུག་གཙོ་བོའི་སྤྱི་ཡོངས་འཆར་འགོད་ལ་ཤུགས་རྒྱག་པ་དང་། རྒྱ་མཚོའི་ཐོན་ལས་དྲག་བཟང་ཆེ་གསུམ་དུ་གཏོང་དགོས།

(བརྒྱད།) དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་དགོས། དམངས་འཚོ་དོན་ཆེན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཀུན་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན། མཐའ་སྐྱོར་རང་བཞིན་བཅས་ཀྱི་དམངས་འཚོ་འཛུགས་སྐྲུན་ལ་ཤུགས་བརྒྱབ་སྟེ། མི་དམངས་མང་ཚོགས་ལ་དངོས་དོན་མང་ཙམ་འབད་པས་སྒྲུབ་དགོས།

སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཡོང་བར་སྐུལ་སྤེལ་གཏོང་དགོས། སྲིད་ཇུས་སྣ་ཚོགས་ཀྱིས་ལས་ཞུགས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མཛའ་མཐུན་ཅན་གྱི་ལས་ཞུགས་འཕེལ་རྒྱས་གཏོང་སྟངས་འཛུགས་དགོས། ལས་བརྟན་ཕྱིར་སློག་དང་། སྤྱི་ཚོགས་འགན་བཅོལ་ཁ་གསབ། ཆེད་དམིགས་དངུལ་བུན་སོགས་དུས་རིམ་རང་བཞིན་གྱི་བྱེད་ཐབས་མུ་མཐུད་དུ་ལག་བསྟར་བྱས་ཏེ། རྒུད་གསབ་ལས་སྤྲོད་ཀྱི་མ་དངུལ་འཇོག་ཁྱོན་སྔར་ལས་ཆེ་རུ་གཏོང་དགོས། ལས་བརྟན་ཤོང་སྐྱེད་སྤུས་འདེགས་བྱ་སྤྱོད་ལག་བསྟར་དང་། ངལ་རྩོལ་མང་འདུས་ཅན་གྱི་ལས་རིགས་དང་ཁེ་ལས་ཀྱི་ལས་གནས་བརྟན་པོ་ཡོང་བར་རྒྱབ་སྐྱོར། གསར་དར་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་འཕེལ་རྒྱས་ལ་དམིགས་ནས་ལས་རིགས་གསར་པ་དང་ལས་གནས་གསར་པ་སྐྱེད་སྲིང་བཅས་བྱས་ཏེ། ཞབས་ཞུའི་ལས་རིགས་ཀྱིས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས། མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མ་སོགས་གཞོན་ནུའི་ལས་ཞུགས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་གཏན་འབེབས་དང་། གླ་རྒྱག་ཞིང་པར་ལས་བརྟན་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། དམག་ཞབས་འཐིམ་པའི་དམག་མི་བཀོད་སྒྲིག་དང་ལས་ཞུགས་ཞབས་ཞུ་ལེགས་པར་སྒྲུབ་པ། དཀའ་ངལ་ཡོད་པའི་མི་སྣའི་ལས་ཞུགས་རོགས་སྐྱོར་ལ་ཤུགས་རྒྱག་པ། སྐབས་བསྟུན་ལས་ཞུགས་དང་ལས་ཞུགས་རྣམ་པ་གསར་པའི་མི་སྣ་ལས་བཟོ་པའི་འགན་བཅོལ་ནང་ཞུགས་པར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་འདོན་པ་བཅས་བྱེད་དགོས། ལས་གཏོད་ཁག་ཐེག་དངུལ་བུན་གྱི་སྐྱེད་གསབ་སོགས་སྲིད་ཇུས་ཀྱི་ནུས་པ་འདོན་སྤེལ་བྱས་ནས་ལས་གཏོད་ལ་རྒྱབ་སྐྱོར་དང་ཁྲིད་སྟོན་བྱ་རྒྱུར་ཤུགས་རྒྱག་དགོས། མིས་བཟོས་རིག་ནུས་ལག་རྩལ་འཕེལ་རྒྱས་དང་འཚམ་པར་བྱས་ནས་ལས་ཞུགས་དང་ལས་གཏོད་ལ་སྐུལ་སྤེལ་གཏོང་བའི་བྱེད་ཐབས་འཐུས་ཚང་དུ་གཏོང་དགོས། གླ་རྒྱག་ཞིང་པའི་གླ་ཕོགས་སྤྲོད་པའི་འགན་སྲུང་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། ལས་ཞུགས་ལ་མཐོང་ཆུང་བྱེད་ཚུལ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། གཞི་ཁྱོན་ཆེ་བའི་ལས་རིགས་རྩལ་ནུས་མཐོར་འདེགས་གསོ་སྦྱོང་རྒྱུན་མཐུད་ངང་སྤེལ་ནས། ངལ་རྩོལ་པ་སྔར་ལས་མང་པོར་ལག་རྩལ་སྣ་གཅིག་གི་དགེ་མཚན་ལྡན་པར་བྱས་ཏེ། ལས་ཞུགས་དང་ཡོང་འབབ་འཕར་སྣོན་སྔར་ལས་ལེགས་པོ་ཡོང་བར་བྱེད་དགོས།

སློབ་གསོ་དྲང་སྙོམས་དང་སྤུས་ཚད་མཐོར་འདེགས་ཡོང་བར་སྐུལ་འདེད་གཏོང་དགོས། དུས་རབས་གསར་པའི་སྤྱོད་བཟང་དར་སྤེལ་དང་མི་སྣ་གསོ་སྐྱོང་བྱེད་པའི་ལས་གྲྭ་ལག་བསྟར་བྱེད་པ་དང་། བསམ་བློ་ཆབ་སྲིད་སློབ་ཚན་དང་སྤྱི་ཚོགས་སློབ་ཚན་མཉམ་འདྲེས་ནུས་ལྡན་ཡོང་བར་སྐུལ་སྤེལ་གཏོང་དགོས། སློབ་ལོ་རན་པའི་མི་འབོར་གྲུབ་ཚུལ་གྱི་འགྱུར་ལྡོག་དང་འཚམ་པར་བྱས་ཏེ་སློབ་གསོའི་ཐོན་ཁུངས་ཀྱི་བཀོད་པའི་གྲུབ་ཚུལ་ལེགས་སྒྲིག་བྱེད་པར་སྐུལ་འདེད་གཏོང་དགོས། རྨང་གཞིའི་སློབ་གསོ་ལེགས་སྐྱེད་སྤུས་འདེགས་ཡོང་བར་སྐུལ་འདེད་གཏོང་བ་དང་། འོས་འགན་སློབ་གསོ་སྤུས་ལེགས་དང་དོ་མཉམ་ངང་འཕེལ་རྒྱས་འགྲོ་བ་དང་སློབ་ཞུགས་གོང་གི་སློབ་གསོ་སྤུས་ལེགས་དང་ཀུན་ཕན་ངང་འཕེལ་རྒྱས་འགྲོ་བར་གཅིག་གྱུར་འཆར་འགོད་བྱེད་པ། སློབ་ཞུགས་གོང་གི་རིན་མེད་སློབ་གསོའི་སྲིད་ཇུས་འཐུས་ཚང་དུ་གཏོང་བ། མཐོ་འབྲིང་དཀྱུས་མའི་བསླབ་གནས་འདོན་སྤྲོད་བྱེད་ཚད་མང་དུ་གཏོང་བ་བཅས་བྱེད་དགོས། དངོས་གཞིའི་ཚན་ཁག་གི་སློབ་གསོ་སྤུས་ལེགས་ཀྱི་སློབ་མ་བསྡུ་བའི་གཞི་ཁྱོན་རྒྱུན་མཐུད་ངང་ཆེ་རུ་གཏོང་དགོས། ལས་རིགས་སློབ་གྲྭའི་སློབ་སྒྲུབ་ནུས་པ་མཐོར་འདེགས་གཏོང་བ་དང་། ཁྱད་ཆོས་མངོན་གསལ་དོད་པའི་མཐོ་རིམ་ལས་རིགས་སློབ་གྲྭ་འཛུགས་སྐྲུན་བྱེད་དགོས། དམིགས་བསལ་སློབ་གསོ་དང་ཆེད་དོན་སློབ་གསོ་ལེགས་པར་གཉེར་བ་དང་། ཚེ་གང་སློབ་སྦྱོང་བྱེད་པའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་དང་། དམངས་གཉེར་སློབ་གསོ་འཕེལ་རྒྱས་གཏོང་བར་ཁྲིད་སྟོན་དང་ཚད་ལྡན་དུ་གཏོང་བ་བཅས་བྱེད་དགོས། སློབ་གསོ་པའི་སྙིང་སྟོབས་དར་སྤེལ་བཏང་ནས་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་དགེ་རྒན་དཔུང་སྡེ་འཛུགས་སྐྲུན་བྱེད་པ་དང་། དགེ་རྒན་གྱི་སྤྱོད་ལམ་འཛུགས་སྐྲུན་ལ་ཤུགས་རྒྱག་པ། དགེ་རྒན་གྱི་ཐོབ་ཐང་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཕྱོགས་ཡོངས་ནས་སྐྱོན་བྲལ་སློབ་གྲྭ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས་ལུས་རྩལ་དང་། མཛེས་རིག་སློབ་གསོ། ངལ་རྩོལ་སློབ་གསོ། སེམས་ཁམས་བདེ་ཐང་གི་སློབ་གསོ་བཅས་ལ་ཤུགས་རྒྱག་པ་དང་། སློབ་གྲྭ་ཁྱིམ་ཚང་སྤྱི་ཚོགས་གསུམ་གྱིས་མཉམ་དུ་མི་གསོ་སྐྱོང་བྱེད་པའི་ལམ་སྲོལ་ཆ་ཚང་དུ་བཏང་སྟེ། སློབ་མའི་ལུས་སེམས་བདེ་ཐང་ཡོང་བ་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་གཏོང་དགོས།

གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུར་ཤུགས་རྒྱག་དགོས། བདེ་ཐང་དམིགས་བསལ་གྱིས་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ་དང་། བདེ་ཐང་ལ་སྐུལ་སྤེལ་གཏོང་བའི་སྲིད་ཇུས་ལམ་ལུགས་མ་ལག་ཆ་ཚང་དུ་གཏོང་བ། བདེ་ཐང་ཤེས་བྱ་ཁྱབ་གདལ་གཏོང་བ།  རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གྱི་ཕན་འབྲས་ཆེ་རུ་གཏོང་བ། སྤྱི་པའི་འཕྲོད་བསྟེན་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས། སྨན་བཅོས་དང་། སྨན་བཅོས་འགན་བཅོལ། སྨན་རྫས་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བ་དང་བཅོས་སྐྱོང་བྱེད་པའི་ལམ་སྲོལ་ཆ་ཚང་དུ་གཏོང་བ་དང་། སྤྱི་ཕན་རང་བཞིན་ཁྲིད་ཕྱོགས་སུ་འཛིན་པའི་གཞུང་བཙུགས་སྨན་ཁང་སྒྱུར་བཅོས་ཟབ་སྤེལ། རྫོང་དང་ཆུས་དང་གཞི་རིམ་གྱི་སྨན་བཅོས་སྒྲིག་གཞིའི་འཁོར་སྐྱོད་འགན་སྲུང་ལ་ཤུགས་རྒྱག་པ། ཉམས་ཞན་ཆེད་ཚན་འཛུགས་སྐྲུན་ལ་ཤུགས་རྒྱག་པ། གཅོང་ནད་དང་མཐོང་དཀོན་པའི་ནད་རིགས་ཕྱོགས་བསྡུས་འགོག་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ།  འཕྲལ་བཅོས་མྱུར་སྐྱོབ་དང་། ཁྲག་འགན་སྲུང་། འཕྲལ་བསྟུན་བཅས་ཀྱི་ནུས་པ་ཕྱོགས་མཐའ་ཡོངས་ནས་མཐོར་འདེགས་གཏོང་བ་བཅས་བྱེད་དགོས།  སྨན་བཅོས་སྒྲིག་གཞིའི་བྱེད་ནུས་གནས་ངེས་དང་བཀོད་པ་ལེགས་སྒྱུར་བྱེད་པ་དང་། གཞི་རིམ་གྱི་སྨན་སྤྱོད་སྦྲེལ་མཐུད་ལ་ཤུགས་རྒྱག་པ། ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུ་ཏན་ཏིག་གིས་སྒྲུབ་པ། རིམ་དབྱེའི་ནད་བརྟག་སྨན་བཅོས་ལ་སྐུལ་སྤེལ་གཏོང་བ་བཅས་བྱེད་དགོས། ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་རྒྱུན་འཛིན་དང་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་ལུགས་གསོ་རིག་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་བྱེད་པར་སྐུལ་སྤེལ་གཏོང་དགོས། སྡོད་དམངས་ཀྱི་སྨན་བཅོས་འགན་བཅོལ་གྲོན་དངུལ་ལ་ནོར་སྲིད་ཀྱིས་མི་རེར་ཆ་སྙོམས་ཁ་གསབ་སྤྲོད་པའི་ཚད་གཞི་སྒོར་24མཐོ་རུ་གཏོང་དགོས། རིམ་པ་མང་བའི་སྨན་བཅོས་འགན་སྲུང་མ་ལག་ཆ་ཚང་དུ་གཏོང་བ་དང་། གཞི་རྩའི་སྨན་བཅོས་འགན་བཅོལ་ཞིང་ཆེན་རིམ་པས་གཅིག་གྱུར་འཆར་འགོད་བྱེད་པར་བརྟན་པོའི་ངང་སྐུལ་འདེད་གཏོང་བ། གསོ་རིག་སྨན་རྫས་གཅིག་བསྡུས་ཀྱིས་ཉོ་སྒྲུབ་དང་རིན་གོང་བཅོས་སྐྱོང་བྱེད་ཚུལ་ལེགས་སྒྱུར། སྨན་བཅོས་འགན་བཅོལ་གྱི་གྲོན་དངུལ་གཏོང་སྤྲོད་བྱེད་སྟངས་སྒྱུར་བཅོས་ཟབ་སྤེལ། ལྷག་འཕྲོའི་མ་དངུལ་བེད་སྤྱོད་སྲིད་ཇུས་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས། འགན་བཅོལ་ཁ་བསླུས་རྒྱག་པར་རྡུང་རྡེག་མཐའ་གཅིག་ཏུ་གཏོང་དགོས། ཚོང་ལས་བདེ་ཐང་འགན་བཅོལ་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་། གསར་གཏོད་སྨན་རྫས་དང་སྨན་བཅོས་ཡོ་བྱད་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ། མི་དམངས་མང་ཚོགས་ཀྱི་སྣ་མང་ཅན་གྱི་སྨན་བཅོས་དང་སྨན་བསྟེན་པའི་དགོས་མཁོ་སྔར་ལས་ལེགས་པར་སྐོང་དགོས།

སྤྱི་ཚོགས་འགན་སྲུང་དང་ཞབས་ཞུར་ཤུགས་རྒྱག་དགོས། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་རྨང་གཞིའི་རྒན་གསོའི་དངུལ་ཟླ་རེའི་ཚད་གཞི་དམའ་ཤོས་སླར་ཡང་སྒོར་20ཇེ་མཐོར་གཏོང་དགོས། གཞི་རྩའི་རྒན་གསོའི་འགན་བཅོལ་རྒྱལ་ཡོངས་སུ་གཅིག་གྱུར་འཆར་འགོད་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་མ་ཟད་དོན་འཁྱོལ་བྱེད་པ་དང་།  ལས་ཤོར་དང་ལས་རྨས་འགན་བཅོལ་གྱི་ཁེབས་རྒྱ་ཆེ་རུ་གཏོང་བ། ལས་རིགས་རྨས་སྐྱོན་འགན་སྲུང་གི་ཚོད་ལྟ་བྱེད་ཁྱོན་ཆེ་རུ་གཏོང་བར་བརྟན་པོ་དང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ། སྤྱི་ཚོགས་འགན་བཅོལ་གྱི་འབྲེལ་བ་སྤོ་སྒྱུར་དང་འཕྲོ་མཐུད་སྲིད་ཇུས་ཆ་ཚང་དུ་གཏོང་བ་བཅས་བྱེད་དགོས། མི་འབོར་རྒན་རྒོན་ཅན་དུ་འགྱུར་བར་ཁ་གཏད་ཧུར་ཐག་འཇལ་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀུན་ཕན་རྒན་གསོའི་ཞབས་ཞུ་འདོན་སྤྲོད་བྱེད་རྒྱ་ཆེ་རུ་གཏོང་བ། གྲོང་ཁྱེར་དང་སྡེ་ཁུལ་གྱི་རྒན་གསོ་ཞབས་ཞུའི་དྲ་བ་ཆ་ཚང་དུ་གཏོང་བ།  གྲོང་གསེབ་ཀྱི་རྒན་གསོའི་ཞབས་ཞུ་ཧུར་ཐག་གིས་འཕེལ་རྒྱས་གཏོང་བ། ཚད་འབྲིང་ཙམ་ཡན་གྱི་ནུས་ཉམས་རྒན་རྒོན་ལ་རྒན་གསོའི་ཞབས་ཞུའི་འཛད་སྤྱོད་ཁ་གསབ་སྤྲོད་པའི་ལས་གཞི་ལག་བསྟར་བཅས་བྱེད་དགོས། གསོ་བཅོས་ཟུང་འབྲེལ་ཞབས་ཞུ་འཕེལ་རྒྱས་གཏོང་བ།  རྒན་རྒོན་གྱི་མི་ཤུགས་ཐོན་ཁུངས་གསར་སྤེལ་ཧུར་ཐག་བྱེད་པ། སྐྲ་དཀར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་བཟོ་བ། རྒན་རྒོན་གྱི་མཁོ་ཆས་ཐོན་རྫས་དང་། རྒན་གསོའི་དངུལ་རྩ། བྱེས་སྡོད་རྒན་གསོ་སོགས་ཀྱི་རྒྱབ་སྐྱོར་སྲིད་ཇུས་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས། ཁམས་གསོ་ནད་སྐྱོང་ཤོང་སྐྱེད་མཐོར་འདེགས་ལས་གྲྭ་ལག་བསྟར་བྱེད་དགོས། ཡུན་རིང་ནད་སྐྱོང་འགན་བཅོལ་ལམ་ལུགས་ཁྱབ་སྤེལ་གཏོང་དགོས། ཁེར་སྡོད་རྒན་རྒོན་དང་ནུས་ཉམས་རིག་ཉམས་སོགས་དཀའ་ངལ་ཡོད་པའི་མི་ཚོགས་ལ་གཅེས་སྐྱོང་དང་རོགས་སྐྱོར་ཡག་པོ་བྱེད་དགོས། དགེ་མཚན་ལྡན་པའི་གཉེན་སྒྲིག་དང་ཕྲུ་གུ་སྐྱེ་གསོའི་ལྟ་བ་འདོན་སྤེལ་བྱས་ནས་བུ་བཙའ་མཛའ་མཐུན་ཅན་གྱི་སྤྱི་ཚོགས་འཛུགས་སྐྲུན་བྱེད་དགོས། ཐོག་དང་པོར་གཉེན་སྒྲིག་བྱས་པ་དང་ཕྲུ་གུ་བཙས་པའི་ཁྱིམ་ཚང་གི་སྡོད་ཁང་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བུ་ཕྲུག་མང་བའི་ཁྱིམ་ཚང་གི་ལེགས་བཅོས་རང་བཞིན་གྱི་སྡོད་ཁང་དགོས་མཁོ་སྐོང་རྒྱུར་རྒྱབ་སྐྱོར་བྱེད་དགོས། བུ་བཙའི་འགན་བཅོལ་ལམ་ལུགས་དང་བུ་བཙའི་གུང་གསེང་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། བཅོལ་གསོའི་ཞབས་ཞུའི་གསབ་དངུལ་སྤྲོད་པའི་དཔེ་སྟོན་ཚོད་ལྟ་བྱེད་གནས་གཏིང་ཟབ་ཏུ་སྤེལ་བ་དང་། ཀུན་ཕན་བཅོལ་གསོ་དང་བུ་བཅོལ་བྱིས་གསོ་གཞི་གཅིག་ཅན་གྱི་ཞབས་ཞུ་འཕེལ་རྒྱས་གཏོང་དགོས། དབང་པོར་སྐྱོན་འབྱུང་བ་སྔོན་འགོག་དང་། ཁམས་གསོ། གསོ་བཅོལ། ལྟ་སྐྱོང་བཅས་ཀྱི་ཞབས་ཞུར་ཤུགས་རྒྱག་པ་དང་། རྒན་གསོ་དང་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་ཐོན་ཁུངས་གཅིག་འདོམས་ཀྱིས་བེད་སྤྱོད་བྱེད་པར་སྐུལ་འདེད་གཏོང་དགོས། དཀའ་ངལ་ཡོད་པའི་བྱིས་པར་གཅེས་སྐྱོང་བྱེད་པའི་ཞབས་ཞུ་ཡག་པོ་སྒྲུབ་པ་དང་། བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་དགོས། དམག་མི་དང་དམག་མིའི་ནང་མི། དམག་ཞབས་འཐིམ་པའི་དམག་མི་དང་གཟིགས་སྐྱོང་བྱ་ཡུལ་གཞན་དག་བཅས་ཀྱི་ཞབས་ཞུ་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས། གཞི་རྩའི་ཤིད་ལས་ཞབས་ཞུའི་ལམ་ལུགས་འཛུགས་པ་དང་ཆ་ཚང་དུ་གཏོང་དགོས། རིགས་དང་རིམ་པ་བཀར་ནས་སྤྱི་ཚོགས་རོགས་སྐྱོབ་ལས་དོན་ཡག་པོ་བསྒྲུབས་ཏེ་དམངས་འཚོའི་མཐའ་ཚད་སྲུང་ཅི་ཐུབ་དང་བརྟན་པོར་སྲུང་དགོས།

མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྔར་ལས་ལེགས་པར་སྐོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བར་བརྟེན་ནས་རིག་གནས་འཛུགས་སྐྲུན་བྱེད་པར་ཁྲིད་སྟོན་བྱེད་དགོས། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་བྱ་གཞག་འཕེལ་རྒྱས་གཏོང་བ་དང་། གསར་འགྱུར་སྒྲོག་སྤེལ་དང་། གློག་བརྙན་བརྙན་འཕྲིན། རྩོམ་རིག་སྒྱུ་རྩལ་སོགས་ཁྱབ་ཁོངས་ཀྱི་སྤུས་དག་གསར་རྩོམ་ལ་སྐུལ་འདེད་གཏོང་བ་དང་དཔེ་སྐྲུན་ལས་རིགས་དར་རྒྱས་གོང་འཕེལ་ཡོང་བར་རྒྱབ་སྐྱོར་བྱེད་དགོས། དྲ་རྒྱའི་ནང་དོན་འཛུགས་སྐྲུན་དང་དོ་དམ་ལ་ཤུགས་རྒྱག་པ་དང་། དྲ་རྒྱའི་ཕྱོགས་བསྡུས་བཅོས་སྐྱོང་ཟབ་སྤེལ་བྱེད་པ། ལོ་ན་མ་སོན་པའི་སྐྱེ་བོ་དང་རྒན་རྒོན་ལ་དྲ་རྒྱའི་སྲུང་སྐྱོབ་བྱེད་པར་སྐུལ་འདེད་གཏོང་དགོས། སྤྱི་པའི་རིག་གནས་ཞབས་ཞུའི་སྤུས་ཕྱོད་མཉམ་འདེགས་བྱ་སྤྱོད་ལག་བསྟར་བྱས་ཏེ། སྤྱི་པའི་དཔེ་མཛོད་ཁང་དང་། དངོས་མང་བཤམས་སྟོན་ཁང་། རིག་གནས་ཁང་། ཚན་རྩལ་ཁང་སོགས་དམངས་ཕན་སྒོ་འབྱེད་ཡག་པོ་བྱེད་པ་དང་། དམངས་ཡོངས་ཀྱི་དཔེ་ཀློག་ཁྱབ་གདལ་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ། དངོས་གཞིའི་དཔེ་ཁང་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་བྱེད་པ།  མང་ཚོགས་རང་བཞིན་གྱི་རིག་གནས་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་བ། མཉམ་སྦྲེལ་དྲ་རྒྱའི་ཆ་རྐྱེན་འོག་གི་མང་ཚོགས་ཀྱི་རིག་རྩལ་གསར་པ་དར་རྒྱས་གཏོང་བ་བཅས་བྱེད་དགོས། ཡིག་ཚགས་བྱ་གཞག་འཕེལ་རྒྱས་གཏོང་དགོས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་ལས་གྲྭ་ལག་བསྟར་གཏིང་ཟབ་བྱེད་པ་དང་། རྒྱལ་ཡོངས་ཀྱི་རིག་དངོས་ཡོངས་བཤེར་ཐེངས་བཞི་པ་ལེགས་གྲུབ་བྱས་ནས་རིག་གནས་ཤུལ་བཞག་ལ་མ་ལག་ལྡན་པར་སྲུང་སྐྱོབ་དང་། ལྟ་སྐུལ་དོ་དམ། ལུགས་མཐུན་གྱིས་བེད་སྤྱོད་བཅས་བྱེད་པར་ཤུགས་རྒྱག་དགོས། རིག་གནས་ཡུལ་སྐོར་ལས་རིགས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་གཏོང་བ་དང་། རིག་གནས་ཡུལ་སྐོར་ལུས་རྩལ་ཚོང་ལས་སོགས་མཉམ་འདྲེས་ཀྱི་ལས་རྣམ་ཕུན་སུམ་ཚོགས་པར་གཏོང་དགོས། རིག་གནས་ཁེ་ལས་དང་ཕུལ་བྱུང་རིག་གནས་ཐོན་རྫས་སྔར་ལས་མང་པོ་འཛམ་གླིང་དུ་སྐྱོད་པར་བསྔགས་སྐུལ་བྱེད་པ་དང་། གཙོ་རྒྱུག་སྨྱན་སྦྱོར་གྱི་རྒྱལ་སྤྱིའི་སྒྲོག་སྤེལ་ནུས་པ་ཆེ་རུ་གཏོང་དགོས། 2026ལོའི་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་དང་ཨེ་ཤ་ཡའི་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་ལ་ཞུགས་པའི་གྲ་སྒྲིག་ལས་དོན་ཡག་པོ་སྒྲུབ་དགོས། རྐང་རྩེད་སྤོ་ལོ་རྩེད་མཁན་ན་གཞོན་སྦྱོང་བརྡར་མ་ལག་གང་མགྱོགས་ཀྱིས་བསྐྱར་འཛུགས་བྱེད་དགོས། འགྲན་བསྡུར་བྱེད་སྒོའི་དཔལ་འབྱོར་དང་། གངས་འཁྱགས་དཔལ་འབྱོར། ཕྱི་རོལ་ལུས་རྩལ་སྦྱོར་བརྡར་བཅས་ཧུར་ཐག་གིས་འཕེལ་རྒྱས་གཏོང་བ་དང་། མང་ཚོགས་ཉེ་འགྲམ་གྱི་ལུས་རྩལ་ར་བ་དང་སྒྲིག་བཀོད་འཛུགས་སྐྲུན་ཡག་པོ་དང་བེད་སྤྱོད་ཡག་པོ་བྱེད་པ། མང་ཚོགས་ཞུགས་པའི་ཁྱད་ལྡན་ལུས་རྩལ་འགྲན་བསྡུར་བྱེད་སྒོ་སྔར་ལས་མང་པོ་སྐྱེད་སྲིང་བྱེད་དགོས།

(དགུ།) ཕྱོགས་ཡོངས་ནས་ལྗང་མདོག་རིགས་སྒྱུར་ལ་སྐུལ་འདེད་མགྱོགས་སུ་གཏོང་དགོས། ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་གྱིས་སྣེ་ཁྲིད་བྱས་ཏེ། ཐཱན་གཅོག་དང་། སྦགས་འཕྲི། ལྗང་སྐྱེད། འཕར་སྣོན་བཅས་ལ་མཐུན་སྦྱོར་གྱིས་སྐུལ་འདེད་གཏོང་བ་དང་ལྗང་མདོག་འཕེལ་རྒྱས་ཀྱི་སྒུལ་ནུས་ཆེ་རུ་གཏོང་དགོས།

སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། གནམ་སྔོན་པོ་དང་། ཆུ་དྭངས་མོ། ས་གཙང་མ་བཅས་སྲུང་སྐྱོབ་ཀྱི་དམག་འཐབ་གཏིང་ཟབ་སྒོས་ཡག་པོ་རྒྱག་པ་དང་། མཁའ་དབུགས་ཀྱི་སྤུས་ཚད་རྒྱུན་མཐུད་ངང་ལེགས་སུ་གཏོང་བའི་བྱ་སྤྱོད་འཆར་གཞི་གཏན་འབེབས་དང་ལག་བསྟར་བྱེད་པ། རྫོང་མཁར་དང་གྲོང་གསེབ་ཀྱི་བཙོག་ཆུ་དྲི་ངན་ཅན་དང་ཁ་གཏིང་གཉིས་ཀྱི་སྦགས་བཙོག་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ། གཙོ་གནད་ལས་རིགས་ཀྱི་སྦགས་བཙོག་ཐེབས་པའི་ས་ཆའི་ཉེན་ཁ་དོ་དམ་ཚོད་འཛིན་བྱེད་པར་ཤུགས་རྒྱག་པ་བཅས་བྱེད་དགོས། སྦགས་བཙོག་དངོས་པོ་གསར་པ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྲ་གཟུགས་ཟོག་རོ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་བྱ་སྤྱོད་ལག་བསྟར་བྱེད་དགོས། སྣ་མང་ཅན་གྱི་སྐྱེ་ཁམས་གུན་གསབ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་ཐབས་ལམ་རྒྱ་སྐྱེད་གཏོང་དགོས། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་དགོས། འབྲི་ཆུར་ལོ་བཅུའི་རིང་ཉ་རྒྱ་སྡོམ་རྒྱུ་ལག་བསྟར་ཡག་པོ་བྱེད་དགོས། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་བཅས་གཞི་གཅིག་ཅན་དུ་སྲུང་སྐྱོབ་དང་མ་ལག་ལྡན་པར་བཅོས་སྐྱོང་བྱེད་པ་རྒྱུན་འཁྱོངས་དང་། རང་བྱུང་སྲུང་སྐྱོབ་ཁུལ་སྡེབ་སྒྲིག་ལེགས་སྒྱུར་བྱེད་པ་ལག་བསྟར། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་སྐུལ་འདེད། “བྱང་གསུམ་”ལས་གྲྭའི་འགག་སྒྲོལ་དམག་འཐབ་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཉེ་འགྲམ་གྱི་རི་སྔར་ལས་སྔོ་བ་དང་ཆུ་སྔར་ལས་དྭངས་པར་བྱེད་དགོས།

ལྗང་མདོག་ཐཱན་ཉུང་གི་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། ལྗང་མདོག་ཐཱན་ཉུང་ངང་འཕེལ་རྒྱས་འགྲོ་བར་སྐུལ་སྤེལ་གཏོང་བའི་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། གཙོ་གནད་ལས་རིགས་ཀྱི་སྤུས་འདེགས་མ་གཅོག་ཐཱན་གཅོག་བྱ་སྤྱོད་ལག་བསྟར་བྱས་ཏེ། ཐཱན་མེད་གླིང་ཁུལ་དང་བཟོ་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། རྒྱལ་ཁབ་ཀྱི་ཐཱན་ཉུང་རིགས་སྒྱུར་ཐེབས་རྩ་བཙུགས་ནས་ཆིང་ནུས་དང་ལྗང་མདོག་འབར་རྫས་སོགས་འཕར་གཞི་གསར་པ་སྐྱེད་སྲིང་བྱེད་དགོས། ནུས་ཁུངས་ཟད་གྲོན་ཆེ་བ་དང་འབུད་གཏོང་ཆེ་བའི་ལས་གཞིར་ཕན་ཡོད་ནུས་ཆེའི་སྒོ་ནས་ལྟ་སྡོམ་བྱས་ཏེ། རྗེས་ལུས་ཀྱི་ཐོན་ནུས་གང་མགྱོགས་ཀྱིས་འདོར་བ་དང་། ལྗང་མདོག་ཐཱན་ཉུང་ལག་རྩལ་སྒྲིག་ཆས་གསར་གཏོད་དང་བཀོལ་སྤྱོད་བྱེད་པར་རྒྱབ་སྐྱོར་བྱེད་དགོས། ཐོན་ཁུངས་བསྡོམས་འབོར་དོ་དམ་དང་ཕྱོགས་ཡོངས་ནས་གྲོན་ཆུང་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། བསྐྱར་སྐྱེ་ཐོན་ཁུངས་རེས་འཁོར་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་དགོས།

ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་ཡོང་བར་ཧུར་ཐག་དང་བརྟན་པོའི་ངང་སྐུལ་འདེད་གཏོང་དགོས། ཐཱན་འབུད་གཏོང་སྤྱི་འབོར་དང་དྲག་ཚད་གཉིས་ཀ་ཚོད་འཛིན་བྱེད་པའི་ལམ་ལུགས་ལག་བསྟར་བྱེད་པ་དང་། ཐཱན་འབུད་གཏོང་བསྡོམས་རྩིས་དང་ཞིབ་རྩིས་དང་། ཐཱན་རྗེས་ཤུལ་དོ་དམ་མ་ལག་འཐུས་ཚང་དུ་གཏོང་བ། ཐཱན་འབུད་གཏོང་བྱེད་དབང་གི་ཉོ་ཚོང་ཚོང་རའི་ཁེབས་རྒྱ་སྔར་ལས་ཆེ་རུ་གཏོང་བ་བཅས་བྱེད་དགོས། ནུས་ཁུངས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་འཆར་འགོད་རྩ་གནད་གཏན་འབེབས་བྱེད་དགོས། གློག་ཤུགས་མ་ལག་དཔེ་གསར་འཛུགས་པར་ཤུགས་རྒྱག་པ་དང་། རིག་ནུས་གློག་དྲ་གང་མགྱོགས་འཛུགས་སྐྲུན་བྱེད་པ། ནུས་གསོག་དཔེ་གསར་འཕེལ་རྒྱས་གཏོང་བ། ལྗང་གློག་བཀོལ་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་བ་བཅས་བྱེད་དགོས། འགྱུར་རྡོའི་ནུས་ཁུངས་སྦགས་མེད་ནུས་ཆེའི་སྒོ་ནས་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་དགོས།

(བཅུ།) གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་འགོག་ཟོན་དང་སེལ་ཐབས་དང་བདེ་འཇགས་ནུས་པ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། ཉེན་ཁ་སྔོན་འགོག་དང་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བར་གཅིག་གྱུར་འཆར་འགོད་བྱེད་པ་དང་། འཕེལ་རྒྱས་ཀྱི་ལྡེམ་གཤིས་སྔར་བས་ཆེ་རུ་གཏོང་བ། བདེ་འཇགས་ཀྱི་མཐའ་ཚད་བརྟན་སྲུང་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ཏེ། སྤྱི་ཚོགས་ཞི་མཐུན་བརྟན་བརླིང་ཡོང་བར་སྐུལ་སྤེལ་གཏོང་དགོས།

ས་ཁང་ཐོན་ལས་ཚོང་ར་བརྟན་བརླིང་ཡོང་བར་ཤུགས་རྒྱག་དགོས། གྲོང་ཁྱེར་དང་བསྟུན་ནས་སྲིད་ཇུས་ལག་བསྟར་བྱས་ཏེ་འཕར་འབོར་ཚོད་འཛིན་དང་། མཛོད་ཉར་འདོར་བ། འདོན་སྤྲོད་ལེགས་སྒྱུར་བཅས་བྱེད་པ་དང་། ཐབས་ལམ་མང་པོའི་ཐོག་ནས་བསགས་འབོར་ཚོང་སྒྱུར་སྡོད་ཁང་འཁྲུག་པོར་གཏོང་བ་འཚོལ་ཞིབ་བྱེད་པ་དང་། ཉོ་སྒྲུབ་བྱས་པའི་བསགས་འབོར་ཚོང་སྒྱུར་སྡོད་ཁང་དེ་འགན་སྲུང་རང་བཞིན་གྱི་སྡོད་ཁང་སོགས་ལ་གཙོ་གནད་ཐོག་སྤྱོད་རྒྱུར་བསྔགས་སྐུལ་བྱེད་དགོས། སྡོད་ཁང་གི་སྤྱི་གསོག་མ་དངུལ་ལམ་ལུགས་སྒྱུར་བཅོས་ཟབ་སྤེལ་བྱེད་དགོས། འགན་སྲུང་རང་བཞིན་གྱི་སྡོད་ཁང་འདོན་སྤྲོད་ལེགས་སྒྱུར་བྱེད་པ་དང་། ཁང་པ་ཉེན་ཅན་དང་རྙིང་པ་སྒྱུར་བཀོད་ཇེ་མགྱོགས་སུ་གཏོང་དགོས། བདེ་འཇགས་བག་ཕེབས་ལྗང་མདོག་རིག་ལྡན་བཅས་ཀྱི་“ཁང་པ་ཡག་པོ་”འཛུགས་སྐྲུན་བྱེད་པར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་དང་། ཁང་པའི་སྤུས་ཚད་མཐོར་འདེགས་གཏོང་བའི་ལས་གྲྭ་དང་སྡེ་ལས་ཞབས་ཞུའི་སྤུས་ཚད་མཐོར་འདེགས་གཏོང་བའི་བྱ་སྤྱོད་ལག་བསྟར་བྱེད་དགོས། “སྤྲོད་ངེས་ཁང་པའི་”མིང་ཐོ་དཀར་པོའི་ལམ་ལུགས་ཀྱི་ནུས་པ་སྔར་བས་འདོན་སྤེལ་བྱས་ཏེ་བུན་འགན་ཁ་ཆད་དང་འགལ་བའི་ཉེན་ཁ་འགོག་ཟོན་བྱེད་དགོས། ས་ཁང་ཐོན་ལས་འཕེལ་རྒྱས་གཏོང་བའི་དཔེ་རྣམ་གསར་པའི་རྨང་གཞིའི་ལམ་ལུགས་དང་ཆ་འགྲིག་སྲིད་ཇུས་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས།

ས་གནས་སྲིད་གཞུང་གི་བུ་ལོན་གྱི་ཉེན་ཁ་གོ་རིམ་ལྡན་པའི་ངང་ཧུར་ཐག་གིས་སེལ་དགོས། ས་གནས་ཁག་གིས་སྲིད་ཇུས་བེད་སྤྱོད་དཔྱིས་ཕྱིན་པ་དང་བེད་སྤྱོད་ཡག་པོ་བྱེད་པར་རྒྱབ་སྐྱོར་བྱས་ཏེ། མངོན་མེད་བུ་ལོན་གྱི་ཉེན་ཁ་གང་མགྱོགས་སེལ་བ་དང་། བུ་ལོན་རྫུན་སེལ་བྱེད་རིགས་ནན་འགོག་བྱེད་དགོས། སྒྲིག་འགལ་ངང་མངོན་མེད་བུ་ལོན་གསར་འཕར་གཏོང་རིགས་བཀག་སྡོམ་མཐའ་གཅིག་ཏུ་བྱ་རྒྱུ་དེ་ལྕགས་ལྟར་འགྱུར་བ་མེད་པའི་སྒྲིག་ཁྲིམས་བཙན་པོར་འགྱུར་བར་བྱེད་དགོས། དངུལ་རྩ་དང་ནོར་སྲིད་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བུ་ལོན་བསྐྱར་སྒྲིག་དང་བརྗེ་ལེན་བྱེད་ཐབས་ལེགས་སྒྱུར། ཐབས་མང་མཉམ་སྤྱོད་ཀྱིས་ས་གནས་སྲིད་གཞུང་གི་དངུལ་སྡུད་ལས་སྟེགས་ཀྱི་གཉེར་སྐྱོང་རང་བཞིན་གྱི་བུ་ལོན་ཉེན་ཁ་སེལ་བ་བཅས་བྱས་ཏེ། རིགས་དབྱེ་རིམ་ལྡན་ངང་སྒྱུར་བཅོས་རིགས་སྒྱུར་བྱེད་པར་སྐུལ་འདེད་གཏོང་དགོས། བུ་ལོན་ལྟ་ཞིབ་ཚད་ལེན་གྱི་དཔྱད་ཞིབ་དམིགས་ཚད་ལེགས་སྒྱུར་བྱས་ནས་གཅིག་གྱུར་གྱི་སྲིད་གཞུང་གི་བུ་ལོན་དོ་དམ་ཡུན་ཕན་ལམ་སྲོལ་འཛུགས་དགོས།

དངུལ་རྩའི་ཁྱབ་ཁོངས་ཀྱི་ཉེན་ཁ་བརྟན་བརླིང་ཧུར་ཐག་གིས་སེལ་དགོས། ས་གནས་ཀྱི་དངུལ་རྩའི་སྒྲིག་གཞི་འབྲིང་ཆུང་གི་ཉེན་ཁ་ཐག་གཅོད་བྱེད་པའི་ཐོན་ཁུངས་དང་བྱེད་ཐབས་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཉེན་ཁ་ཆེ་བའི་སྒྲིག་གཞི་ཐག་གཅོད་བྱེད་པར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས། ཐབས་ལམ་མང་པོ་ནས་མ་རྩ་ཁ་གསབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དངུལ་རྩའི་སྒྲིག་གཞིའི་ངན་རེངས་མ་རྩ་བརྟན་པོའི་ངང་ཐག་གཅོད་བྱེད་དགོས། དངུལ་རྩའི་ལྟ་སྐུལ་དོ་དམ་མཐུན་སྦྱོར་ལ་ཤུགས་བརྒྱབ་ནས་ཁྲིམས་འགལ་གྱི་དངུལ་རྩའི་བྱེད་སྒོ་འགོག་ཟོན་དང་རྡུང་རྡེག་གཏོང་དགོས། དངུལ་རྩའི་ཉེན་ཁར་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་གཏོང་བ་དང་ཐོག་མའི་དུས་རིམ་དུ་ཡོ་བསྲང་བྱེད་ཤུགས་ཆེ་རུ་བཏང་ནས་ཉེན་ཁ་འབྱུང་རྩ་ནས་སྔོན་འགོག་ཚོད་འཛིན་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས།

རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་བརླིང་ཡོང་བར་སྲུང་སྐྱོང་བྱེད་དགོས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་ཆ་ཚང་དུ་གཏོང་བ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་རྒྱལ་ཁབ་བདེ་འཇགས་ནུས་པ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། སྤྱི་པའི་བདེ་འཇགས་བཅོས་སྐྱོང་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། རྨང་གཞིའི་སྒྲིག་བཀོད་གལ་ཆེན་གྱི་ངོ་བོའི་བདེ་འཇགས་ཆུ་ཚད་མཐོ་རུ་གཏོང་བ། བདེ་འཇགས་ཐོན་སྐྱེད་དང་གནོད་འགོག་གེགས་སེལ་གྱི་གཞི་རིམ་རྨང་གཞི་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་བ་བཅས་བྱས་ཏེ། བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བཅོས་འགག་སྒྲོལ་ལོ་གསུམ་གྱི་བྱ་སྤྱོད་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱེད་དགོས། གནམ་གཤིས་དང་། ཆུ་དཔྱད། ས་གཤིས་གནོད་འཚེ། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན། ས་ཡོམ་བཅས་ལ་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་གཏོང་བར་ཤུགས་རྒྱག་དགོས། བྱང་ཕྱོགས་ས་ཁུལ་གྱི་ཆུ་ལོག་འགོག་པ་དང་འཁྱིལ་ཆུ་གཤོང་བ། གནོད་འཚེ་འགོག་པ་བཅས་ཀྱི་རྨང་གཞིའི་སྒྲིག་བཀོད་དང་། འཕྲལ་བསྟུན་ཐག་གཅོད་སོགས་ཀྱི་ཆད་སྐྱོན་གང་མགྱོགས་གསབ་དགོས། དེང་རབས་ཅན་གྱི་ཆུ་དྲ་གང་མགྱོགས་འཛུགས་སྐྲུན་བྱེད་དགོས། གནོད་འཚེ་ཚབས་ཆེན་གྱི་འགན་བཅོལ་དང་འགན་སྲུང་མ་ལག་ཆ་ཚང་གཏོང་དགོས། ཟས་རིགས་དང་། སྨན་རྫས། བཟོ་ལས་ཐོན་རྫས་གཙོ་བོ། དམིགས་བསལ་སྒྲིག་ཆས་སོགས་ལ་བདེ་འཇགས་ལྟ་སྐུལ་དོ་དམ་ནན་པོ་བྱེད་དགོས། སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་དང་། སྤྱི་ཚོགས་ལས་སྒྲུབ་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱི་ཚོགས་རྩ་འཛུགས་དང་། མི་ཆོས་སྐྱོབ་རོགས། དང་བླངས་ཞབས་ཞུ། སྤྱི་ཕན་དགེ་སྒྲུབ་བཅས་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བར་ཁྲིད་སྟོན་དང་རྒྱབ་སྐྱོར་བྱེད་པ། ལས་རིགས་མཐུན་ཚོགས་དང་ཚོང་ཚོགས་ཀྱི་སྒྱུར་བཅོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། དུས་རབས་གསར་པའི་“ཧྥེང་ཆའོ་ཉམས་མྱོང་”རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། སྡེ་ཁུལ་བཅོས་སྐྱོང་འཐུས་ཚང་དུ་བཏང་སྟེ། འགལ་བ་དང་རྩོད་གཞི་སྔོན་འགོག་དང་སྣ་མང་སེལ་ཐབས་བྱེད་པར་སྐུལ་འདེད་གཏོང་དགོས། སྤྱི་ཚོགས་ཀྱི་སེམས་ཁམས་ཁྲིད་སྟོན་ལ་ཤུགས་རྒྱག་དགོས། ཡིག་བསྐུར་ངོ་བཅར་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་བར་སྐུལ་འདེད་གཏིང་ཟབ་བཏང་སྟེ། ཡིག་བསྐུར་ངོ་བཅར་གནད་དོན་གཅིག་བསྡུས་ཀྱིས་འདུམ་སེལ་བྱེད་དགོས། སྤྱི་ཚོགས་བདེ་སྐྱོང་ཐད་ལ་སྤྱི་ཡོངས་ནས་སྔོན་འགོག་ཚོད་འཛིན་བྱེད་པའི་མ་ལག་དང་ནུས་པ་འཛུགས་སྐྲུན་ཟབ་སྤེལ་དང་། ནག་སེལ་གཤེད་འཇོམས་རྒྱུན་རྣམ་ཅན་གྱི་ལམ་སྲོལ་ཆ་ཚང་དུ་གཏོང་བ། གློག་འཕྲིན་དང་དྲ་རྒྱའི་ཁ་བསླུས། དུག་རྫས་ཉེས་གསོག་སོགས་སྔོན་འགོག་དང་རྡུང་རྡེག་གཏོང་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཆུ་ཚད་སྔར་ལས་མཐོ་བའི་དུས་བདེའི་ཀྲུང་གོ་འཛུགས་སྐྲུན་བྱེད་དགོས།

གནས་བབ་དང་ལས་འགན་གསར་པས་སྲིད་གཞུང་གི་ལས་དོན་ལ་བླང་བྱ་སྔར་ལས་མཐོ་བ་བཏོན་ཡོད། སྲིད་གཞུང་རིམ་པ་ཁག་དང་དེའི་ལས་སྒྲུབ་མི་སྣས་“གཏན་འཁེལ་གཉིས་”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་དགོས་ཤིང་། “འདུ་ཤེས་བཞི་”ཆེ་རུ་སྐྱེད་པ་དང་། “གདེང་ཚོད་བཞི་”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས་”བྱེད་ཐུབ་པ་བཅས་བྱས་ཏེ། རང་རྟོགས་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་མཐའ་འཁྱོངས་བྱེད་དགོས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། དབང་ཆ་བགོ་སྒྲིག་དང་འཁོར་སྐྱོད་ཚད་ལྡན་དུ་གཏོང་བ་དང་དེར་ལྟ་སྐུལ་བྱེད་པར་ཤུགས་རྒྱག་པ་བཅས་བྱས་ཏེ། སྲིད་གཞུང་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་རྒོལ་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་བྱ་སྤྱོད་དང་རུལ་སུངས་གནད་དོན་བཅོས་སྒྲིག་ཡོ་བསྲང་གཏིང་ཟབ་བྱེད་དགོས། ཡང་དག་པའི་སྲིད་འབྲས་ལྟ་བ་སྐྱེད་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་ཏེ། མི་དམངས་ཀྱི་ཆེད་དུ་སྲིད་འབྲས་འདོན་པ་དང་དངོས་དོན་སྒྲུབ་པར་བརྟེན་ནས་སྲིད་འབྲས་འདོན་པ་རྒྱུན་འཁྱོངས་བྱེད་པ་དང་། རང་རྟོགས་ཀྱིས་ཆོས་ཉིད་ལྟར་བྱ་བ་སྒྲུབ་དགོས། 

ང་ཚོས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁྲིམས་ལྟར་སྲིད་འཛིན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། རྩ་ཁྲིམས་དང་བཅའ་ཁྲིམས་ལ་ནན་པོར་གཞིགས་ནས་རང་འགན་གཙང་སྒྲུབ་བཅས་བྱེད་དགོས། རིམ་པ་གཅིག་མཚུངས་ཀྱི་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་ལྟ་སྐུལ་རང་རྟོགས་ངང་དང་ལེན་དང་། མི་དམངས་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་རང་རྟོགས་ངང་དང་ལེན། སྤྱི་ཚོགས་དང་གླེང་ཕྱོགས་ཀྱི་ལྟ་སྐུལ་རང་རྟོགས་ངང་དང་ལེན་བཅས་བྱེད་དགོས། རྩིས་བཤེར་ལྟ་སྐུལ་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་དགོས། ནོར་རྩིས་ལྟ་སྐུལ་དང་བསྡོམས་རྩིས་ལྟ་སྐུལ་ལ་ཤུགས་རྒྱག་དགོས། ཚན་རིག་དང་མཐུན་པར་ཇུས་གཅོད་དང་། དམངས་གཙོས་ཇུས་གཅོད། ཁྲིམས་ལྟར་ཇུས་གཅོད་བཅས་རྒྱུན་འཁྱོངས་བྱེད་དགོས། སྲིད་དོན་ཡོངས་བསྒྲགས་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ་དང་། སྲིད་ཇུས་དྲིལ་བསྒྲགས་དང་གསལ་འགྲེལ་བྱ་རྒྱུར་ཤུགས་རྒྱག་དགོས། སྲིད་འཛིན་བསྐྱར་གྲོས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་ཆ་ཚང་དུ་གཏོང་དགོས།  བཟོ་ཚོགས་དང་། གུང་གཞོན་ཚོགས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱིས་ནུས་པ་སྔར་ལས་ལེགས་པར་འདོན་པར་རྒྱབ་སྐྱོར་བྱེད་དགོས། བྱ་ལས་སྡེ་ཚན་སྒྱུར་བཅོས་གཏིང་ཟབ་ཏུ་སྤེལ་དགོས། ཁེ་ལས་དང་འབྲེལ་བ་ཡོད་པའི་སྲིད་འཛིན་ཁྲིམས་བསྟར་ཚད་ལྡན་དུ་གཏོང་བའི་ཡུན་ཕན་ལམ་སྲོལ་ཆ་ཚང་དུ་གཏོང་དགོས། “ནུས་ཆེའི་སྒོ་ནས་དོན་དག་གཅིག་སྒྲུབ་པ་”སྣེ་ཁྲིད་དུ་བྱས་ཏེ་སྲིད་དོན་ཞབས་ཞུ་རྒྱུན་མཐུད་ངང་ལེགས་སྒྱུར་བྱེད་པ་དང་། གྲངས་ཀའི་སྲིད་གཞུང་འཛུགས་སྐྲུན་མགྱོགས་སུ་གཏོང་དགོས། སྲིད་འཛིན་གྱི་ཕན་འབྲས་ཆེ་རུ་གཏོང་གང་ཐུབ་བྱེད་པ་དང་། སེམས་རྣལ་དུ་ཕབ་ནས་དོན་འཁྱོལ་དམ་འཛིན་བྱེད་པ། དོ་དོ་ཏན་ཏན་གྱིས་གནད་དོན་ཐག་གཅོད་བྱེད་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ལག་བསྟར་དཔྱིས་ཕྱིན་བྱེད་ནུས་དང་གནད་འཕིགས་ནུས་པ་ཆེ་རུ་གཏོང་དགོས། སྲིད་གཞུང་རིམ་པ་ཁག་གིས་སྤྱི་ཡོངས་ཀྱི་ལྟ་བ་བརྟན་པོར་འཛུགས་པ་དང་། རྒྱལ་ཡོངས་འཕེལ་རྒྱས་སྤྱི་ཡོངས་ཁྲོད་ཀྱི་གནས་ངེས་ཁོང་དུ་ཡང་དག་ཆུད་པར་བྱེད་པ། རྒྱལ་ཁབ་ཀྱི་འཐབ་ཇུས་དང་། ཚོང་རའི་དགོས་མཁོ། ས་ཁུལ་གྱི་དགེ་མཚན་བཅས་ཟུང་འབྲེལ་བྱེད་མཁས་པོ་བྱས་ཏེ། ཡུལ་བབ་དང་བསྟུན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་རྣམ་གསར་པ་འཚོལ་ཞིབ་བྱེད་དགོས། ཁྱད་ཡོད་ཅན་གྱི་དཔྱད་ཞིབ་གདེང་འཇོག་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཕྱི་ཚུལ་རིང་ལུགས་རྒྱུན་མཐུད་ངང་བཅོས་སྒྲིག་གཏིང་ཟབ་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་བཏང་སྟེ། རྒྱ་ཆེའི་ལས་བྱེད་པར་བློ་སེམས་རྩེ་གཅིག་གིས་དོན་འཁྱོལ་དམ་འཛིན་དང་དངོས་དོན་སྒྲུབ་ཏུ་འཇུག་དགོས། ཆབ་སྲིད་ཁོར་ཡུག་དང་། ཤེས་ལྡན་མི་སྣའི་ཁོར་ཡུག ཚོང་གཉེར་ཁོར་ཡུག གླེང་ཕྱོགས་ཁོར་ཡུག་བཅས་བཟང་པོ་བསྐྲུན་ནས་སྤྱི་ཚོགས་ཡོངས་སུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒྲིལ་ཤུགས་ཆེན་པོ་ཆགས་པར་བྱེད་དགོས།

ང་ཚོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བསྐྱེད་རྒྱུ་གཙོ་ཐིག་ཏུ་བཟུང་སྟེ། མི་རིགས་ཁག་རྒྱ་ཁྱབ་ཏུ་སྤེལ་རེས་དང་། འགྲོ་འོང་། མཉམ་འདྲེས་བཅས་བྱེད་པར་སྐུལ་སྤེལ་ཧུར་ཐག་གཏོང་བ་དང་། མི་རིགས་ས་ཁུལ་གྱི་དེང་རབས་ཅན་འཛུགས་སྐྲུན་གྱི་གོམ་སྟབས་མགྱོགས་སུ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་རྒྱུན་འཁྱོངས་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཆོས་ལུགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་དུ་འགྱུར་བར་ཤུགས་རྒྱག་དགོས། ཕྱོགས་ཡོངས་ནས་ཏང་གི་ཕྱིར་སྡོད་རང་མིའི་ལས་དོན་སྐོར་གྱི་སྲིད་ཇུས་ལག་ལེན་དཔྱིས་ཕྱིན་བྱེད་པ་དང་། ཕྱིར་སྡོད་སྤུན་ཟླ་དང་ཕྱིར་ལོག་རང་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མི་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ཏེ། ཕྱིར་སྡོད་རང་མིའི་སེམས་པ་དང་སྟོབས་ཤུགས་སྔར་ལས་ལེགས་པར་གོང་བུར་སྒྲིལ་དགོས།

འདས་པའི་ལོ་གཅིག་གི་རིང་། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་གྲུབ་འབྲས་གསར་པ་ཐོབ་ཡོད། ལོ་གསར་པའི་ནང་ང་ཚོས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ཏེ། དུས་རབས་གསར་པའི་དམག་དོན་འཐབ་ཇུས་དང་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཐོག ཕྱོགས་ཡོངས་ནས་དམག་དོན་ཨུ་ལྷན་གྱི་ཀྲུའུ་ཞིའི་འགན་འཁུར་ལམ་ལུགས་ལག་བསྟར་གཏིང་ཟབ་དང་། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྲུན་བྱེད་པ་ཁྲིད་སྟོན་དུ་འཛིན་པ། ཆབ་སྲིད་སྦྱོང་སྒྲིག་རྒྱུན་མཐུད་ངང་ཟབ་སྤེལ་བཅས་བྱས་ཏེ་དམག་བཙུགས་ལོ་བརྒྱའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་འགག་སྒྲོལ་དམག་འཐབ་འཕྲོ་མཐུད་ངང་ཡག་པོ་རྒྱག་དགོས། དམག་སྦྱོང་དམག་གྲབས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། སྔོན་ཐོན་འཐབ་འཛིང་སྟོབས་ཤུགས་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་སྟེ། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་བྱེད་པའི་འཐབ་ཇུས་ཀྱི་ནུས་པ་ཆེ་རུ་གཏོང་དགོས། དམག་དཔུང་འཛུགས་སྐྲུན་གྱི་“ལོ་ལྔ་ཚན་བཅོ་ལྔ་པའི་”འཆར་འགོད་བཟོ་རྒྱུ་དམ་འཛིན་ཡག་པོ་བྱས་ཏེ། རྒྱལ་སྲུང་འཕེལ་རྒྱས་ཀྱི་ལས་གྲྭ་གནད་ཆེན་ལག་བསྟར་དང་། དམག་དོན་གྱི་རིགས་པའི་གཞུང་ལུགས་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་ལས་གྲྭ་ལག་བསྟར་བྱེད་དགོས། དམག་དཔུང་དང་ས་གནས་བརྒལ་བའི་སྒྱུར་བཅོས་ལ་ཕྱར་བ་གྲུ་འདེགས་ཀྱིས་སྐུལ་འདེད་གཏོང་བ་དང་། རྒྱལ་སྲུང་ཚན་རྩལ་བཟོ་ལས་མ་ལག་དང་བཀོད་པ་ལེགས་སྒྱུར། གཞི་གཅིག་ཅན་གྱི་རྒྱལ་ཁབ་འཐབ་ཇུས་མ་ལག་དང་ནུས་པ་སྲ་བརྟན་དང་མཐོ་རུ་གཏོང་བ་བཅས་བྱེད་དགོས། རྒྱལ་སྲུང་སྐུལ་སློང་ནུས་པ་གང་མགྱོགས་འཛུགས་སྐྲུན་བྱེད་པ་དང་། དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོ་ཟབ་སྤེལ་བྱེད་དགོས། སྲིད་གཞུང་རིམ་པ་ཁག་གིས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ། “གཉིས་བཀུར་”ལས་དོན་གཏིང་ཟབ་སྤེལ་བ་དང་། དམག་སྲིད་བར་དང་དམག་དམངས་བར་གྱི་མཐུན་སྒྲིལ་སྲ་བརྟན་དུ་གཏོང་དགོས།

ང་ཚོས་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”དང་། “ཞང་ཀང་པས་ཞང་ཀང་སྐྱོང་བ།” “ཨའོ་མོན་པས་ཨའོ་མོན་སྐྱོང་བ།” ཚད་མཐོའི་རང་སྐྱོང་བྱེད་པ་བཅས་ཀྱི་བྱེད་ཕྱོགས་བློ་བརྟན་འགྱུར་མེད་ཀྱིས་ལག་ལེན་མཐར་ཕྱིན་བྱེད་པ་དང་། “རྒྱལ་གཅེས་པས་ཞང་ཀང་སྐྱོང་བ་”དང་“རྒྱལ་གཅེས་པས་ཨའོ་མོན་སྐྱོང་བ་”ཡི་རྩ་དོན་དོན་འཁྱོལ་བྱེད་པ། ཞང་ཀང་དང་ཨའོ་མོན་ཁྲིམས་ལྟར་བཅོས་སྐྱོང་བྱེད་པའི་ཕན་ནུས་མཐོར་འདེགས་གཏོང་བ་བཅས་བྱས་ཏེ། ཞང་ཀང་དང་ཨའོ་མོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བར་སྐུལ་སྤེལ་གཏོང་དགོས། ཞང་ཀང་དང་ཨའོ་མོན་གཉིས་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ནང་སྔར་ལས་ལེགས་པར་འདྲེས་པ་དང་དེར་ཞབས་འདེགས་ཞུ་བར་རྒྱབ་སྐྱོར་བྱེད་པ་དང་། ཞང་ཀང་དང་ཨའོ་མོན་གཉིས་ཀྱིས་མེས་རྒྱལ་ལ་རྒྱབ་རྟེན་བཅོལ་བ་དང་འཛམ་གླིང་དང་སྦྲེལ་མཐུད་བྱེད་པའི་ཐུན་མོང་མ་ཡིན་པའི་དགེ་མཚན་དང་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཏེ། ཞང་ཀང་དང་ཨའོ་མོན་ཡུན་རིང་དར་རྒྱས་བརྟན་བརླིང་ཡོང་བར་སྐུལ་སྤེལ་གཏོང་དགོས།

ང་ཚོས་དུས་རབས་གསར་པའི་ཏང་གི་ཐའེ་ཝན་གནད་དོན་ཐག་གཅོད་བྱེད་པའི་སྤྱིའི་ཇུས་གཞི་ཆེན་མོ་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་གོ་གཅིག་གི་རྩ་དོན་དང་“གོ་གཉིས་ངོས་འཛིན་གཅིག་མཐུན་”རྒྱུན་འཁྱོངས་བྱེད་པ། “ཐའེ་ཝན་རང་བཙན་”གྱི་ཁ་ཕྲལ་སྟོབས་ཤུགས་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་བ། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཐེ་ཇུས་བྱེད་པར་ངོ་རྒོལ་བཅས་བྱས་ཏེ། ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། མེས་རྒྱལ་གཅིག་གྱུར་ཡོང་བའི་བྱ་གཞག་ཆེན་པོར་སྐུལ་འདེད་གཏོང་དགོས། ངོགས་གཉིས་ཀྱི་སྤེལ་རེས་མཉམ་ལས་དང་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་སྤེལ་བ་དང་། ཀྲུང་ཧྭའི་རིག་གནས་མཉམ་དུ་རྒྱུན་འཛིན་དང་དར་སྤེལ་གཏོང་བ། སྤུན་ཟླ་ཐའེ་ཝན་པས་ཐོབ་ཐང་གཅིག་མཚུངས་ལོངས་སུ་སྤྱོད་པའི་སྲིད་ཇུས་དོན་འཁྱོལ་བྱེད་པ། ངོགས་གཉིས་ཀྱི་སྤུན་ཟླའི་བདེ་རྩ་ཆེ་རུ་གཏོང་བ་བཅས་བྱས་ཏེ། མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེ་མཉམ་དུ་གཏོད་དགོས།

ང་ཚོས་རང་བཙན་རང་བདག་གི་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་རྒྱུན་འཁྱོངས་དང་། ཞི་བའི་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་བསྐྱོད་རྒྱུ་རྒྱུན་འཁྱོངས། གོ་ལ་ཧྲིལ་པོའི་རོགས་ཟླའི་འབྲེལ་བའི་དྲ་རྒྱ་རྒྱ་སྐྱེད། བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ལ་མཐའ་གཅིག་ཏུ་ངོ་རྒོལ། རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་སྲུང་སྐྱོང་བཅས་བྱེད་དགོས། ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ། འདྲ་མཉམ་རིམ་ལྡན་གྱི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་ཁོང་ཡངས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དར་སྤེལ་གཏོང་བ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ། གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོ་བཅས་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་དང་འཛུགས་སྐྲུན་བྱེད་པར་ཧུར་ཐག་ཞུགས་པ། རྒྱལ་སྤྱིའི་སྒྲིག་ལམ་སྔར་ལས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ། ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་སྐྲུན་པ་བཅས་བྱས་ཏེ། འཛམ་གླིང་ཞི་བའི་འཕེལ་རྒྱས་ཡོང་བའི་དགའ་སྐྱིད་ལྡན་པའི་མ་འོངས་པ་མཉམ་དུ་གཏོད་འདོད་ཡོད།

འཐུས་མི་རྣམ་པ། དཔེ་གཞི་བཀོད་ཟིན་ལ་མདུན་སྐྱོད་དུས་ལ་བབས་ཡོད། ང་ཚོ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྟོན་དུ་བཟུང་སྟེ། མི་བརྒྱ་སེམས་གཅིག་དང་འབད་འབུངས་མདུན་སྐྱོད་ཀྱིས་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་དམིགས་འབེན་ལས་འགན་ནུས་ཤུགས་ཡོད་རྒུས་མངོན་འགྱུར་བྱེད་པ་དང་། “ལོ་ལྔ་ཚན་བཅོ་ལྔ་པའི་”འགོ་ཡག་པོ་འཛུགས་པར་འགན་ལེན་ཏན་ཏིག་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཕྱོགས་ཡོངས་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཡོང་བའི་བྱ་གཞག་རླབས་པོ་ཆེར་སྐུལ་འདེད་གཏོང་བར་འབད་འཐབ་ལྷོད་མེད་བྱེད་དགོས།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།