སྲིད་གཞུང་གི་བྱ་བའི་སྙན་ཞུ།

ཡོང་ཁུངས། ཞིང་ཆེན་སྲིད་གཞུང་ཡིག་སྒྱུར་ཁང་།

——2026ལོའི་ཟླ1པོའི་ཚེས27ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་

སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་བཞི་བའི་སྟེང་།

ཧྲིན་ཀྲང་། ལུའོ་ཏུང་ཁྲོན།

འཐུས་མི་རྣམ་པ།

ད་ལྟ་ངས་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ་ཚོགས་ཆེན་ལ་བྱ་བའི་སྙན་ཞུ་འབུལ་རྒྱུ་ཡིན་པས། ཁྱེད་རྣམ་པས་གྲོས་ཞིབ་གནང་རོགས། དེར་མ་ཟད་སྲིད་གྲོས་ཨུ་ཡོན་དང་ཚོགས་ཐོག་ཏུ་ཟུར་ཞུགས་བྱས་པའི་བློ་མཐུན་རྣམ་པས་བསམ་འཆར་འདོན་རོགས།

གཅིག  2025ལོ་དང“ལོ་ལྔ་ཚན་བཅུ་བཞི་བའི”དུས་སྐབས་ཀྱི་བྱ་བར་ཕྱི་མིག་ལྟ་བ།

2025ལོ་ནི“ལོ་ལྔ་ཚན་བཅུ་བཞི་བ”མཇུག་སྒྲིལ་བའི་ལོ་ཡིན་ལ། མཚོ་སྔོན་འཕེལ་རྒྱས་བྱུང་རིམ་ཁྲོད་ཀྱི་ཧ་ཅང་སྤྱིར་བཏང་མིན་པའི་ལོ་ཞིག་ཀྱང་ཡིན། ཛ་དྲག་རྙོག་དྲ་ཆེ་བའི་གནས་བབ་དང་དཀའ་ངལ་མང་བརྩེགས་ཀྱི་འགྲན་སློང་ལ་གདོང་གཏད་དེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག།  ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱེད་པའི་རྒྱུན་བསྐྱངས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་མཆན་བཀོད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་མཐར་ཕྱིན་དང་། ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཐོག། བློ་བརྟན་འགྱུར་མེད་དང་དངོས་སྒྲུབ་སྔོན་བརྩོན། དཀའ་ངལ་འཛེམ་མེད་དང་འབད་འབུངས་ཅི་ནུས་བྱས་པས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་འཇགས་ཡིན་ལ་བརྟན་ཐོག་ཡར་འཕེལ་བྱུང་ཡོད། ས་གནས་ཀྱི་ཐོན་སྐྱེད་བསྡོམས་ཐང4.1%འཕར་བ་དང། སྡོད་དམངས་ཡོངས་ཀྱི་མི་རེའི་སྤྱོད་འཐུས་ཡོང་འབབ5.1%འཕར། མཁར་གྲོང་གི་བརྟག་བཤེར་ལས་ཤོར་བྱུང་ཕྱོད5.4%ཡིན་ལ།  སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་འཕར་ཚད་ན་ནིང་དང་ཕལ་ཆེར་འདྲ་མཉམ་ཡིན། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཡར་རྒྱས་གསར་བ་ཐོབ་པ་དང་། དམངས་འཚོ་འགན་སྲུང་བྱེད་ཤུགས་སྔར་བས་ཆེ་ལ། སྤྱི་ཚོགས་ཀྱི་ཁྱོན་ཡོངས་སྔར་བཞིན་བརྟན་འཇགས་ཡིན་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་ལ་རྣམ་པ་གསར་བ་མངོན་ཡོད། 

སྐྱེ་ཁམས་ཀྱི་གཞི་ཚོས་ལ་སྔར་བས་བཀྲག་མདངས་འཚེར། ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་སྔོན་འཇོག་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཤིང་། “རྒྱལ་དོན་གྱི་ཆེ་ཕྱོགས”ཡིན་པའི་ཆབ་སྲིད་ཁུར་ཕོད་དང“ཀྲུང་ཧྭའི་ཆུ་གཏེར”སྲུང་མཁན་གྱི་འགྱུར་མེད་བདེན་ཞེན་ལ་བརྟེན་ནས། སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་འཛུགས་སྐྲུན་དེ་སྐས་རིམ་གསར་བ་ཞིག་ཏུ་འཛེགས་པར་སྐུལ་འདེད་བཏང་། རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་མགྱོགས་མྱུར་ངང་འཛུགས་སྐྱོང་བྱས་ཏེ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་ཕན་འབྲས་གསར་བ་ཐོན་པ་དང་། དམིགས་འཁྲོལ་ཡོད་པའི་གཉེར་སྐྱོང་གི་བཅོས་སྒྱུར་ཚོད་ལྟའི་གནས་ཚད་ལྡན་གྱིས་ལག་བསྟར་བྱས། སྐྱེ་ཁམས་བདག་སྐྱོང་གི་སྤྱི་ཕན་ལས་གནས3632གསར་དུ་འཕར་བ་དང་། མདོ་ལ་རིང་མོ་དང་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་ལ་བདེ་བླག་ངང་སྐུལ་སྤེལ་བྱས་ཤིང་། ཁམས་རའི་འཛམ་གླིང་ས་གཤིས་སྤྱི་གླིང་ལ་ཆོག་མཆན་ཐོབ། རི་ཆུ་ནགས་ཞིང་མཚོ་སྤང་བྱེ་བཅས་གཞི་གཅིག་ཅན་དུ་སྲུང་སྐྱོབ་དང་མ་ལག་ལྡན་པར་བཅོས་སྐྱོང་བྱེད་པར་གཅིག་འདོམས་བགྱིས་ཏེ། གཙང་གསུམ་འབྱུང་ཡུལ་གྱི“ཀྲུང་ཧྭའི་ཆུ་གཏེར”གྱི་སྐྱེ་ཁམས་སྲུང་སྐྱོབ་ལ་རྒྱབ་སྐྱོར་བྱེད་པའི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་། “བྱང་གསུམ”ལས་གྲྭའི་ལས་སྐབས་དྲུག་པའི་ལོ་འཁོར་གྱི་འགག་སྒྲོལ་ལས་འགན་ཡོངས་སུ་གྲུབ་ཅིང་། ཙོང་ཆུའི་རི་ཆུ་ལས་གྲྭ་ཕལ་ཆེར་གྲུབ་ཡོད། རྒྱལ་ཁོངས་མུའུ་ཁྲི693.4ལྗང་སྒྱུར་དང་བྱེ་ཐང་མུའུ་ཁྲི228.3འགོག་བཅོས་བྱས་པ་དང་། རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁེབས་ཕྱོད58.81%ལ་སླེབས་ཤིང་། ས་ཆུ་སྲུང་འཛིན་བྱས་ཕྱོད77.6%ལ་འཕར། སྐྱེ་ཁམས་ཁོར་ཡུག་ལ་ས་ཁོངས་དབྱེ་ཞིང་ཁྱད་པར་དོད་ནས་གནད་ཁེལ་ལྟ་སྡོམ་ལག་བསྟར་བྱས་ཏེ། ལྟ་སྡོམ་སྡེ་ཚན613ལ་ཡོངས་སུ་ཁེབས་པར་བྱས། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་གཡུལ་འཐབ་ལེགས་པོར་བརྒྱབ་སྟེ། མཁའ་དབུགས་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད97.9%ལ་སླེབས་པ་དང་། ཆུ་བོ་གསུམ་ཞིང་ཆེན་ཕྱིར་འབབ་པའི་བཅད་ངོས་ཆུ་སྤུས་ནི་རིགསIIཔ་དང་དེའི་ཡན་དུ་སྲུང་འཛིན་བྱས་ཡོད་དེ།   “ལོ་ལྔ་ཚན་བཅུ་བཞི་བའི”སྦགས་དངོས་གཙོ་བོ་ཉུང་འབུད་ཀྱི་དམིགས་འབེན་ལས་འགན་སྔ་སྣུར་གྱིས་ལེགས་འགྲུབ་བྱུང་། ཞིང་ཧྭ་ལིས་ཚྭ་ཀུང་སིས་ཁྲིམས་འགལ་གྱིས་ཉེན་སྙིགས་ས་འོག་ཏུ་སྦས་པའི་གནད་དོན་ལ་རྩད་གཅོད་ནན་མོ་བྱས་པ་དང་། ཚྭ་མཚོའི་རྫས་བཟོ་ཁེ་ལས་ཀྱི་སྐྱེ་ཁམས་ཁོར་ཡུག་གནད་དོན་རྩ་བཅོས་བྱེད་པའི་འགུལ་སྐྱོད་ཏན་ཏིག་གིས་སྤེལ་ཞིང་། སྲ་གཟུགས་སྙིགས་རོ་ཁྲིམས་མིན་གྱིས་བྱོ་ནས་ཐག་གཅོད་པར་ཆེད་དམིགས་སྒྲིག་བཅོས་བྱེད་པའི་འགུལ་སྐྱོད་ལ་སྐུལ་འདེད་ཟབ་མོ་བཏང་། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་སྲུང་ལྟ་སྐུལ་རེས་གསུམ་པ་ལས་བཏོན་པའི་གནད་དོན་སྒྱུར་བཅོས་བྱས་ཕྱོད94.2%ལ་སླེབས། “ཐཱན་རྩེར་སོན་གྱི་འགུལ་སྐྱོད་ཆེན་པོ་བཅུ”གོམ་ཁ་བརྟན་པོར་ལག་བསྟར་བྱས་ཏེ། ལྗང་གློག་ཕྱི་སྐྱེལ་བྱེད་རྒྱ་བསྐྱེད་ནས་ཞིང་ཆེན་དང་ལྗོངས་དང་གྲོང་ཁྱེར22ལ་བསྐྱལ་བ་དང་། གློག་ཏུའུ་དུང་ཕྱུར345ཕྱི་རུ་དྲངས་ཏེ32%འཕར་ཞིང་། ཐཱན་འབུད་ཚད་ཏུན2810ཇེ་ཉུང་དུ་བཏང་བས། ལྗང་གློག་ནི་མཚོ་སྔོན་གྱི་མིང་བྱང་དུ་གྱུར། བར་ཝོན་གྱི་གོ་ལ་ཧྲིལ་བོའི་རླུང་ཁམས་ཆེན་མོའི་གཞི་གདན་ས་ཚིགས་དེ་རྒྱལ་ཡོངས་ལྗང་མདོག་ཐཱན་ཉུང་གི་དཔེ་མཚོན་དུ་གྱུར་ཡོད། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། རྫོང་དང་ཆུས་ཡོད་ཚད་ལ་ཁེབས་པའི་གཞུང་ཕྱོགས་སུ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྐྱིན་གསབ་སྟེར་བའི་རྐྱེན་སྲོལ་བཙུགས་པ་དང་། ཐུན་ཏེ་རྫོང་དང་དར་ལག་རྫོང་ལ་རྒྱལ་ཡོངས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་ཁུལ་གྱི་མིང་ཐོབ། མཁར་བྱང་ཁུལ་དང་ཞིན་ཧེ་རྫོང་། པདྨ་རྫོང་གསུམ་པོ་རྒྱལ་ཡོངས་ཀྱི“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན”ཞེས་པའི་ལག་ལེན་གསར་གཏོད་རྟེན་གཞིར་གྱུར་ཡོད། ཧོང་ཀྲུང་རྫོང་དང་མདོ་ལ་རྫོང་། རྨ་ཆེན་རྫོང་གསུམ་པོ་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཕྱོགས་བསྡུས་སྐྱིན་གསབ་སྟེར་བའི་གཙོ་གནད་ས་ཁོངས་སུ་བདམས། མཚོ་སྔོན་གྱི་སྐྱེ་ཁམས“བཞིན་མཛེས་རིན་ཐང”དེ་དམངས་ཕྱུག“ཐོན་སྐྱེད་རིན་ཐང”དུ་འགྱུར་བཞིན་ཡོད་ལ། རི་སྔོ་ཆུ་དྭངས་དེ་མཚོ་སྔོན་གྱི་དགེ་མཚན་དང་གཟི་བརྗིད་དུ་འགྱུར་བཞིན་ཡོད།

དཔལ་འབྱོར་འཁོར་སྐྱོད་ལ་རྒྱུན་མཐུད་ངང་བཟང་སྐྱེད་བྱུང་། སྔར་བས་ཧུར་ཐག་ཅན་དང་སྒྲུབ་གཞོལ་ཅན་གྱི་སྤྱི་ཁོག་སྲིད་ཇུས་གནད་དུ་ཁེལ་བར་ལག་བསྟར་བྱས་ཤིང་། ཞིང་ཆེན་ཡོངས་ཀྱིས་ཚོང་དང་མ་རྩ་འདྲེན་འགུག་གི“དཔྱིད་གསར་ཚོགས་འདུ་དང་པོ”ནས་མགོ་བརྩམས་ཏེ། འཕར་སྣོན་བརྟན་པོ་ཡོང་བར་བྱེད་པའི་ཆ་འགྲིག་ཐབས་བཀོད་རབ་དང་རིམ་པ་དུས་ཐོག་ཏུ་བཏོན་པས། ཕན་འབྲས་མངོན་གསལ་ཐོན་ཡོད། ནོར་སྲིད་དང་དངུལ་རྩའི་སྲིད་ཇུས་ཀྱིས་མཉམ་འགུལ་ངང་ཤུགས་བཏོན་ནས། དངུལ་རྩའི་མ་རྩ་སྒོར་དུང་ཕྱུར500བསྒུལ་བ་དང་། ལྗང་མདོག་ཡིད་རྟོན་དངུལ་བུན་གྱི་བསྡུར་ཚད་རྒྱལ་ཡོངས་ཀྱི་སྔོན་གྲས་སུ་ཡོད། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ལ་འགྲོ་སོང་སྒོར་དུང་ཕྱུར2164.2བཏང་། ཞིང་ཕྱུགས་ལས་ཀྱི་ཐོན་ཚད་དང་ཕན་འབྲས་གཉིས་ཀ་འཕར་ཏེ། ཐོན་ལས་དང་པོའི་འཕར་ཐང5.5%འཕར་བ་དང་། ནོར་ལུག་བཤས་གཏོང་བྱས་ཕྱོད5.2%དང1.9%འཕར་ཡོད། བཟོ་ལས་དཔལ་འབྱོར་གྱི་དཀའ་ངལ་སེལ་ཐབས་བྱས་ཏེ་སྤུས་ཚད་བརྟན་ལྷིང་ངང་མཐོར་འདེགས་བཏང་བས། གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང7.6%འཕར་ཏེ་རྒྱལ་ཡོངས་ལས་བརྒྱ་ཆའི་ཚེག1.3ཇེ་མཐོར་བཏང་བ་དང་། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས85སྐྱེད་སྲིང་དང་ཞིང་ཆེན་རིམ་པ་ཡན་གྱི་ལྗང་མདོག་བཟོ་གྲྭ20གསར་སྐྲུན་བྱས། ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་དང་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་སོ་སོ9.5%དང10.7%འཕར་བ་དང་། རྒྱལ་ཡོངས་ཀྱི་ལྗང་གློག་ཧ་ཡང་ལྟེ་བའི་ཐོན་སྐྱེད་རྟེན་གཞི་སྐོར་དང་པོ་དང་ལྗང་གློག་ཧ་ཡང་འཁོར་མིག་ཐོན་སྐྱེད་རྟེན་གཞི་ཐོག་མ་བསྐྲུན་ཚར་ཞིང་། ཧུང་ཧྲི་སྭེལ་རྨང་རྒྱུ་ཆ་གསར་བ་ལས་སྐབས་དང་པོ་དང་ཡ་ཐེ་ཡང་བའི་བསྲེས་ལྕགས་ཀུང་སིའི་ལྗང་གློག་ཧང་རྨང་རྒྱུ་ཆ་རྩེ་གྲ་ཏུན་ཁྲི10སོགས་ཀྱི་ལས་གཞི་ཐོན་སྐྱེད་བྱེད་མགོ་བརྩམས། ཞིང་ཆེན་ནང་ཁུལ་གྱི་རྩིས་འཁོར་ཧྲིལ་བོའི་ཐོན་སྐྱེད་བཟོ་རིམ་ཐོག་མ་དང་མི་མེད་འཕྲུལ་ཆས་ཚོད་སྙོམས་སྒྲིག་སྦྱོར་ཐོན་སྐྱེད་བཟོ་རིམ་གྱིས་ལས་གཉེར་བྱེད་མགོ་བརྩམས་པ་དང་། མཚོ་སྔོན་ལི་ཧའོ་ཀུང་སི་འཛམ་གླིང་གི་རི་དྭགས་རྭ་གཅིག་ཁེ་ལས500ཡི་གྲས་སུ་ཚུད། ཞབས་ཕྱིའི་ལས་རིགས་བརྟན་བརླིང་ཡིན་ལ་འཕེལ་ཕྱོགས་བཟང་སྟེ། འགྲིམ་འགྲུལ་སྐྱེལ་འདྲེན་དང་མཛོད་ཉར། སྦྲག་སྲིད་ལས་རིགས་བཅས8.5%འཕར་བ་དང་། འགྲུལ་ཟོང་གཉིས་ཀྱི་སྤྱིའི་འཁོར་རྒྱུག་བྱེད་ཚད9.5%འཕར། གྲོ་མའི་རིག་ལྡན་འདེབས་འཛུགས་དང་། “ཅན་ཡོན་ཨ་ཅག”ཁྱིམ་སྲིད་ཞབས་ཕྱི་སོགས་ལས་གཞི5ལ་རྒྱལ་ཁབ་ཀྱི་ཚད་གཞི་ཅན་གྱི་ཚོད་ལྟའི་གནས་སུ་ཆོག་མཆན་ཐོབ། འཛད་སྤྱོད་ཀྱི་སྐྱེ་སྟོབས་རྒྱུན་ཆད་མེད་པར་གློད་གྲོལ་བཏང་ནས། སྒོར་དུང་ཕྱུར20.3གྱི་རྙིང་ཚབ་གསར་བརྗེའི་གསབ་དངུལ་གྱིས་འཛད་སྤྱོད་སྒོར་དུང་ཕྱུར215ཡར་འཐེན་བྱས་པ་དང་། མེ་ཁི་དན་ནོད་དང་ཞའོ་སྨི་རླངས་འཁོར་སོགས་སྣ་འདྲེན་ཚོང་ཁང་དང་ཚོང་ཁང་མགོ་མ་སྐོར་ཞིག་གཅིག་རྗེས་གཉིས་མཐུད་ཀྱིས་དངོས་འབེབས་བྱས། “མཚོ་སྔོན་ཁྱིམ་གསོལ”གྱི་ཟོང་རྟགས་བསྐྲུན་པ་དང་། མཐོ་སྒང་གི་མཱ་ལ་སུང་དང་གླུ་ལེན་འཁྲབ་སྟོན་ཆེ་གྲས་ལ་མི་ཚོགས་རབ་ཏུ་འདུས། ཚ་གཡོལ་འགྲུལ་སྡོད་དང་གངས་འཁྱགས་འགུལ་སྐྱོད། མཐོ་སྒང་ཁམས་གསོ་བཅས་ནི་འཛད་སྤྱོད་ཀྱི་སྒུལ་ནུས་གསར་བར་གྱུར་པ་དང་། སྤྱི་ཚོགས་འཛད་སྤྱོད་དངོས་པོའི་སིལ་འཚོང་བསྡོམས་འབོར2%འཕར་ཡོད། མ་དངུལ་གཏོང་འཇོག་གི་འགག་སྒྲོལ་འགུལ་སྐྱོད་ཏན་ཏིག་གིས་སྐུལ་སྤེལ་བྱས་ཏེ། “གཙོ་གལ་གཉིས”ཀྱི་ལས་གཞི100མགྱོགས་པོར་ལག་བསྟར་བྱས་པ་དང་། ཟི་ལིང་གནམ་གྲུ་ཐང་གི་ལས་སྐབས་གསུམ་པ་བསྐྲུན་ཚར་ནས་ལས་གཉེར་བྱེད་ཀྱིན་ཡོད་ལ། འགྲུལ་པ་འདྲེན་གཏོང་བྱེད་པའི་འཕར་ཚད་དེ་ཞིང་ཆེན་ལྟེ་གནས་གྲོང་ཁྱེར་གནམ་གྲུ་ཐང་ཡོངས་ཀྱི་དང་པོར་གྱུར་ཡོད། གོར་ཁུའུ་ལྕགས་ལམ་ལས་མཚོ་སྔོན་ལམ་མཚམས་ཀྱི་ནུས་སྐྱེད་བསྒྱུར་བཀོད་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱུང་བ་དང་། རྒྱ་ཏིག་ནས་ནུབ་མཚོ་དང་གཅིག་སྒྲིལ་ནས་གསའ་མདོ་སོགས་རྒྱལ་ཁབ་དང་ཞིང་ཆེན་གྱི་གཞུང་ལམ་གཙོ་བོ11བསྐྲུན་ནས་རླངས་འཁོར་ཤར་གཏོང་བྱས། འཇུ་ཆུ་ཙོང་འདྲེན་ལས་གྲྭ་ཧྲིལ་བོ་སྤྱོད་མགོ་བརྩམས་པ་དང་། ན་ལེན་གུ་ལི་ཆུ་བོའི་ཆུ་བེད་ལྟེ་བར་འགག་བཅད་ནས་ཆུ་བསགས། མཚོ་སྔོན་ཚོང་གཏམ་ཚོགས་འདུ་ཐེངས26དང་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་འོས་སྦྱོར་ཚོགས་འདུ་སྐབས་གཉིས་པ་བདེ་བླག་ངང་འཚོགས་པ་དང་། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་དང་མཐའ་སྐོར་གྱི་ཞིང་ཆེན་ནམ་གྲོང་ཁྱེར་སོགས་སུ་ཡང་ཡང་སོང་ནས་འོས་སྦྱོར་དང་ཚོང་འགུག་བྱས་པས། ཚོང་དང་མ་རྩ་བཀུག་པའི་ལག་འབྱོར་མ་དངུལ་སྒོར་དུང་ཕྱུར795.6ལ་སླེབས་ཏེ24%འཕར་ཡོད་པ་དང་། དཔལ་འབྱོར་འཁོར་སྐྱོད་ཀྱི་རྨང་གཞི་སྔར་བས་བརྟན་ཞིང་། འཕེལ་སྟོབས་སྔར་བས་ཆེ་ལ། མཉེན་གཤིས་སྔར་བས་མངོན་གསལ་ཡིན། 

ཁྱད་ལྡན་ཐོན་ལས་གསར་བ་དང་ལེགས་པའི་ཕྱོགས་སུ་འཕེལ། གནད་ཆེ་དམ་འཛིན་དང་གནད་མེད་ཟུར་འཇོག་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་སུ་བཏང་བ་དང་། ཐོན་ལས“གནས་བཞི”འཛུགས་སྐྲུན་མྱུར་ཞིང་བརྟན་ལ། ལྗང་མདོག་རྩིས་གློག་མཉམ་འདྲེས་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་། ཀྲུང་གོའི་ཚྭ་མཚོ་སྡེ་ཚོགས་སྒྲིག་འཛུགས་བྱས་རྗེས་རྣམ་པ་གསར་རྒྱས་དང་སྤུས་ཚད་མཐོར་འདེགས་བྱུང་སྟེ། ལོ་གཅིག་གི་ནང་དུ་ལོ་རེར་རྨང་གཞིའི་ལིས་ཚྭ་གཞི་གཅིག་ཅན་ཏུན་ཁྲི4དང་སྤུས་མཐོ་ཐཱན་སྐྱུར་ལིས་ཏུན་ཁྲི2ཐོན་སྐྱེད་བྱེད་པའི་ལས་གཞི་བདེ་བླག་ངང་ཐོན་སྐྱེད་བྱེད་མགོ་བརྩམས། ན་གོར་མོའི་ཚྭ་མཚོ་ལྗང་མདོག་ཐོན་ལས་གླིང་གི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་བ་དང་། ཀྲུང་ཞིན་ཀོ་ཨན་ལིས་ལས་ཀྱི་གློག་སྨན་རིམ་པའི་ཐཱན་སྐྱུར་ལིས་བཟོ་གྲྭ་དེ་རྒྱལ་ཡོངས་ཀྱི་རྩེ་གྲ་རིམ་པའི་རིག་ནུས་བཟོ་གྲྭ་སྐོར་དང་པོའི་གྲས་སུ་ཚུད། ལོ་ཧྲིལ་བོར་ཅཱ་ལུད་ཏུན་ཁྲི757.5ཐོན་སྐྱེད་བྱས་ཏེ1.1%འཕར་བ་དང་། ཐཱན་སྐྱུར་ལིས་ཏུན་ཁྲི16.9ཐོན་སྐྱེད་བྱས་ཏེ25.3%འཕར་བས། རྒྱུན་མཐུད་ངང་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་དང་ནུས་ཁུངས་གསར་བའི་ཐོན་ལས་སྦྲེལ་ཕྲེང་དང་མཁོ་སྤྲོད་སྦྲེལ་ཕྲེང་བདེ་འཇགས་དང་བརྟན་འཇགས་ཡོང་བར་མཚོ་སྔོན་གྱི་བྱས་རྗེས་བཞག་ཡོད། རྒྱལ་ཡོངས་ཀྱི་གློག་ཁུངས་གཞི་ཁྱོན་ཆེ་ཤོས་དང་ནུས་ཁུངས་གསར་བའི་བསྡུར་ཚད་མཐོ་ཤོས་ཡིན་ལ་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར2000ཙམ་བཏང་བའི་ན་གོར་མོའི་ཤར་དང་མཚོ་ལྷོའི་ནུས་ཁུངས་གཙང་མའི་རྟེན་གཞི་འཛུགས་སྐྲུན་བྱེད་མགོ་བརྩམས། ཧྭ་ཏེན་སྡེ་ཚོགས་ཀྱི་གཏེར་ལེན་ཁའི་ལྗང་གློག་ཆིང་བཟོ་ལས་གཞི་དེ་ཚོང་ལས་ཅན་དུ་རྩིས་སྤྲོད་ཐུབ་པ་བྱུང་ཡོད། འཛམ་གླིང་གི་འཕྲུལ་ཆས་རྐྱང་མའི་གཞི་ཁྱོན་ཆེ་ཤོས་དང་ལག་རྩལ་སྔོན་ཐོན་ཡིན་པའི་སྟོང་ཝ་ཁྲི35ཅན་གྱི་ལྕོག་རྣམ་དང་གཞོང་རྣམ་གྱི་འོད་དྲོད་གློག་འདོན་ལས་གཞི2ན་གོར་མོ་དང་གཏེར་ལེན་ཁ་རུ་སྐྲུན་མགོ་བརྩམས་པས། འོད་དྲོད་འཛུགས་སྐྲུན་བྱེད་སྒང་གི་གཞི་ཁྱོན་གྱིས་རྒྱལ་ཡོངས་ཀྱི་ཨང་དང་པོ་ཟིན་ཡོད། ནུས་ཁུངས་གཙང་མའི་གློག་འདོན་འཕྲུལ་ཆས་སྒྲིག་སྦྱོར་གཞི་ཁྱོན་སྟོང་ཝ་ཁྲི7900ལས་བརྒལ་ཞིང་། འཕྲུལ་ཆས་སྒྲིག་སྦྱོར་གྱི་བསྡུར་ཚད93%ལས་བརྒལ་ཡོད་ལ། དེ་ལས་ནུས་ཁུངས་གསར་བའི་འཕྲུལ་ཆས་སྒྲིག་སྦྱོར་བསྡུར་ཚད73%ལས་བརྒལ་ཏེ། རྒྱལ་ཡོངས་ཀྱི་ཨང་དང་པོ་ཡིན། མཚོ་བོད་ཐད་རྒྱུག་གློག་སྐུད་ལས་སྐབས་གཉིས་པའི་རྒྱས་སྐྲུན་དང་། བྱང་རྒྱབ་ཀྱི་སྟོང་ཝོལ750ཅན་གྱི་གློག་མནོན་སྒྱུར་ཆས་གཙོ་བོ་རྒྱས་སྐྲུན། སྟོང་ཝོལ330ཅན་གྱི་མགོ་ལོག་དང་ཡུལ་ཤུལ་གྱི་ལྡོག་ལམ་གཉིས་པའི་ལས་གྲྭ་བཅས་སྔ་རྗེས་སུ་སྤྱོད་མགོ་བརྩམས། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་སའི་གནས་ཏེ་མཚོ་སྔོན་པོ་དཔེ་སྟོན་ཁུལ་གསར་སྐྲུན་གྱི་ལོ་གསུམ་འགུལ་སྐྱོད་ལ་ཕན་འབྲས་གསར་བ་ཐོབ་པ་དང་། མཚོ་སྔོན་ལྷོ་རྒྱུད་ཀྱི་ཚོད་ལྟའི་ཁུལ་འཆར་འགོད་དང་འཛུགས་སྐྲུན་བྱེད་མགོ་བརྩམས། མཚོ་ཀན་སྐོར་ལམ་ཆེན་མོའི་རང་འཁོར་ཡུལ་སྐོར་ལ་མུ་མཐུད་དུ་ཚ་རླབས་འཕྱུར་བ་དང་། མཚོ་སྔོན་པོ་ནས་གངས་དཀར་རི་བོའི་ཡུལ་སྐོར་ལམ་ཐིག་རྒྱལ་ཁབ་རིམ་པའི་སྤུས་ཚད་མཐོ་བའི་ཕྱི་རོལ་འགུལ་སྐྱོད་ཀྱི་དམིགས་སའི་གནས་སུ་བདམས། པེ་ལུང་རི་བོ་སྐོར་བའི་ཡུལ་སྐོར་མཛེས་ལྗོངས་བགྲོད་ལམ་དང་རིག་སྨོན་ནས་མཚོ་སྔོན་པོ་དང་ཚྭ་ཁ་བརྒྱུད་པའི་གཞུང་ལམ་ལ་རྒྱལ་ཡོངས་ཀྱི་གཞུང་ལམ་མཛེས་ཤོས་ཞེས་པའི་མིང་ཐོབ། “བྱང་ཕྱོགས་མདོ་ལར་བརྒྱུད་པའི་གཞུང་ལམ9བ”དེ་ཀྲུང་གོའི་རང་འཁོར་འགྲུལ་བཞུད་ཀྱི་གཞུང་ལམ་མཛེས་ཤོས་སུ་གྱུར་ཡོད། ནམ་མཁའི་མེ་ལོང་ཞེས་པའི་ཚྭ་ཁའི་ཚྭ་མཚོ“2025ལོའི་རྒྱལ་ཡོངས་ཀྱི་ཡུལ་སྐོར་ལྗོངས་ཁུལ་གསར་གཏོད་འཕེལ་རྒྱས་གྱི་དཔེ་གཞི”རུ་བདམས་པ་དང་། ཚ་ཧན་གྱི་རྨི་ལམ་ཞིང་གི་ཚྭ་མཚོ་དང་ཚྭ་འདམ་ཆེ་བའི་མཚོ་ཆུང་མར་གད་སོགས་ལྗོངས་ཁུལ་ལ་སྤུས་འདེགས་རིམ་སྤར་བྱས། རྫ་ནག་དང་སྨོན་ལམ་མཐོན་པོ། སྒོ་མེ་ལ་སོགས་དྲ་གྲགས་སུ་གྱུར་ཏེ། ཡུལ་སྐོར་མི་ཐེངས་དང་འགྲོ་སྒོ་གཉིས་ཀ20%ཡན་འཕར་ཡོད། བེད་སྤྱོད་རུང་བའི་རྩྭ་ཐང་ཡོངས་ལ་སྐྱེ་ལྡན་བརྟག་འཇལ་བྱས་པ་དང་། ལོ་ཏོག་གི་སོན་རྒྱུའི་ཐོན་ཁུངས་བསྡོམས་འབོར་ཁྲི48བརྒལ་ཡོད། མཚོ་སྔོན་ལོག་དཀར་གྱི“གསེར་གྱི་ས་བོན”དེ“རྒྱུད་གཅིག་ལམ་གཅིག”གི་གཤིན་སར་བསྟིམས་ཡོད་ལ། ལྗང་མདོག་ཟས་རིགས་དང་སྐྱེ་ལྡན་ཞིང་ལས་ཐོན་རྫས། ས་ཁམས་རྟགས་མཚན་གྱི་ཞིང་ལས་ཐོན་རྫས་བཅས1337ཡོད་པ་དང་། ཐོན་རྫས59ལ་ཞང་ཀང་གིSTCསྤུས་ལེགས“དངོས”རྟགས་ཀྱི་ཁས་ལེན་དཔང་སྤྲོད་བྱས་ཡོད། ཙུན་ཉ་འཁྱགས་མ་ཕྱིར་གཏོང་བྱས་ཚད་ཀྱིས་རྒྱལ་ཡོངས་ཀྱི་ཐོན་རྫས་རིགས་གཅིག་པའི་ཕྱིར་གཏོང་བསྡོམས་ཐང་གི98.5%ཟིན་པ་དང་། ལུང་དབྱང་ཀྲི་ཤན་ཞེས་པར་ཀྲུང་གོའི་སྤུས་ཚད་གཟེངས་རྟགས་ཀྱི་མིང་འདོན་བྱ་དགའ་ཐོབ། མཐོ་སྒང་གི་གྲང་བསིལ་སྔོ་ཚལ་ཏུན་ཁྲི་རིམ་པའི་ཕྱིར་གཏོང་ཐོན་ལས་འདུས་ཚོགས་བསྐྲུན་ཚར་ནས། “མཚོ་སྔོན་རྟགས་ཅན”གྱི་ཞིང་ལས་ཐོན་རྫས་རྒྱལ་ཁབ་དང་ས་ཁུལ54ལ་བཙོངས་པ་དང་། ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ལས་ཐོན་རྫས་ཕྱི་རུ་འདྲེན་ཚད་ཏུན་ཁྲི146བརྒལ་ཡོད། རྩིས་ནུས་ཀྱི་ཁོར་ཡུག་དང་སྤུས་ནུས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་ཡོད་དེ། གཙང་གསུམ་འབྱུང་ཡུལ་གྱི་ལྗང་གློག་རིག་རྩིས་མཉམ་འདྲེས་དཔེ་སྟོན་གྱི་གློག་དྲ་ཕྲན་གྲས་བསྐྲུན་ནས་ལས་གཉེར་བྱེད་ཀྱིན་ཡོད་ལ། ཨ་ལི་སྤྲིན་རྩིས་ཀྱི་ཉིང་ལྷེབ་ཧྲིལ་བོ་རྒྱལ་ཐོན་ཡིན་པའི་བྱང་བུ་ཁྲི་ཕྲག་གི་ལྗང་རྩིས་འདུས་ཚོགས་དང་། ཅིན་ཧྲན་སྤྲིན་རྩིས་ཀྱི་རིག་རྩིས་ལྟེ་གནས། ཞིན་ཧྭ་གསུམ་པའི་མཚོ་སྔོན་ཐུ་ལིང་གྲོང་ཚོ་སོགས་སྔ་རྗེས་སུ་གཉེར་མགོ་ཚུགས་པ་དང་། རྒྱལ་ཁབ་ཀྱི་ཁོངས་མིང་རྩེ་དྲའི་མཚོ་སྔོན་འགྲེལ་ཞིབ་ཚིགས་གནས་དེ་དྲ་ལམ་དུ་སྤེལ་ཞིང་། མཚོ་བོད་མཐོ་སྒང་གི་ལྗང་མདོག་རྩིས་ནུས་དྲ་བ་ཐོག་མ་བསྐྲུན་ཚར། གཞི་གྲངས་ཀྱིས་དངུལ་རྩར་ཞབས་ཕྱི་སྒྲུབ་པའི་ལས་གཞི་ལ་རྒྱལ་ཡོངས་ཀྱི“གཞི་གྲངས་གཙོ་རྒྱུ×”འགྲན་སྡུར་ཁྲོད་བྱ་དགའ་རིམ་པ་དང་པོ་ཐོབ་པ་དང་། འཛམ་གླིང་གི་བོད་ཡིག་འཚོལ་བཤེར་མ་ལག“ཡོངས་འཛིན”གྱི་སྤྱོད་མཁན་རྒྱལ་ཁབ་དང་ས་ཁུལ90ལ་ཁྱབ་ཡོད། འཁོར་སྒྲོམ་ཚད་ལྡན་ཁྲི4བསྐྲུན་པ་དང་རྩིས་ནུས་གཞི་ཁྱོནPཁྲི2.2ལས་བརྒལ་ཏེ“གཉིས་ཀ་ལྡབ་འགྱུར”གྱིས་འཕེལ་བས། ཐོན་ལས་མ་ལག་གི“ལྗང་མདོག་འདུས་ཚད”དང“རིན་ཐང་འདུས་ཚད”ཇེ་མོད་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་ཇེ་ཡངས་སུ་གྱུར། 

འཕེལ་རྒྱས་ཀྱི་སྒུལ་ཤུགས་ཉིན་བཞིན་ཇེ་དྲག་ཏུ་ཕྱིན། བཅོས་སྒྱུར་འགག་སྒྲོལ་ལ་བརྟེན་ནས་བཀག་རྒྱ་གཏོར་བ་དང་། གསར་གཏོད་སྐུལ་སྤེལ་ལ་བརྟེན་ནས་སྒུལ་ཤུགས་སྐྱེད་པ། སྒོ་འབྱེད་མཉམ་ལས་ལ་བརྟེན་ནས་རྣམ་གསར་གཏོད་པ་བཅས་རྒྱུན་འཁྱོངས་བྱས་ཏེ། ཁྲོམ་ར་ཅན་ཁྲིམས་སྐྱོང་ཅན་རྒྱལ་སྤྱི་ཅན་གྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་བསྐྲུན་པར་འབད་པ་དང་། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་མོར་ཧུར་ཐག་གིས་འདྲེས་པར་བྱས། རྒྱལ་དབང་ཁེ་ལས་ཀྱི་བཅོས་སྒྱུར་ཟབ་སྤེལ་དང་མཐོར་འདེགས་བཏང་བ་དང་། ནུབ་རྒྱུད་གཏེར་ལས་དང་ནུས་ཁུངས་འཕེལ་རྒྱས་སྡེ་ཚོགས་སོགས་ཁེ་ལས6ནི2025ལོའི་ནུབ་རྒྱུད་ཁེ་ལས་གྲངས་འཛིན་ཅན་དུ་འཛུགས་སྐྲུན་བྱས་པ་ལས་ཕན་འབྲས་ཁྱད་འཕགས་ཐོབ་པའི་སྡེ་ཚན་དུ་བདམས། དམིགས་འགུག་དམིགས་འཇོག་ཁྱབ་ཁོངས་ཀྱི་འབུར་ཐོན་གནད་དོན་ལ་མ་ལག་ལྡན་པར་སྒྲིག་བཅོས་བྱེད་པར་སྐུལ་འདེད་གཏིང་ཟབ་བྱས་པ་དང་། རིག་ལྡན་གྱི་ཉོ་ཚོང་དམིགས་དཔྱད་རམ་འདེགས་མ་ལག་དྲ་ལམ་དུ་སྦྲེལ་ནས་སྤྱོད་མགོ་བརྩམས། ཁེ་འབྲེལ་གྱི་སྲིད་འཛིན་ཁྲིམས་བསྟར་ཚད་ལྡན་དུ་གཏོང་བའི་ཆེད་དམིགས་འགུལ་སྐྱོད་སྤེལ་བ་དང་། ཞིབ་བཤེར་བསྡོམས་འབོར24.2%མར་ཆག། གྲངས་འཛིན་སྲིད་གཞུང་ལས་སྟེགས་མགྱོགས་པོར་བསྐྲུན་པ་དང་། ཤང་དང་གྲོང་རྡལ། སྲང་ལམ་བཅས་ཀྱི་འགན་སྒྲུབ་དོན་ཚན་གྱི་གསལ་ཐོ་ཕྱོགས་ཡོངས་ནས་བཙུགས་པས། “ཕན་མཐོའི་ངང་དོན་དག་གཅིག་འགྲུབ་པ”དེས་ཁེ་ལས་དང་མང་ཚོགས་ལ་སྔར་བས་ཕན་བདེ་བཟོས་ཡོད་ལ། གཙོ་གནད་ཀྱི་དོན་དག15ལ་ཞིབ་མཆན་འགོད་པའི་དུས་བཀག70%བསྙུངས་པ་དང་ཞིབ་མཆན་རྒྱུ་ཆ80%ཟོར་ཡང་དུ་བཏང་བས། གཉེར་སྐྱོང་བྱེད་པོ་ཁྲི2.83གསར་དུ་འཕར། ཚན་རྩལ་གསར་གཏོད་ཀྱི་འབྲས་བུ་རྒྱུན་ཆད་མེད་པར་ཐོན་ཏེ། མཚོ་སྔོན་སློབ་ཆེན་གྱི་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་གཞི་གྲངས་ཆེན་མོ་ཉེར་སྤྱོད་དངོས་བཤེར་ཁང་དེ་ནུབ་རྒྱུད་ས་ཁུལ་དུ་ཆོག་མཆན་ཐོབ་པའི་མཚན་ཉིད་སྤྱི་ཚོགས་ཚན་རིག་གི་དངོས་བཤེར་ཁང་གཅིག་པུ་ཡིན་ལ། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་བོད་སྐད་རིག་ནུས་དངོས་བཤེར་ཁང་དེ་རྒྱལ་ཡོངས་ཀྱི་གཙོ་གནད་དངོས་བཤེར་ཁང་གི་གྲས་སུ་ཚུད་ཡོད། ཚན་རྩལ་ཅན་དང་ཚན་རྩལ་གྱད་མིའུ་ཁེ་ལས195དང་། གསར་གཏོད་ཅན་དང་ཆེད་ཞིབ་ཁྱད་གསར་གྱི་ཁེ་ལས་འབྲིང་ཆུང102གསར་དུ་འཕར། ཀྲུང་གོའི་ཚྭ་མཚོས་ཚྭ་མཚོ་ནས་ལིས་བླངས་ན་ཆུ་གྲོན་ཆེ་བའི་དཀའ་གནད་ཐག་བཅད་པ་དང་། མཚོ་སྔོན་ཚྭ་མཚོ་ཞིབ་འཇུག་སུའོ་ཡིས་ལྗང་མདོག་ཕན་མཐོའི་དབྱེ་ལེན་ལིས་འདོན་ལག་རྩལ་གསར་དུ་གཏོད། མཚོ་སྔོན་ནོ་ཏེ་ཀུང་སིས་ཝེ་སྨི3.5ཅན་གྱི་ཧ་ཅང་སྲབ་པའི་ལིས་གློག་ཟངས་ཤོག་འབོར་ཚད་ཐོན་སྐྱེད་བྱེད་ཐུབ་པ་བྱུང་ཞིང་། “མཚོ་སྔོན་ཞོག་ཁོག9བ”བསྟུད་མར་ལོ་བཞི་ལ་རྒྱལ་ཡོངས་ཀྱི་ཁྱབ་གདལ་རྒྱ་ཁྱོན་ཨང་དང་པོ་ཡིན། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་དང་ཤར་རྒྱུད་ནུབ་རྒྱུད་མཉམ་ལས་རྒྱུན་མཐུད་ངང་ཟབ་སྤེལ་བྱས་ཏེ། མ་དངུལ་སྒོར་དུང་ཕྱུར27.3དོན་ཐོག་ཏུ་འཁྱོལ་བ་དང་། ལས་གཞི681ལག་བསྟར་བྱས། ཁྲུང་ཆིན་དང་སི་ཁྲོན། བོད་ལྗོངས། ཀན་སུའུ། ཤིན་ཅང་སོགས་ཞིང་ཆེན་དང་ལྗོངས་ལ་མཉམ་ལས་སྒྲོམ་གཞིའི་གྲོས་ཆིངས་བཞག་པ་མགྱོགས་པོར་དོན་འཁྱོལ་བྱས་པ་དང་། ཞང་ཀང་དང་ཨའོ་མོན་ལ་དཔལ་འབྱོར་ཉོ་ཚོང་སྤེལ་རེས་བྱས་པར་འབྲས་བུ་གཡུར་དུ་ཟ་བ་ཐོབ། ཡར་སྨད་ཆུ་གློག་ལས་གྲྭའི་འཛུགས་སྐྲུན་ལ་ཧུར་ཐག་གིས་ཞབས་ཕྱི་བསྒྲུབས་ཤིང་། མཚོ་བོད་ལྕགས་ལམ་དང་གཞུང་ལམ་གྱི་དགེ་མཚན་འདོན་སྤེལ་བྱས་ཏེ། རྣོ་ལྕགས་རྒྱུ་ཆ་དང་ཨར་འདམ། སྐམས་ཤ་ལུག་ཤ། སྔོ་ཚལ་སོགས་ཐོན་སྐྱེད་འཚོ་བའི་དངོས་ཟོག་རྒྱུན་རྣམ་ལྟར་མཁོ་སྤྲོད་བྱས། “ཟི་ལིང—ཁྲིན་འདུ—མན་གུའུ”ལམ་ཐིག་ཡོངས་སུ་ཟོང་སྐྱེལ་གནམ་གྲུ་མུ་སྐྱོད་བྱེད་པའི་འཕུར་ལམ་ཐོག་མ་ཕྱེས་པ་དང་། ནང་འདྲེན་ཕྱིར་གཏོང་གི་བསྡོམས་ཐང17.6%འཕར་ཏེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་ཡོད། ལིས་གྱེས་རྡུལ་གློག་སྣོད་དང་ཚྭ་མཚོའི་རྫས་བཟོ་ཐོན་རྫས་ཕྱིར་གཏོང་བྱས་ཚད་སོ་སོ་ལྡབ3.8དང80.2%འཕར་ཞིང་། ནང་འདྲེན་ཕྱིར་གཏོང་གི་ཕན་འབྲས་དངོས་ཐོན་པའི་ཁེ་ལས242ལ་སླེབས་པས། བཅོས་སྒྱུར་སྒོ་འབྱེད་ཀྱི་གྲུབ་འབྲས་ཉིན་བཞིན་རྣམ་པར་མངོན་པ་དང་། གསར་གཏོད་ཀྱི་སྒུལ་ནུས་བསྟུད་མར་འཕེལ་སྐྱེད་བྱུང་། 

གྲོང་ཁྱེར་དང་གྲོང་གསེབ་ས་ཁོངས་བར་མཉམ་སྡེབ་མཉམ་འདྲེས་བྱས། ལན་ཟིའི“ཆུ་ཚོད1གི་དཔལ་འབྱོར་མུ་ཁྱུད”རགས་དབྱིབས་གྲུབ་པ་དང་། ཟི་ལིང་ནས་མཚོ་ཤར་གྱི་གྲོང་ཁྱེར་མུ་ཁྱུད་གཞི་གཅིག་ཅན་དུ་འཕེལ་རྒྱས་འབྱུང་ཚད་ཇེ་མགྱོགས་སུ་བཏང་ལ། “གནས་བརྒལ་ཆ་སྒྲིག”གིས་ཕྱོགས་མང་མཉམ་རྒྱལ་ཡོང་བ་བྱས། གྲོང་ཁྱེར་གསར་སྒྱུར་འགུལ་སྐྱོད་སྤེལ་ཏེ། གཞིས་ཁུལ་རྙིང་བ་དང་གྲོང་ནང་སྡེ་བ། གྲོང་ཁྱེར་གྱི་ཁང་བ་ཉེན་རྙིང་བཅས་ཁྲི2.2བསྒྱུར་བཀོད་བྱས་པ་དང་། མཁར་གྲོང་གི་སྦུག་ལམ་སྤྱི་ལེ1323བསྒྱུར་བཀོད་བྱས། ཟི་ལིང་གྲོང་ཁྱེར་ནི2025ལོའི་ཆེས་སྐྱིད་སྣང་ལྡན་པའི་གྲོང་ཁྱེར་དུ་བདམས། ཏ་ཐུང་དང་ཧོང་ཀྲུང་། མིན་ཧོ། ཧུའུ་ཀྲུའུ། གུང་ཧོ། ཐུན་རིན་བཅས་ཀྱི་མཁར་གྲོང་ཅན་གསར་བའི་ཚོད་ལྟའི་རྫོང་འཛུགས་སྐྲུན་བྱེད་པར་གོམ་ཁ་བརྟན་པོར་སྐུལ་འདེད་བཏང་། གྲོང་གསེབ་དར་སྤེལ་ལ་སྤུས་འདེགས་རྒྱ་སྐྱེད་བྱས་ཏེ། བརྟག་འཇལ་བྱ་ཡུལ་ཁྲི6.48ལ་བརྟན་འཇགས་ངང་དབུལ་ལོག་དབུལ་འགྱུར་གྱི་ཉེན་ཁ་སེལ་བ་དང་། གུད་ཚབ་ལས་སྤྲོད་ཀྱི་ངལ་ལས་གླ་ཆ་སྒོར་དུང་ཕྱུར4.19གཏོང་སྤྲོད་བྱས་ཤིང་། རོང་འབྲོག་པ་མི་ཁྲི3.78ཡི་ལས་ཞུགས་དང་ཡོང་འབབ་འཕར་བར་སྐུལ་ཁྲིད་བྱས། འཆམ་མཛེས་གྲོང་གསེབ150འཛུགས་སྐྲུན་བྱས་ཏེ། རོང་འབྲོག་པའི་ཁྱིམ་ཚང་ཁྲི2.67གྱི་འཚོ་སྡོད་ཆ་རྐྱེན་ཇེ་ལེགས་སུ་བཏང་བ་དང་། ཞིང་སྡེའི་ཁྱིམ་ཚང་སྤྱོད་ཁང་ཁྲི2.1བསྒྱུར་བཀོད་བྱས། ཡུལ་ཤུལ་གྱི་རྫོང3དང་ཤང5ཡི“གློག་དྲ་ཆེན་མོ་འཛུགས་སྐྲུན+གློག་དྲ་ཕྲན་གྲས་བསྒྱུར་བཀོད”ཀྱི་ལས་གྲྭ་བསྐྲུན་ནས་སྤྱོད་མགོ་བརྩམས་པ་དང་། ཞིང་སྡེའི་གཞུང་ལམ་སྤྱི་ལེ4000གསར་སྐྲུན་དང་རྒྱས་སྐྲུན་བྱས་ཤིང་། རོང་འབྲོག་ཁུལ་དུ་དམངས་བདེ་ཟམ་པ500བསྐྲུན། བ་ཡན་ནས་ཕྱག་རྡོར་ཐང་གི་གཞུང་ལམ་ལ་སྤུས་འདེགས་བསྒྱུར་བཀོད་བྱས་ཚར་ནས་སྔ་སྣུར་གྱིས་རླངས་འཁོར་ཤར་གཏོང་བྱས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཙོ་རྒྱུ་ཕྱོགས་གཉིས་སུ་འཁོར་རྒྱུག་བྱེད་པ་ཇེ་མགྱོགས་སུ་བཏང་བས། ས་ཁོངས་བར་གྱི་འཕེལ་རྒྱས་བཀོད་པ་སྔར་བས་ཇེ་ལེགས་སུ་ཕྱིན། 

དམངས་འཚོའི་ལེགས་བཅོས་ཚོར་མྱོང་ཐུབ་པར་བྱས། དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་དེ་མགོ་འཛིན་ས་དང་རྐང་འཛུགས་ས་བྱེད་པའི་རྒྱུན་བསྐྱངས་ཏེ། མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཤུགས་བསྒྲིལ་ནས་ཐག་བཅད་པ་དང་། ལོ་འཁོར་གྱི་དམངས་འཚོ་དོན་དངོས་རིགས་ཆེན་པོ་བཅུའི་དོན་ཚན45དོན་ཐོག་ཏུ་འཁྱོལ་ནས་འབྲས་བུ་ཐོན། ལས་ཞུགས་ཀྱི་ཡོང་འབབ་འཕར་སྣོན་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་བསྐྱེད་དེ། ལས་ཞུགས་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར12.19གཏོང་སྤྲོད་བྱས་པ་དང་། མཁར་གྲོང་གི་ལས་ཞུགས་མི་གྲངས་ཁྲི6.95འཕར་བ་དང་། རོང་འབྲོག་ཁུལ་གྱི་ངལ་རྩོལ་པ་མི་ཐེངས་ཁྲི112གནས་སྤོ་ལས་ཞུགས་བྱས། སློབ་ཆེན་མཐར་ཕྱིན་སློབ་མ་ལས་ཞུགས་བྱེད་ས་དོན་འཁྱོལ་བྱས་ཕྱོད92.5%ལ་སླེབས་ཡོད། མཚོ་སྔོན་འཐེན་ཐུག་ཐོན་ལས་ཀྱི་སྐུལ་ཁྲིད་ནུས་པ་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་ཕྱིན་པ་དང་།“མཚོ་དྲུབ”དང“ཧུའུ་ཀྲུའུ་ཁྱིམ་སྲིད།”“ལོའུ་ཏུའུ་ཆུ་དྲོད་བཟོ་པ”། “མཐོ་སྒང་གངས་རིའི་ལམ་པ”སོགས་ཁྱད་ལྡན་ངལ་ལས་ཟོང་རྟགས་གསོ་སྐྱོང་དང་དར་སྤེལ་བཏང་སྟེ། མི་ཐེངས་ཁྲི48ལྷག་ལ་ལས་ཞུགས་སྐུལ་ཁྲིད་བྱས། གླ་རྒྱག་ཞིང་པའི་གླ་ཕོགས་གཏོང་སྤྲོད་འགན་སྲུང་བྱེད་པའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ངལ་རྩོལ་པ་མི་ཁྲི2.15ཡི་གླ་ཕོགས་སྒོར་དུང་ཕྱུར2.65འདེད་ལེན་བྱས། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་སྤྱོད་འཐུས་ཡོང་འབབ་སོ་སོ4%དང6%འཕར། སློབ་གསོར་བརྟེན་ནས་ཞིང་ཆེན་སྟོབས་ལྡན་འཛུགས་སྐྲུན་བྱེད་པར་གོམ་ཁ་བརྟན་པོར་སྐུལ་འདེད་བཏང་ཡོད་དེ། སློབ་སྔོན་འཛིན་གྲྭ་གོང་མའི་བྱིས་པ་ཁྲི7.6གིས་རིན་མེད་སློབ་གསོ་ལོངས་སུ་སྤྱད་པ་དང་། འགན་བབས་སློབ་གསོའི་འཚོ་བཅུད་ལེགས་བཅོས་ཀྱི་འཆར་གཞི་སྤུས་འདེགས་རྒྱ་སྐྱེད་བཏང་སྟེ། ཕན་ཐོགས་པའི་སློབ་མ་ཁྲི25.48གསར་དུ་འཕར། སློབ་ཆུང་དང་དམའ་འབྲིང་གི་སློབ་མ་གསར་བའི“ཉི་འོད་སློབ་སྡུད”དང“ཉི་འོད་འཛིན་གྲྭ་དབྱེ་བགོ”ལ་གདེང་འཇོག་ལེགས་པོ་རྒྱ་ཆེར་ཐོབ་པ་དང་། མཐོ་རྒྱུགས་གསར་བའི་རྒྱུགས་ལེན་ཐེངས་ཐོག་མ་བདེ་བླག་ངང་ལག་ཏུ་བསྟར་ཞིང་། དམའ་འབྲིང་དང་མཐོ་འབྲིང་གི་སློབ་གནས་ཁྲི2འཕར། ཡུལ་ཤུལ་རྨ་ཙོང་སློབ་འབྲིང་དང་དར་ལག་རྫོང་གི་མགོ་ལོག་ཤེས་ལྡན་གསོ་སྐྱོང་སློབ་གྲྭ་བསྐྲུན་ཏེ། མཚོ་འཕགས་མཐོ་བའི་ས་ཁུལ་གྱིས་ཡུལ་གཞན་དུ་སློབ་གྲྭ་དང་འཛིན་གྲྭ་སྤེལ་བའི་སློབ་སྡུད་གཞི་ཁྱོན49%འཕར། རྒྱལ་ནང་གི་ཆུ་ཚད་མཐོ་བའི་སློབ་ཆེན་དང་མཉམ་ལས་བྱས་པའི་ཁ་གྲངས12ལ་འཕར་ཡོད་ཅིང་། མཚོ་སྔོན་ལས་རིགས་ལག་རྩལ་སློབ་ཆེན་གྱི“རྒྱ་ལམ་དང་ཟམ་པའི་ལས་གྲྭ”ཞེས་པའི་ཆེད་ལས་ཁྱུ་ཚོགས་དེ་རྒྱལ་ཁབ་རིམ་པའི“མཐོ་གཉིས་འཆར་གཞི”རུ་བདམས། བདེ་ཐང་མཚོ་སྔོན་འགུལ་སྐྱོད་གཏིང་ཟབ་ཏུ་སྐུལ་སྤེལ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་རིམ་པའི་ས་ཁོངས་སྨན་བཅོས་ལྟེ་གནས་ཐོག་མ་དང་ཞིང་ཆེན་རིམ་པའི་ས་ཁོངས་སྨན་བཅོས་ལྟེ་གནས3གྱིས་ལས་གཉེར་བྱེད་མགོ་བརྩམས་པ་དང་། འབྱུང་རྩའི་ཕྲ་ཕུང་ཐོན་ལས་མེད་པ་ནས་ཡོད་པར་གྱུར། སྨན་བཅོས་ལས་ཁུངས16ཏུ“ནད་གཡོག་མི་དགོས་པའི”ནད་ཁང་བཀོད་སྒྲིག་བྱས་པ་དང་། སྨན་རྫས་དང་གྲོན་རྫས་གཅིག་བསྡུས་སྒོས་ཉོ་སྒྲུབ་བྱས་པའི་རིན་གོང་ཆ་སྙོམས་ཀྱིས50%ལྷག་མར་ཆག་ཅིང་། ཡུལ་གཞན་སྨན་བཅོས་ལ་ཐད་ཀར་མཇུག་རྩིས་བརྒྱབ་ཕྱོད་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་ཡོད། སྤྱི་ཚོགས་འགན་སྲུང་མ་ལག་བསྟུད་མར་ལེགས་བཅོས་བྱས་ཏེ། སྤྱི་ཚོགས་འགན་བཅོལ་གྱི་གསོལ་ཐོབ་སྒོར་དུང་ཕྱུར525.9དང་སྤྱི་ཚོགས་རོགས་སྐྱོབ་ཀྱི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར30གཏོང་སྤྲོད་བྱས། ཞིང་སྡེའི་རོགས་རེས་བདེ་སྐྱིད་གླིང108ལ་བསྒྱུར་བཀོད་མཐོར་འདེགས་བྱས་པ་དང་། རྒན་རྒོན་ཁྱིམ་ཚང་དཀའ་ངལ་ཅན་གྱི་དུད་ཁྱིམ2056རྒས་འཚམ་ཅན་དུ་བསྒྱུར་བཀོད་བྱས་ཤིང་། སྡོད་ཁང་གི་གློག་སྐས400ལྷག་གསར་སྒྱུར་བྱས། དམངས་ལ་ཕན་པའི་པུར་འཇུག་བཅོས་སྒྱུར་རྒྱ་བསྐྱེད་ནས་ཟབ་སྤེལ་བྱས། རྒྱལ་ཡོངས་ཀྱི་སྔོན་དུ་ལོ་འཁོར་གྱི་བུ་གསོ་གསབ་དངུལ་གཏོང་སྤྲོད་བྱས་ཚར་ཏེ། ཕྲུ་གུ་ཁྲི17ལ་ཕན་ཐོགས་ཡོད། བཟོ་ཚོགས་དང་། ན་གཞོན་གཞོན་ནུ། བུད་མེད་དང་བྱིས་པ། ན་རྒས། དབང་བོ་སྐྱོན་ཅན། དགེ་རྩ། རྒྱ་གྲམ་དམར་པོ་སོགས་ཀྱི་བྱ་གཞག་ལ་འཕེལ་སྐྱེད་གསར་བ་ཐོབ། རིག་གནས་བྱ་གཞག་དར་རྒྱས་གོང་འཕེལ་དུ་སོང་སྟེ། སྒར་ཐང་གི་ཆིན་རྒྱལ་རབས་རྡོ་བརྐོས་དེ་རང་རྒྱལ་གྱི་ད་སྔ་ཤེས་པའི་སྔར་གནས་སུ་ཡོད་ཅིང་མཚོ་འཕགས་ཆེས་མཐོ་བའི་ཆིན་རྒྱལ་རབས་ཀྱི་རྡོ་བརྐོས་འབའ་ཞིག་ཡིན་པར་ངོས་བཟུང་ཞིང་། 2025ལོའི་རྒྱལ་ནང་གི་གནའ་རྫས་རྟོག་ཞིབ་ཀྱི་གསར་འགྱུར་ཆེན་པོ་བཅུའི་གྲས་སུ་བདམས། 《གསའ》དང《མཐོ་སྒང་གི་གཙོད》སོགས་བརྩམས་ཆོས་དང《གྱིམ་ཤིང་ཀོང་ཇོ》ཡི་གཙོ་འཁྲབ་པ་སོགས་མི་སྒེར་ལ་རྒྱལ་ཁབ་རིམ་པ་དང་རྒྱལ་སྤྱིའི་གཟེངས་རྟགས་ཐོབ་པ་དང་། 《ངོ་མཚར་གྱི་གཙང་གསུམ་འབྱུང་ཡུལ》སོགས་དངོས་ཟིན་གློག་བརྙན3ཀྲུང་དབྱང་བརྙན་འཕྲིན་ཁང་གི“གློག་བརྙན་ཆེན་པོ་སྤྱིའི་འཁྲབ་སྟེགས”ཀྱི2026ལོའི་བརྙན་རྐྱང་དུ་བདམས། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་བརྗོད་བྱ་དོ་གནད་དུ་བཟུང་བའི་མུ་འབྲེལ་བརྙན་འཕྲིན་ཟློས་གར་ཐོག་མ《ཚེ་ཡི་ལྗོན་པ》ཞེས་པ་ཕབ་སྐྲུན་བྱས་ཚར་བ་དང་། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་གྱི་གྲུབ་འབྲས་ངོམ་པའི་གློག་བརྙན་ཐོག་མ《ང་དང་ཉེ་བར་བཅར་བས་ཁྱོད་ཉིད་མཐོང》ཞེས་པ་རྒྱལ་ཡོངས་སུ་སྤྱི་གཏོང་བྱས། རྒྱལ་ཡོངས་ཀྱི་ཐོག་མ་ཡིན་པའི《དེང་རབས་རྒྱ་སྐད་ཚིག་མཛོད》རྒྱ་བོད་ཤན་སྦྱར་དོན་འགྲེལ་མ་པར་དུ་བསྐྲུན་ནས་འགྲེམ་སྤེལ་བྱས། མཚོ་སྐོར་འགྲན་སྡུར་དང་མཚོ་འདས་རྐང་གྲུག་མཉམ་འགྲན། མཚོBAསོགས་འགྲན་ཚོགས་ལ་ངོ་མཚར་བའི་ལྟད་མོ་མང་ཞིང་། མཚོ་སྔོན་འཁྱགས་ལྟིར་རུ་ཁག་གིས་ཀྲུང་གོའི་འཁྱགས་ལྟིར་མཉམ་འགྲན་གྱི་སྐྱེས་པའི་ཚོ་ཆུང་གི་ཨང་དང་པོ་བླངས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་སྒྱུར་བའི་མཚོ་སྔོན་གྱི་ལག་ལེན་གཏིང་ཟབ་ཏུ་སྐུལ་སྤེལ་བྱས་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་བསྐྲུན་པའི་ལས་འགན་ཕལ་ཆེར་ལེགས་འགྲུབ་བྱུང་ཡོད་པས། མི་རིགས་སོ་སོ་སེ་འབྲུའི་འབྲུ་གུ་བཞིན་གོང་བུར་བསྒྲིལ་པའི་རྣམ་པ་གསོན་ཉམས་ལྡན་པ་དེ་སྔར་བས་སྲ་བརྟན་དུ་བཏང་བ་དང་། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་སྐྱིད་སྣང་བདེ་སྣང་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་ཕྱིན། 

བདེ་འཇགས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ལ་གཅིག་འདོམས་བྱས་ཐོག ཤུགས་བསྒྲིམས་ཏེ་སྔ་མོ་ནས་ཇུས་གཞི་ལེགས་པོར་བཀོད་ཅིང་རང་འགུལ་གྱིས་གཡུལ་འཐབ་ལེགས་པོར་བཤམས་པས། བདེ་འཇགས་འགོག་སྲུང་གི་དྲ་བ་སྔར་བས་དམ་ཚགས་དང་སྲ་བརྟན་དུ་བཏང་། འབྲུ་རིགས་ནུས་ཁུངས་འགན་སྲུང་བསྟུད་མར་ཇེ་དྲག་ཏུ་བཏང་སྟེ། དངོས་ཡོད་ས་ཞིང་དང་གཏན་འཇགས་གཞི་རྩའི་ས་ཞིང་ཕྱོགས་ཡོངས་ནས“ས་ཁྲར་བཀོད་ནས་དངོས་འབེབས”བྱས་པ་དང་། འབྲུ་རིགས་སྤྱིའི་ཐོན་འབོར་ཏུན་ཁྲི119.3ལ་སླེབས་ཏེ་ལས་འགན་ཚད་བརྒལ་ངང་ལེགས་འགྲུབ་བྱས་པས། སྲིད་གཞུང་གི་གྲབས་གསོག་འབྲུ་རིགས་ཀྱི་གཞི་ཁྱོན་བརྟན་འཇགས་ཡིན། མ་བཅོས་རྡོ་སྣུམ་ཏུན་ཁྲི239དང་རང་བྱུང་སོལ་རླངས་སྨི་རྒྱ་དཔངས56.5ཐོན་སྐྱེད་བྱས། སྣུམ་རླངས་གསོག་ཚད་ཏུན་དུང་ཕྱུར2གསར་དུ་རྩད་གཅོད་བྱས་པ་དང་། སྲིད་གཞུང་གིས་བཀོད་གཏོང་བྱེད་ཆོག་པའི་ཏུན་ཁྲི60ཅན་གྱི་རྡོ་སོལ་གྲབས་གསོག་ནུས་པ་གྲུབ་ཡོད། ལོ་འཁོར་གྱི་བུ་ལོན་སེལ་བའི་ལས་འགན་ཚད་བརྒལ་གྱིས་ལེགས་འགྲུབ་བྱུང་ལ། དངུལ་རྩའི་ལས་ཁུངས་འབྲིང་ཆུང་གི་ཁ་གྲངས་ཉུང་འཕྲི་དང་སྤུས་ཚད་མཐོར་འདེགས་བཏང་། ཉེན་མེད་ཐོན་སྐྱེད་དང་གནོད་འགོག་གནོད་སྙུང་ལ་ཤུགས་བསྣན་ཏེ། ཟི་ཁྲིན་ལྕགས་ལམ་གྱི་གཅན་ཚའི་རྨ་ཆུའི་ཟམ་ཆེན་ཨར་ལས་ལས་གཞིའི“8•22”རྡིབ་ཆག་དོན་རྐྱེན་ཚབས་ཆེན་ལ་ཕན་མཐོ་སྒོས་འཚུབ་ཟློག་རོགས་སྐྱོབ་དང་ཐག་གཅོད་བྱས་པ་དང། ཆར་ཆེན་འབབ་ཐེངས9ལ་ཁ་གཏད་ནུས་ལྡན་བཅལ་ཏེ། འཇིགས་ཉེན་ཐེབས་པའི་མང་ཚོགས་མི་ཐེངས་ཁྲི84.5གནས་སྤར་བ་དང་། མི2130སྔོན་ཚུད་ནས་གནས་སྤར་བའི་རྐྱེན་གྱིས་ཤི་རྨས་མ་ཐེབས། དུས་ཐོག་ཏུ་གནས་སྤར་བས། དཔའ་ལུང་རྫོང་གི་ར་རྫ་སྡེ་བར་སྨི་རྒྱ་དཔངས་དུང་ཕྱུར3.73ཅན་གྱི་རི་ཉིལ་བྱུང་དུས་མི་ལ་ཤི་རྨས་ཐེབས་མེད་པས། རྒྱལ་ཡོངས་ཀྱི་བདེ་བླག་ངང་ཉེན་ཁ་དང་གནོད་འཚེར་གཡོལ་བའི་དཔེ་མཚོན་དུ་གྱུར། ཞིང་ཆེན་རིམ་པའི་རྒྱུ་སྟོབས་སྒོར་དུང་ཕྱུར14.24གཅིག་འདོམས་བྱས་ཏེ། ཟི་ལིང་དང་མཚོ་ཤར་གྲོང་ཁྱེར་གཉིས་སུ་ས་གཤིས་གནོད་འཚེར་གཡོལ་བའི་གནས་སྤོ་ལས་གཞིའི་ལས་སྐབས་དང་པོ་ལག་བསྟར་བྱས། རྒྱལ་སྲུང་སྐུལ་སློང་དང་མི་དམངས་མཁའ་ཟོན། ཁོལ་འཁྱུར་དམག་མི། ཉིས་བཀུར་མཉམ་སྐྱོང་སོགས་ཀྱི་བྱ་བར་གོམ་སྟབས་གསར་བ་སྤོས་པ་དང་། སྤྱི་ཚོགས་བདེ་སྐྱོང་གི་འགོག་སྡོམ་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་བས། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བསྟུད་མར་ལོ་གཉིས་ལ་རྒྱལ་ཡོངས་ཀྱི་ཕུལ་བྱུང་གྲས་སུ་ཚུད་ཡོད།

འདས་པའི་ལོ་གཅིག་གི་རིང་། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་མཆན་བཀོད་གལ་ཆེན་དེ“གྲོས་དོན་དང་པོ”བྱས་པའི་སློབ་སྦྱོང་ལམ་ལུགས་དང་གདུབ་ཟུམ་དོན་འཁྱོལ་རྐྱེན་སྲོལ་རྒྱུན་འཁྱོངས་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱེད་མཁན་དང་འགུལ་སྐྱོད་བྱེད་མཁན། དོན་དངོས་གཉེར་མཁན་བཅས་བྱས་པ་ཡིན། ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་གིས་སྤེལ་བ་དང་། “དམིགས་བསལ་ཡིན་པར་སྨྲ་བ”དང“སྐྱིན་ཚབ་ལེན་པའི་བསམ་པ”རྦད་དེ་དོར་ནས། “དམངས་ཕན་འགུལ་སྐྱོད་བདུན”ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། ནན་མོ་དང་བཙན་པོའི་སྒོ་ནས་ཕྱི་ཚུལ་རིང་ལུགས་སྒྲིག་བཅོས་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དང་ནུས་པ་ཇེ་ཆེར་བཏང་། ལས་གཞི་ཅན་གྱི་བྱེད་སྟངས་ཀྱིས་དམངས་འཚོའི་ཁྱབ་ཁོངས་ཀྱི་འབུར་ཐོན་གནད་དོན་ཡོ་བཅོས་བྱས་ཏེ། “སློབ་རའི་ཁ་ཟས”དང་ཞིང་སྡེའི་ཐུན་མོང་གི“དངུལ་ནོར་ཁུངས་གསུམ”དོ་དམ་སོགས་རྒྱལ་ཡོངས་ཀྱི་སྒྲིག་བཅོས་ལས་གཞི6དང་། རྨང་གཞིའི་སློབ་གསོ་དྲང་གཞག་དང་བདེ་སྡོད་ལས་གྲྭའི་ཟིང་ཆ་བཅོས་སྐྱོང་སྟེ་ཞིང་ཆེན་རིམ་པའི་སྒྲིག་བཅོས་ལས་གཞི2རྒྱུན་མཐུད་ངང་ཟབ་སྤེལ་བྱས་པས། མང་ཚོགས་གམ་གྱི་ཚུལ་མིན་སྤྱོད་པ་དང་རུལ་སུངས་གནད་དོན་གཅིག་སྡུད་སྒྲིག་བཅོས་ཀྱི་བྱ་བ་དེ་རྒྱལ་ཡོངས་ཀྱི་སྔོན་གྲས་སུ་ཡོད། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་ལ་ཤུགས་བརྒྱབ་ནས། རང་རྟོགས་ཀྱིས་ཕྱོགས་སོ་སོའི་ལྟ་སྐུལ་དང་དུ་བླངས་པ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་ལ་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་མ་ཟིན8གྲོས་ཞིབ་ཏུ་ཕུལ་བ་དང་། ཞིང་ཆེན་སྲིད་གཞུང་གི་སྒྲིག་སྲོལ8གཏན་འབེབས་སམ་བཟོ་བཅོས་སམ་རྩིས་མེད་དུ་བཏང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་ལ་ཆེད་དམིགས་བྱ་བ27སྙན་སེང་ཞུས་པ་དང་། དམངས་ཆེན་འཐུས་མིའི་གྲོས་མགོ250དང་ཞིང་ཆེན་སྲིད་གྲོས་ཀྱི་གྲོས་གཞི320ནན་ཏན་གྱིས་བསྒྲུབས། སྣེ་ཁྲིད་ནས་གྲོན་ཆུང་གིས་འཚོ་བ་རོལ་ཏེ། ནོར་སྲིད་མ་དངུལ་བཀོལ་སྤྱོད་བྱས་པའི་ཕན་འབྲས་རྒྱུན་ཆད་མེད་པར་ཇེ་ཆེར་བཏང་བ་དང་། སྤྱོད་གཙང་སྲིད་གཞུང་དང་ཞབས་ཕྱི་ཅན་གྱི་སྲིད་གཞུང་འཛུགས་སྐྲུན་བྱས་པ་ཏན་ཏིག་ཡིན་ལ་ཕན་ནུས་ཐོན་ཞིང་། ཁུར་ཕོད་སྒྲུབ་གཞོལ་དང་དོན་གཉེར་ལས་གཏོད་ཀྱི་ཟུངས་མདངས་ཉམས་གསུམ་སྔར་བས་རྒྱས་ཡོད། 

འཐུས་མི་རྣམ་པ། 2025ལོའི་དམིགས་འབེན་ལས་འགན་གཙོ་བོ་ཕུན་སུམ་ཚོགས་པའི་སྒོ་ནས་ལེགས་འགྲུབ་བྱུང་བ་དེ་ཡིས། “ལོ་ལྔ་ཚན་བཅུ་བཞི་བ”རྒྱལ་ཁའི་ངང་མཇུག་བསྒྲིལ་པ་མཚོན་ཡོད། འབད་འཐབ་བྱས་རིམ་ལ་ཕྱི་མིག་བལྟས་ཚེ། ང་ཚོས་བརྗེད་དུ་མེད་ཅིང་སྤོབས་ངར་སྐྱེད་པ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནམ་ཡང་མཚོ་སྔོན་ས་ཆེན་ཐུགས་སུ་ཆུད་ཅིང་མཚོ་སྔོན་མི་དམངས་རྗེས་སུ་བཟུང་བ་དེ་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ་མཚོ་སྔོན་ལ་སྐུ་དངོས་ཕེབས་ཀྱིས་རྟོག་ཞིབ་ཐེངས་གསུམ་གནང་ཞིང་། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ཏུ་ཐེངས་གཉིས་ཕེབས་ཏེ། མཚོ་སྔོན་འཕེལ་རྒྱས་ཀྱི་ལག་རྩ་མྱངས་ཤིང་ཁ་ཕྱོགས་ངེས་པའི་འཆར་འགོད་བྲིས་པས། ང་ཚོ་ལ་ཚན་རིག་དང་མཐུན་པའི་ཕྱོགས་སྟོན་དང་བསམ་པའི་སྐུལ་སློང་གཏོས་ཆེན། འགན་འཁྲིའི་འགུག་ཤུགས་དྲག་པོ་བཅས་བསྩལ་ཡོད། ལོ་ལྔའི་རིང་། ང་ཚོས་མངག་བཅོལ་ཡིད་ལ་དམ་པོ་བཟུང་ཞིང་བཀའ་དྲིན་དྲན་གྱིན་འབད་བརྩོན་བྱས་པས། དུས་རབས་སུ་འབྱུང་དཀོན་པའི་རིམས་ནད་ཀྱི་རྒོལ་བ་ཚབས་ཆེན་དང་ལོ་རྒྱུས་སུ་མཐོང་དཀོན་པའི་ཐལ་དྲགས་གནམ་གཤིས་ཀྱི་གནོད་པ་བཟོད་ཐུབ་པར་གྱུར་པ་དང་། ཉེན་ཁ་དང་འགྲན་སློང་ཆེན་པོ་རབ་དང་རིམ་པར་ནུས་ལྡན་སྒོས་ཁ་གཏད་བཅལ་ཏེ། མཚོ་སྔོན་ནི་འཕེལ་རྒྱས་ཆེས་ལེགས་ཤིང་འགྱུར་ལྡོག་ཆེས་ཆེ་ལ། མང་ཚོགས་ལ་ཕན་ཐོགས་ཆེས་མང་བའི་ལོ་རྒྱུས་དུས་སྐབས་ཤིག་ཏུ་བསྐྱོད་པ་རེད། 

འདི་ནི་སྐྱེ་ཁམས་དཔལ་ཡོན་གྱི་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པའི་ལོ་ལྔ་ཡིན། “རིམ་བཞི་རིགས་གསུམ”གྱི་རྒྱལ་ཁོངས་བར་སྟོང་འཆར་འགོད་མ་ལག་ཕལ་ཆེར་བཙུགས་ཤིང་། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་ཏན་ཏིག་གིས་སྐུལ་སྤེལ་བཏང་། “གནམ་ས་བར་སྣང”གཞི་གཅིག་ཅན་གྱི་སྐྱེ་ཁམས་ཁོར་ཡུག་བརྟག་འཇལ་དྲ་རྒྱ་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་བ་དང་། རྩ་ཆེན་དང་འཇིག་ཉེན་གྱི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་རིགས་ཁྱུ་བརྟན་པོར་འཕར། བརླན་སའི་རྒྱ་ཁྱོན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་བརྟན་པོར་གནས་ཡོད་ལ། བྱེ་མར་འགྱུར་བ་དང་ཐང་རྒོད་དུ་འགྱུར་བའི་ས་ཞིང་གཉིས་ཀ་ཇེ་ཉུང་དུ་བཏང་བ་དང་། ས་ཆུ་ཤོར་བའི་རྒྱ་ཁྱོན་དང་དྲག་ཚད་གཉིས་ཀ་བསྟུད་མར་མར་ཆག་ཡོད། ཚད་གཞི་མཐོ་བའི་སྒོ་ནས་བདེ་སྐྱིད་ཆུ་བོ་དང་མཚེའུ100བསྐྲུན་པ་དང་། ལོ་རེར་སྨད་རྒྱུད་དུ་ཁུངས་མགོའི་བཞུར་ཆུ་ཧ་ལམ་སྨི་རྒྱ་དཔངས་དུང་ཕྱུར800བསྐྱལ་ཏེ། རྒྱལ་ཡོངས་ཀྱི་ས་ངོས་ཆུའི་རྒྱལ་ཞིབ་བཅད་ངོས་ཀྱི་ཆུ་སྤུས་ལེགས་ཕྱོད་བསྟུད་མར་ལོ་ལྔ་ལ100%སྲུང་འཛིན་བྱས་པའི་ཞིང་ཆེན་ཉག་ཅིག་ཡིན་ལ། “ཀྲུང་ཧྭའི་ཆུ་གཏེར”སྔར་བས་བརྟན་པོ་དང་འབེལ་བོར་གྱུར་ཡོད། 

འདི་ནི་ཕྱོགས་བསྡུས་དཔལ་འབྱོར་གྱི་སྟོབས་ཤུགས་མངོན་གསལ་དོད་པོས་ཇེ་ཆེར་གྱུར་པའི་ལོ་ལྔ་ཡིན། ས་ཁུལ་གྱི་ཐོན་སྐྱེད་བསྡོམས་ཐང་ལོ་རྒྱུས་རང་བཞིན་གྱིས་སྒོར་དུང་ཕྱུར4000གི་སྐས་རིམ་དུ་འཛེགས། ཅཱ་དང་ནཱ། རྨེ། ལིས། ཁིལ་བཅས་ཚྭ་མཚོའི་ཐོན་ལས་ཆེན་པོ་ལྔའི་ཁྱུ་ཚོགས་རིམ་གྱིས་གྲུབ་པ་དང་། རྒྱལ་ཡོངས་ཀྱི་སྔོན་ལ་ནུས་ཁུངས་གསར་བའི་འཕྲུལ་ཆས་སྒྲིག་སྦྱོར་དང་གློག་ཤུགས་འདོན་ཚད་ཀྱི་བསྡུར་ཚད“གཉིས་ཀ་བྱེད་པོ”རུ་གྱུར་ཡོད། “ལྟེ་གཅིག་གདུབ་གཅིག་རྒྱུད་མང”གི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་ཆགས་སྟངས་མགྱོགས་པོར་འཛུགས་སྐྱོང་བྱས་པ་དང་། ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ལས་ཐོན་རྫས་རྣམས་རྒྱལ་ཁབ་ཕྱི་ནང་དུ་ཚོང་བྲིན་པོ་ཡོད་ལ། ལྗང་མདོག་རྩིས་གློག་མཉམ་སྡེབ་ངང་འཕེལ་རྒྱས་ཡོང་བར་ཕྱོགས་ཡོངས་ནས་སྟོབས་ཤུགས་རྒྱས་ཡོད། ལིན་ཧུའུ་གནམ་དཔྱད་ལྟ་འཇལ་ཞིབ་འཇུག་རྟེན་གཞི་དེ་འཛམ་གླིང་རིམ་པའི་སྟེགས་གནས་ཀྱི་གྲས་སུ་ཚུད་པ་དང་། མཐོ་སྒང་ཁམས་གསོ་ལ་ཟོང་རྟགས་ཀྱི་དགེ་མཚན་ཆགས་ཡོད་ལ། མཐོ་སྒང་གི་ཐོན་ཁུངས་དང་ནུས་ཁུངས་ཀྱི་དགེ་མཚན་དེ་མགྱོགས་མྱུར་ངང་འཕེལ་རྒྱས་ཀྱི་དགེ་མཚན་དུ་འཕོ་འགྱུར་བྱུང་། 

འདི་ནི་བཅོས་སྒྱུར་སྒོ་འབྱེད་ཀྱི་གོམ་སྟབས་མངོན་གསལ་དོད་པོས་ཇེ་མགྱོགས་སུ་ཕྱིན་པའི་ལོ་ལྔ་ཡིན། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་མཉམ་སྐྲུན་བྱེད་པར་ཏན་ཏིག་གིས་སྐུལ་འདེད་བཏང་སྟེ། ཚོང་གཉེར་བྱེད་བདེ་ཚད་ལོ་རེ་བཞིན་ཇེ་མཐོར་སོང་བ་དང་། རྒྱལ་དབང་རྒྱུ་ནོར་དང་ཁེ་ལས་ཀྱི་བཅོས་སྒྱུར་མུ་མཐུད་དུ་ཟབ་སྤེལ་བྱས། དམངས་གཉེར་དཔལ་འབྱོར་གྱི་འཕེལ་རྒྱས་ལ་ཕྱོགས་མཐའ་ཀུན་དང་སྣ་མང་ཅན་གྱིས་ཞབས་ཕྱི་སྒྲུབ་པའི་མ་ལག་སྔར་བས་ཆ་ཚང་དུ་གྱུར་པ་དང་། གཉེར་སྐྱོང་བྱེད་པོ་ཁྲི62ལས་བརྒལ། རོང་འབྲོག་ཁུལ་གྱི་ཐུན་མོང་བདག་དབང་ལམ་ལུགས་ཀྱི་བཅོས་སྒྱུར་བྱེད་པོའི་ལས་འགན་བདེ་བླག་ངང་བསྒྲུབས་ཚར་བ་དང་། ཞིང་སྡེའི་ཐུན་མོང་གི“དངུལ་ནོར་ཁུངས་གསུམ”གྱི་དོ་དམ་མུ་མཐུད་དུ་ཚད་ལྡན་དུ་བཏང་། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་དང་ཤར་རྒྱུད་ནུབ་རྒྱུད་མཉམ་ལས་ལ་འབྲས་བུ་གཡུར་དུ་ཟ་བ་ཐོབ་པ་དང་། མདོ་དབུས་མཐོ་སྒང་གི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་ཐོག་མ་རུ་ཁྲལ་སྡོམ་ལས་གཉེར་བྱེད་མགོ་བརྩམས། ཟི་ལིང་དང་ན་གོར་མོའི་རྒྱལ་ཁབ་རིམ་པའི་ཟོང་འགྲེམ་ལྟེ་བའི་འདེགས་སྐྱོར་བྱེད་ནུས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་བ་དང། ནང་འདྲེན་ཕྱིར་གཏོང་གི་བསྡོམས་ཐང་ལྡབ་འཕར་བྱུང་ཞིང། ཕྱི་ཕྱོགས་ཉོ་ཚོང་གི“གྲོགས་ཚོམས”རྒྱ་བསྐྱེད་ནས་རྒྱལ་ཁབ་དང་ས་ཁུལ155ཡོད། 

འདི་ནི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་འགྱུར་ལྡོག་མངོན་གསལ་དོད་པོ་བྱུང་བའི་ལོ་ལྔ་ཡིན། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་ལོ་ལྔའི་བར་བརྒལ་དུས་སྐབས་ཀྱི་ལས་འགན་ཕུན་སུམ་ཚོགས་པའི་སྒོ་ནས་ལེགས་འགྲུབ་བྱུང་ཡོད། རྒྱུན་སྡོད་མི་འབོར་མཁར་གྲོང་ཅན་དུ་འགྱུར་ཕྱོད64.7%ཡན་ལ་ཇེ་མཐོར་བཏང་བ་དང་། མཛེས་པའི་མཁར་གྲོང་འཛུགས་སྐྲུན་དེ་ཞིང་ཆེན་ཡོངས་ཀྱི་སྒྲིག་ཁོངས་གྲོང་རྡལ93%ལ་ཁེབས་ཡོད། མཚོ་བོད་ལྕགས་ལམ“སྒུལ་འཁོར་དུས་རབས”སུ་སླེབས་པ་དང་། མྱུར་སྐྱོད་གཞུང་ལམ་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ5465ཡོད་ལ། ཞིང་ཆེན་བར་གྱི་མྱུར་སྐྱོད་གཞུང་ལམ10རུ་འཕར་ཡོད། “གཙོ་གཅིག་ཕལ་བདུན”གྱི་དམངས་སྤྱོད་གནམ་གྲུ་ཐང་ཆགས་སྟངས་ཕལ་ཆེར་གྲུབ་ཡོད་ལ། གློག་དྲ་ཆེ་བ་རྫོང་སོ་སོར་འཐེན་ཡོད་པ་དང་། 5Gདྲ་བ་ཤང་དང་གྲོང་རྡལ་སོ་སོར་འཐེན་ཡོད། མྱུར་སྐྱེལ་ཞབས་ཕྱི་ས་ཚིགས་གྲོང་ཁྱེར་དང་གྲོང་གསེབ་ཀུན་ཏུ་ཁྱབ་ཡོད་དེ། གནས་འཚམ་ལས་འཚམ་གྱི་མཐོ་སྒང་གི་རིས་ལྗོངས་གསར་བ་མགྱོགས་པོར་བྲིས་དང་འབྲི་བཞིན་ཡོད། 

འདི་ནི་མི་དམངས་ཀྱི་འཚོ་བའི་སྤུས་ཀ་མངོན་གསལ་དོད་པོར་ཇེ་ལེགས་སུ་ཕྱིན་པའི་ལོ་ལྔ་ཡིན། དམངས་འཚོའི་ཁྱབ་ཁོངས་ཀྱི་ནོར་སྲིད་འགྲོ་སོང་གི་བསྡུར་ཚད76%ཡན་དུ་སྲུང་འཛིན་བྱས་ཡོད་ལ། ལས་ཞུགས་ཀྱི་གནས་བབ་རྒྱུན་མཐུད་ངང་བརྟན་འཇགས་དང་བཟང་སྐྱེད་ཡིན། སྡོད་དམངས་ཡོངས་ཀྱི་མི་རེའི་ཆ་སྙོམས་སྤྱོད་འཐུས་ཡོང་འབབ་འཕར་ཚད་དེ་དཔལ་འབྱོར་གྱི་འཕར་ཚད་ལས་མགྱོགས་ཏེ་སྒོར་ཁྲི3ལས་བརྒལ་བ་དང་། རྨང་གཞི་སློབ་གསོའི“དམིགས་ཚད་གསུམ”རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ། ལོ་ངོ66བགོར་རྗེས་ཡང་བསྐྱར་དངོས་གཞི་སློབ་ཆེན2སྐྲུན་པར་ཆོག་མཆན་ཐོབ་སྟེ་བསྐྲུན་ཚར་བ་དང་། མཐོ་སྒང་གི་གསོ་རིག་ཞིབ་འཇུག་ལྟེ་གནས་བཙུགས་ནས་ལས་གཉེར་བྱས། མི་རེའི་སྔོན་དཔག་ཆ་སྙོམས་ཚེ་ཚད་ལོ75.3ལ་བསྲིངས་པ་དང་། རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་རྒྱུན་ཆད་མེད་པར་ཆ་ཚང་བཟོས། བསྟུད་མར་ལོ5ལ་ཁེ་ལས་ཀྱི་ལས་ཁྱུར་མི་སྣའི་གཞི་རྩའི་རྒན་གསོ་མ་དངུལ་ཇེ་མཐོར་བཏང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་རྨང་གཞིའི་རྒན་གསོ་མ་དངུལ་ཐེངས4ལ་ཇེ་མཐོར་བཏང་། ལ་ཀྱཱའི་གནའ་ཤུལ་དང་ཆུ་ཁོལ་བང་སོ་གཉིས་རྒྱལ་ཡོངས་ཀྱི“ལོ་བརྒྱའི་གནའ་རྟོག་གསར་རྙེད་ཆེན་པོ་བརྒྱ”ཡི་གྲས་སུ་བདམས། རིམ་པ་ལྔའི་སྤྱི་པའི་རིག་གནས་དྲ་བ་ཡོངས་སུ་ཁེབས་ཡོད་ལ། རྒྱལ་ཡོངས་ཀྱི་སྔོན་དུ་ཞིང་ཆེན་ཁྱབ་ཁོངས་སུ་དམིགས་བསལ་ཚོགས་སྤྱི་ལ་སྐུད་ལམ་བརྙན་འཕྲིན་ཞབས་ཕྱི་ཉོ་སྒྲུབ་བྱས་པ་དང་།  གྲོང་ཁྱེར་དང་ཁུལ་ཡོངས་རྫོགས་དང་རྫོང་གྲོང་ཆུས་གསུམ98%ལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་བསྐྲུན་ཚར་བས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་མི་སེམས་ཀྱི་ཟབ་སར་བབས་ཡོད་ལ། དམངས་འཚོ་སྐོར་གྱི་རྒྱུགས་ལན་ལ་བརྩེ་བ་དྲོན་མོ་ཁོལ་ཡོད། 

འདི་ནི་བདེ་འཇགས་འཕེལ་རྒྱས་ཀྱི་ཆུ་ཚད་མངོན་གསལ་དོད་པོར་མཐོར་འདེགས་བྱུང་བའི་ལོ་ལྔ་ཡིན། འབྲུ་རིགས་ཀྱི་སྤྱིའི་ཐོན་ཚད་བསྟུད་མར་ལོ18ལ་ཏུན་ཁྲི100ཡན་སྲུང་འཛིན་བྱས་ཡོད་ལ། ནུས་ཁུངས་བདེ་འཇགས་ཀྱི་ཕྱོགས་བསྡུས་འགན་སྲུང་མ་ལག་སྔར་བས་ཆ་ཚང་ཡིན། ས་གནས་བུ་ལོན་གྱི་ཉེན་ཁ་སེལ་བ་ཏན་ཏིག་དང་ནུས་ལྡན་ཡིན་ལ། ཐོག་ཁང་འགན་སྤྲོད་དང་སྡོད་ཁང་འགན་སྤྲོད་ཀྱི་ལས་འགན་ཕྱོགས་ཡོངས་ནས་གྲུབ་ཡོད། འཚུབ་ཟློག་དོ་དམ་དང་ཉེན་མེད་ཐོན་སྐྱེད་ཀྱི་རྨང་གཞི་སྔར་བས་སྲ་བརྟན་ཡིན་ལ། “རམ་འདེགས་བརྡ་གཏོང་དང་གཉིད་དཀྲོག་བརྡ་གཏོང”གི་རྐྱེན་སྲོལ་ཐད་ཀར་གཞི་རིམ་དུ་བསྲིངས་ཡོད། ས་ཡོམ་དང་ཤ་འོད་སོགས་རང་བྱུང་གནོད་འཚེ་ཆེན་པོར་ཕན་མཐོའི་ངང་ཁ་གཏད་བཅལ་བ་དང་། ནག་འཇོམས་ངན་སེལ་རྒྱུན་རྣམ་ལྟར་གཏིང་ཟབ་པ་དང་དོན་ལ་གནས་པ་བྱས། གཞི་རིམ་བར་འདུམ་རྩ་འཛུགས་རྫོང་དང་ཤང་དང་སྡེ་བ་ཡོངས་སུ་ཁེབས་པར་བྱས་ཤིང་། བདེ་འཇགས་མཚོ་སྔོན་དང་ཁྲིམས་སྐྱོང་མཚོ་སྔོན་གྱི་འཛུགས་སྐྲུན་ལ་མུ་མཐུད་དུ་ཤུགས་སྣོན་བརྒྱབ་སྟེ། མི་དམངས་མང་ཚོགས་ཀྱི་བདེ་སྣང་དང་བློ་ཡིད་ཚིམ་ཚད2012ལོའི་ཚུན་གྱི་ཆུ་ཚད་མཐོ་ཤོས་སུ་སླེབས་ཡོད། 

འཐུས་མི་རྣམ་པ། “ལོ་ལྔ་ཚན་བཅུ་བཞི་བར”ཕྱི་མིག་བལྟས་ཚེ། གྲུབ་འབྲས་ཐམས་ཅད་ལས་སླ་བོར་ཐོབ་པ་ཞིག་མིན་ཏེ། རྩ་བའི་རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ལམ་སྣ་ཁྲིད་ཅིང་ཁ་ལོ་བསྒྱུར་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་ཁྲིད་སྟོན་གནང་བར་རག་ལས་ཤིང་། ཞིང་ཆེན་ཏང་ཨུས་ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོའི་ལས་བྱེད་མང་ཚོགས་ལ་མཐུན་སྒྲིལ་ངང་སྣེ་ཁྲིད་ནས། འགག་སྒྲོལ་དཀའ་སེལ་དང་ཡར་རྒྱས་བརྩོན་ལེན་བྱས་པའི་འབྲས་བུ་ཡིན་ལ། ཞིང་ཆེན་དམངས་ཆེན་དང་ཞིང་ཆེན་སྲིད་གྲོས། སྤྱི་ཚོགས་ལས་རིགས་སོ་སོ་བཅས་ཀྱིས་ལྟ་སྐུལ་ནུས་ལྡན་དང་རྒྱབ་སྐྱོར་ཤུགས་ཆེན་བྱས་པའི་འབྲས་བུའང་ཡིན། ངས་འདི་ནས་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་བྱས་ནས། ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་དང། མཚོ་སྔོན་གྱི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་བྱས་རྗེས་བཞག་པའི་བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པ་ཡིན། 

དེ་དང་ཆབས་ཅིག་ང་ཚོས་གསལ་པོར་མཐོང་ཐུབ་པ་ནི། འཕེལ་རྒྱས་ཁྲོད་དུ་གནད་དོན་རྙིང་བ་དང་འགྲན་སློང་གསར་བ་མཉམ་དུ་གནས་ཤིང་། ཕྱི་ཕྱོགས་ཁོར་ཡུག་གི་འགྱུར་ལྡོག་གིས་ཤུགས་རྐྱེན་གཏོང་ཚད་ཇེ་ཟབ་ཏུ་ཕྱིན། འཕེལ་རྒྱས་དོ་མཉམ་མིན་པ་དང་འདང་ངེས་མེད་པའི་གནད་དོན་སྔར་བཞིན་འབུར་དུ་ཐོན་ཞིང་། རྒྱལ་ཡོངས་ཀྱི་འཕེལ་རྒྱས་ཆུ་ཚད་དང་བསྡུར་ན་ད་དུང་བར་ཁྱད་ཡོད། སྐྱེ་ཁམས་སྲུང་སྐྱོབ་ཀྱི་འགན་ལྕི་ཞིང་ཕུགས་རིང་། དཔལ་འབྱོར་ཆགས་ཚུལ་ད་དུང་ཇེ་ལེགས་སུ་གཏང་དགོས་པ་དང་། འཛད་སྤྱོད་དང་དངུལ་འཇོག་གི་འཕར་སྣོན་ལ་སྒུལ་ཤུགས་འདང་ངེས་མེད། ཚན་རྩལ་གསར་གཏོད་ཀྱི་ནུས་པ་སྔར་བཞིན་ཅུང་ཞན་ལ། དམངས་འཚོ་འགན་སྲུང་ཐད་ལ་མི་འདང་ས་དང་ཉམས་ཞན་ས་ཡོད། གཙོ་གནད་ཁྱབ་ཁོངས་སུ་ད་དུང་མངོན་མེད་ཉེན་ཁ་གནས་ཤིང་། ཁྱབ་ཁོངས་ཁ་ཤས་སུ་རུལ་སུངས་ཀྱི་གནད་དོན་ད་དུང་མང་པོ་འབྱུང་གིན་ཡོད་པས། ངེས་པར་དུ་གནད་དོན་ལ་གདོང་གིས་བསུ་ཞིང་འགྲན་སློང་ལ་ཁ་གཏད་བཅལ་ནས་ཏན་ཏིག་གིས་ཐག་གཅོད་བྱ་དགོས། 

གཉིས། “ལོ་ལྔ་ཚན་བཅོ་ལྔ་བའི”དམིགས་འབེན་ལས་འགན་གཙོ་བོ།

《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ལྷན་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་ལོ་ལྔའི་འཆར་འགོད་བཅོ་ལྔ་བ་གཏན་ལ་འབེབས་པའི་སྐོར་གྱི་གྲོས་མགོ》གཞིར་བཟུང་སྟེ། ང་ཚོས《མཚོ་སྔོན་ཞིང་ཆེན་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་ལོ་ལྔའི་འཆར་འགོད་བཅོ་ལྔ་བའི་རྩ་གནད(འཆར་ཟིན)》སྒྲིག་བཟོ་བྱས་ཤིང་། “ལོ་ལྔ་ཚན་བཅོ་ལྔ་བའི”དུས་སྐབས་ཀྱི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་དམིགས་འབེན་གཙོ་བོ་དང་། གཙོ་གནད་ལས་འགན། སྲིད་ཇུས་ཐབས་བཀོད་བཅས་བཏོན་ནས། ཐེངས་འདིའི་ཚོགས་ཆེན་ཐོག་གྲོས་ཞིབ་ཏུ་ཕུལ་བ་ཡིན། 

“ལོ་ལྔ་ཚན་བཅོ་ལྔ་བའི”དུས་སྐབས་ནི་རང་རྒྱལ་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པར་རྨང་གཞི་བརྟན་པོ་གདིང་བ་དང་ཕྱོགས་ཡོངས་ནས་ཤུགས་འདོན་པའི་གནད་འགག་གི་དུས་སྐབས་ཡིན་ལ། མཚོ་སྔོན་གྱི་འཐབ་ཇུས་གོ་གནས་སྤྱིའི་ཆ་ནས་ཡར་འཕེལ་བའི་དུས་སྐབས་དང་། སྐྱེ་ཁམས་ཀྱི་དགེ་མཚན་ཕབ་སྒྱུར་བྱེད་པའི་འགག་རྩའི་དུས་སྐབས་དང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྱེད་སྲིང་མཐོར་འདེགས་བྱེད་པའི་དུས་སྐབས་བཅས་ཡིན་པས། འཕེལ་རྒྱས་ཀྱི་མདུན་ལྗོངས་སྔར་ལས་ཡངས། ང་ཚོས་ལོ་རྒྱུས་ཀྱི་གནས་ཕྱོགས་ཡང་དག་པར་ཁོང་དུ་ཆུད་པ་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་པའི་ཁ་ཕྱོགས་སུ་དཔའ་ངར་ཆེན་པོས་བསྐྱོད་ཅིང་། དགེ་མཚན་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། འགག་འཕྲང་གི་གཅུན་འཛིན་གཏོར་བ། ཆད་སྐྱོན་དང་ཞན་ཆ་སྐོང་གསབ་བྱེད་པ་བཅས་བརྒྱུད་དེ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་བའི་ཐད་ནས་མདུན་གྲལ་དུ་སྐྱོད་པ་དང་། ལྗང་མདོག་ཐཱན་ཉུང་རེས་འཁོར་ཡིན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པའི་ཐད་ནས་མདུན་གྲལ་དུ་སྐྱོད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པའི་ཐད་ནས་མདུན་གྲལ་དུ་སྐྱོད་པ་བཅས་ལ་ཤུགས་བརྒྱབ་སྟེ། རྒྱལ་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པར་ཐག་གཅོད་རང་བཞིན་གྱི་འཕེལ་སྐྱེད་ཐོབ་རྒྱུ་ཁག་ཐེག་བྱ་དགོས། 

(གཅིག)ཚད་གཞི་སྔར་ལས་མཐོན་པོའི་སྒོ་ནས་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་བསྐྲུན་དགོས།《མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས》དང《རྒྱལ་ཁབ་སྤྱི་གླིང་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། གཙང་གསུམ་འབྱུང་ཡུལ་གྱི“ཀྲུང་ཧྭའི་ཆུ་གཏེར”གྱི་སྐྱེ་ཁམས་སྲུང་སྐྱོབ་ལ་རྒྱབ་སྐྱོར་བྱེད་པའི་མ་ལག་རྒྱུན་མཐུད་ངང་ཆ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་ཀྱི་ཚབ་མཚོན་རང་བཞིན་དང་འཛམ་གླིང་ལ་ཤུགས་རྐྱེན་གཏོང་ནུས་ལྡན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མིག་དཔེ་ནུས་ཤུགས་ཡོད་རྒུས་བསྐྲུན་པ། “བྱང་གསུམ”ལས་གྲྭའི་ལས་སྐབས་དྲུག་པའི་འཆར་འགོད་ལས་འགན་ཚད་གཞི་མཐོན་པོའི་སྒོ་ནས་འགྲུབ་པར་བྱེད་པ། སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་བརྟན་བརླིང་རང་བཞིན་རྒྱུན་མཐུད་རང་བཞིན་བཅས་ཤུགས་ཆེན་པོས་མཐོར་འདེགས་གཏོང་བ། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་ཐབས་ལམ་གང་ལ་གང་འཚམ་གྱིས་རྒྱ་སྐྱེད་པ། ནུས་ཁུངས་གསར་མའི་མ་ལག་ཐོག་མའི་ཆ་ནས་བསྐྲུན་ཚར་བ། ཐཱན་རྩེར་སོན་གྱི་དམིགས་འབེན་དུས་ལྟར་མངོན་འགྱུར་བྱེད་པ། ལྗང་མདོག་གི་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་རོལ་སྟངས་ཕལ་ཆེར་ཆགས་པ།  སྐྱེ་ཁམས་བྱེད་ནུས་ཆེ་ཤོས་སུ་བསྒྱུར་བར་སྐུལ་འདེད་གཏོང་བའི་ཐད་ལ་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་ལེན་པ། མཛེས་པའི་མཚོ་སྔོན་འཛུགས་སྐྲུན་ལ་འཕེལ་སྐྱེད་གསར་བ་གལ་ཆེན་ཐོབ་པ་བཅས་བྱ་དགོས། 

(གཉིས)ཤེད་ཤུགས་སྔར་ལས་ཆེན་པོའི་སྒོ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏང་དགོས། རིག་ནུས་ཅན་དང་ལྗང་མདོག་ཅན་དང་མཉམ་འདྲེས་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། སྲོལ་རྒྱུན་ཐོན་ལས་ལ་ལེགས་སྒྱུར་དང་མཐོར་འདེགས། གསར་དར་ཐོན་ལས་ལ་རྒྱ་ཆེར་གསོ་སྐྱོང་། འབྱུང་འགྱུར་ཐོན་ལས་ལ་སྔོན་མཐོང་གིས་བཀོད་སྒྲིག་བཅས་བྱེད་པ་དང་། དཔལ་འབྱོར་འཕར་ཚད་ལུགས་མཐུན་གྱི་བར་ཁོངས་སུ་སྲུང་འཛིན་བྱེད་པར་སྐུལ་འདེད་གཏོང་བ། གཙོ་རྒྱུ་ཡོངས་ཀྱི་ཐོན་སྐྱེད་ལས་ཕྱོད་གོམ་ཁ་བརྟན་པོར་མཐོར་འདེགས་གཏོང་བ། ནང་མཁོའི་སྒུལ་ཤུགས་མུ་མཐུད་དུ་ཇེ་ཆེར་གཏོང་བ། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོར་ཕྱོགས་ཡོངས་ནས་འདྲེས་སུ་འཇུག་པ། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་བ། སློབ་གསོ་དང་ཚན་རྩལ་དང་འཇོན་མི་གཞི་གཅིག་ཏུ་འཕེལ་རྒྱས་འགྲོ་བའི་རྣམ་པ་གསར་བ་ཕལ་ཆེར་འགྲུབ་པ། ཐོན་ལས“གནས་བཞི”འཛུགས་སྐྲུན་དང་། ལྗང་མདོག་རྩིས་གློག་མཉམ་སྡེབ་འཕེལ་རྒྱས་ཀྱི་སྤུས་འབྲས་མཐོར་འདེགས་མངོན་གསལ་ཡོང་བ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕར་སྣོན་གྱི་སྒུལ་ནུས་སུ་འགྱུར་བ། ཁྱད་ཆོས་དང་དགེ་མཚན་ལྡན་པའི་དེང་རབས་ཐོན་ལས་མ་ལག་འཛུགས་སྐྲུན་ལ་ཐོད་བརྒལ་གསར་བ་ཐོབ་པ་བཅས་བྱ་དགོས། 

(གསུམ)བང་རིམ་སྔར་ལས་ཟབ་མོའི་སྒོ་ནས་བཅོས་སྒྱུར་སྒོ་འབྱེད་ཕྱོགས་ཡོངས་ནས་ཟབ་སྤེལ་བྱ་དགོས། ནུས་ལྡན་ཁྲོམ་ར་དང་སྒྲུབ་གཞོལ་སྲིད་གཞུང་ཟུང་དུ་སྦྲེལ་བ་རྒྱུན་འཁྱོངས་བྱས་ཏེ། བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་གོམ་ཁ་བརྟན་པོར་སྐུལ་འདེད་གཏོང་བ་དང་། གཙོ་རྒྱུ་ཁྲོམ་ར་ཅན་ལྟར་བགོ་སྒྲིག་བྱེད་པའི་སྒྲིག་སྲོལ་དང་རྐྱེན་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ། ཁྲོམ་ར་ཅན་ཁྲིམས་སྐྱོང་ཅན་རྒྱལ་སྤྱི་ཅན་གྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་རྒྱུན་མཐུད་ངང་བསྐྲུན་ནས། ཁྲོམ་རའི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསོན་ཤུགས་ནུས་ལྡན་ངང་སློང་བ། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་དང་ཤར་རྒྱུད་ནུབ་རྒྱུད་མཉམ་ལས་ཀྱི་རིམ་པ་སྤར་བ་དང་ཤེད་ཤུགས་རྒྱས་པར་སྐུལ་འདེད་གཏོང་བ། སྒོ་འབྱེད་ལས་སྟེགས་ཀྱི་ནུས་རིམ་ཕྱོགས་ཡོངས་ནས་འཕར་བར་བྱེད་པ། ཕྱི་ནང་གཉིས་སུ་སྒོ་འབྱེད་པའི་ཆུ་ཚད་ལ་མཐོར་འདེགས་གསར་བ་འབྱུང་བ་བཅས་བྱ་དགོས། 

(བཞི)ཆུ་ཚད་སྔར་ལས་མཐོན་པོའི་སྒོ་ནས་མཐུན་སྦྱོར་དང་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏང་དགོས། “ལྟེ་གཅིག་ཁུལ་གསུམ་དང་། མདའ་གཉིས་རྒྱུད་གཅིག”གི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་ཆགས་སྟངས་གསར་བ་འཛུགས་སྐྱོང་བྱས་ཏེ། དེང་རབས་ཅན་གྱི་མི་དམངས་གྲོང་ཁྱེར་འཛུགས་སྐྲུན་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ངང་འཕེལ་རྒྱས་སུ་གཏོང་བའི་སྒྲིག་སྲོལ་དང་རྐྱེན་སྲོལ་འཐུས་ཚང་བཟོ་བ། རྒྱུན་སྡོད་མི་འབོར་མཁར་གྲོང་ཅན་དུ་བསྒྱུར་ཕྱོད67%ཡས་མས་སུ་འཕར་བ། སྐྱེ་ཁམས་ཞིང་ལས་ཀྱི་ཞིང་ཆེན་སྟོབས་ལྡན་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་ཏན་ཏིག་གིས་སྐུལ་སྤེལ་བྱེད་པ། རོང་འབྲོག་ཁུལ་དུ་དེང་རབས་ཀྱི་འཚོ་བའི་ཆ་རྐྱེན་ཕལ་ཆེར་འཛོམས་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ཀྱིས་མཉམ་དུ་དེང་རབས་ཅན་གྱི་གྲུབ་འབྲས་དང་བདེ་སྐྱིད་ལྡན་པའི་འཚོ་བ་ལོངས་སུ་སྤྱོད་ཐུབ་པ་བྱ་དགོས། 

(ལྔ)བྱེད་ཐབས་སྔར་ལས་དམ་པོའི་སྒོ་ནས་མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོར་འདེགས་གཏང་དགོས། དམངས་འཚོ་ཆེ་བར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། སྤུས་ཚད་མཐོན་པོའི་སྒོ་ནས་ལས་ཞུགས་གང་ལེགས་བྱེད་པའི་ཐད་དུ་འཕེལ་སྐྱེད་གསར་བ་ཐོབ་པར་སྐུལ་འདེད་གཏོང་བ་དང་། ཡོང་འབབ་བགོ་བཤའི་གྲུབ་ཚུལ་ལེགས་སྒྱུར་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་ཡོང་འབབ་བར་ཁྱད་སྔར་བས་ཇེ་ཆུང་དུ་གཏོང་བ། སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ། གསར་འཕར་ངལ་རྩོལ་པའི་ཆ་སྙོམས་ཀྱི་སློབ་གསོ་མྱངས་པའི་ལོ་ཚད14.2ལ་སླེབ་པར་བྱེད་པ། མི་རེའི་སྔོན་དཔག་གི་ཚེ་ཚད་ད་དུང་ལོ1.5སྲིང་བ། མི་དམངས་ཀྱི་བསམ་པའི་རིག་གནས་ཀྱི་འཚོ་བ་སྔར་བས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། གཞི་རྩའི་སྤྱི་པའི་ཞབས་ཕྱི་ཆ་སྙོམས་ཅན་དུ་སྒྱུར་བའི་ཆུ་ཚད་མངོན་གསལ་གྱིས་མཐོར་འདེགས་གཏོང་བ། ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་སྔར་བས་འཚམ་མཐུན་ཡོང་བར་བྱེད་པ། ཆོས་ལུགས་འགྲིག་མཐུན་དང་མི་རིགས་འཆམ་མཐུན། སྤྱི་ཚོགས་ཞི་མཐུན་བཅས་ཀྱི་རྣམ་པ་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པའི་དཔེ་སྟོན་དང་སྣེ་ཁྲིད་ཀྱི་ནུས་པ་སྔར་བས་མངོན་པ་བཅས་བྱས་ཏེ། མི་དམངས་ཡོངས་རྫོགས་ཐུན་མོང་ཕྱུག་འགྱུར་གྱི་ཕྱོགས་སུ་གོམ་པ་བརྟན་པོ་སྤོ་དགོས།

(དྲུག)མཉེན་གཤིས་སྔར་ལས་འཛོམས་པོའི་སྒོ་ནས་འཕེལ་རྒྱས་བདེ་འཇགས་ཀྱི་སྲུང་ཡོལ་བརྟན་པོ་བསྐྲུན་དགོས། བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁོག་གི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་ལེན་མཐར་ཕྱིན་བྱས་ཏེ། ཤིན་ཅང་དང་བོད་ལྗོངས་བརྟན་སྲུང་གི་འཐབ་ཇུས་བཙན་སའི་བྱེད་ནུས་སྲ་བརྟན་དང་མཐོར་འདེགས་གཏོང་བ་དང་། ཆབ་སྲིད་བདེ་འཇགས་དང་སྤྱི་ཚོགས་བརྟན་འཇགས་ཀྱི་རྨང་གཞི་སྔར་བས་བརྟན་པོར་གཏོང་བ། སྐྱེ་ཁམས་ཀྱི་བདེ་འཇགས་དང་རྒྱལ་ཁོངས་ཀྱི་བདེ་འཇགས། ཐོན་ཁུངས་ནུས་ཁུངས་ཀྱི་བདེ་འཇགས་བཅས་འགན་སྲུང་བྱེད་པའི་ནུས་པ་རྒྱུན་མཐུད་ངང་ཇེ་དྲག་ཏུ་གཏོང་བ། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་འགོག་ཟོན་དང་སེལ་ཐབས་ནུས་ལྡན་བྱེད་པ། གནོད་འགོག་གནོད་སྙུང་དང་འཚུབ་ཟློག་ཐག་གཅོད་ཀྱི་འགན་སྲུང་ནུས་པ་སྔར་བས་ཇེ་མཐོར་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་དང་སྤྱི་པའི་བདེ་འཇགས་བཅོས་སྐྱོང་གི་ཆུ་ཚད་མངོན་གསལ་གྱིས་མཐོར་འདེགས་གཏོང་བ། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་གྱི་ཆུ་ཚད་སྔར་བས་ཇེ་མཐོར་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་ལ་སྐྱེ་སྟོབས་འབར་ཞིང་འགྲིག་ལམ་ལྡན་པ་ཁག་ཐེག་བྱ་དགོས།

རྨང་གཞི་དེའི་ཐོག་ནས་ད་དུང་ལོ་ལྔ་ལ་འབད་འཐབ་བྱས་ཏེ། 2035ལོར་སླེབས་སྐབས་དཔལ་འབྱོར་གྱི་སྟོབས་ཤུགས་དང་ཚན་རྩལ་གྱི་སྟོབས་ཤུགས་ལ་ཡར་རྒྱས་ཆེན་པོ་འབྱུང་བ་དང་། མི་རེའི་ཆ་སྙོམས་ཀྱི་ས་ཁུལ་ཐོན་སྐྱེད་བསྡོམས་ཐང་མངོན་གསལ་གྱིས་ཇེ་མཐོར་འགྲོ་བ། ཡོང་འབབ་འབྲིང་རིམ་གྱི་མི་ཚོགས་མངོན་གསལ་གྱིས་ཇེ་མང་དུ་འགྱུར་བ། མི་དམངས་ཀྱི་འཚོ་བ་སྔར་བས་བདེ་ཞིང་སྐྱིད་པ་བཅས་བྱས་ཏེ། རྒྱལ་ཡོངས་དང་འགྲོས་མཉམ་ངང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱ་དགོས།  

གསུམ། 2026ལོའི་བྱ་བའི་ལས་འགན་གཙོ་བོ། 

ད་ལོ་ནི“ལོ་ལྔ་ཚན་བཅོ་ལྔ་བ”མགོ་འཛུགས་པའི་ལོ་ཡིན་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་བསྐྲུན་པར་མཚོ་སྔོན་གྱི་ལེའུ་འབྲི་བའི་གནད་འགག་གི་ལོ་ཞིག་ཀྱང་ཡིན། ད་ལོའི་སྲིད་གཞུང་བྱ་བའི་སྤྱིའི་བླང་བྱ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་བ་དང་སྐབས་ཉི་ཤུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་མཐར་ཕྱིན་དང་། ཏང་གི་སྐབས་བཅུ་བཞི་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་དང་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ནན་ཏན་སྒོས་དོན་འཁྱོལ་མཐར་ཕྱིན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་སྐོར་ལ་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་མཆན་བཀོད་གལ་ཆེན་གཏིང་ཟབ་ཏུ་དོན་འཁྱོལ་མཐར་ཕྱིན་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་བ་དང་ཞིང་ཆེན་ཏང་ཨུའི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་ལྟར། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཆ་ཚང་ཡང་དག་ཕྱོགས་ཡོངས་ཀྱི་སྒོ་ནས་ལག་ལེན་མཐར་ཕྱིན་བྱེད་ཅིང་། འཕེལ་རྒྱས་ཀྱི་རྣམ་པ་གསར་བར་མཉམ་འདྲེས་ཟབ་མོ་དང་ཞབས་ཕྱི་བསྒྲུབས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཤུགས་བརྒྱག་དགོས། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་དང་། འཕེལ་རྒྱས་དང་བདེ་འཇགས་ལ་བླ་ལྷག་གིས་གཅིག་འདོམས་བྱས་ཏེ། སྟོབས་ཤུགས་གཅིག་སྒྲིལ་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་སྐྲུན་པ་དང་ཐོན་ལས“གནས་བཞི”འཛུགས་སྐྲུན་བྱ་དགོས། སྲིད་ཇུས་མཉམ་སྡེབ་བྱེད་ཤུགས་ཇེ་དྲག་དང་སྒྲིག་ནུས་སྣ་ཚོགས་ཇེ་ཆེར་གཏོང་བ་དང་། རྒྱུན་མཐུད་ངང་ནང་མཁོ་རྒྱ་སྐྱེད་ཅིང་། འདོན་སྤྲོད་བྱེད་སྟངས་ཇེ་ལེགས་སུ་བཏང་ནས། འཕར་འབོར་ལེགས་སྒྱུར་དང་བསགས་འབོར་ཕན་སྒྱུར། འབོར་གསར་སྐྱེད་སྲིང་བཅས་བྱ་དགོས། ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་སུ་གཏོང་བ་དང་། འགག་རྩའི་ཁྱབ་ཁོངས་ཀྱི་བཅོས་སྒྱུར་བསྟུད་མར་ཟབ་སྤེལ་བྱས་ནས། ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་བ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་འགོག་ཟོན་དང་སེལ་ཐབས་བྱ་དགོས། ལས་ཞུགས་བརྟན་པོ་དང་ཁེ་ལས་བརྟན་པོ། ཁྲོམ་ར་བརྟན་པོ། སྔོན་དཔག་བརྟན་པོ་བཅས་ཡོང་བར་ཤུགས་བརྒྱབ་སྟེ། དཔལ་འབྱོར་ལ་སྤུས་ཚད་ཀྱི་ཆ་ནས་མཐོར་འདེགས་ནུས་ལྡན་དང་གྲངས་འབོར་གྱི་ཆ་ནས་འཕར་སྣོན་ལུགས་མཐུན་ཡོང་བར་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་འཆམ་མཐུན་དང་བརྟན་འཇགས་ཀྱི་རྣམ་པ་སྲུང་འཛིན་བྱས་ཏེ། སྟོབས་ཤུགས་ཆེར་སྐྱེད་ཀྱིས“ལོ་ལྔ་ཚན་བཅོ་ལྔ་བའི”མགོ་ལེགས་པོ་རྩོམ་རྒྱུ་དེ་ཡིན། 

ད་ལོའི་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་གཙོ་བོ་ནི། ཞིང་ཆེན་ཡོངས་ཀྱི་ས་ཁུལ་ཐོན་སྐྱེད་བསྡོམས་ཐང4.5%ཡས་མས་འཕར་བའི་ཐོག་ཏུ་འབྲས་བུ་དེ་བས་ལེགས་པོ་ལེན་པར་བརྩོན་པ་དང་། མཁར་གྲོང་གི་ལས་ཞུགས་མི་གྲངས་ཁྲི6ཡན་གསར་དུ་འཕར་བ། རོང་འབྲོག་ཁུལ་གྱི་ངལ་རྩོལ་པ་མི་ཐེངས་ཁྲི106ཡན་གནས་སྤོ་ལས་ཞུགས་བྱེད་པ། མཁར་གྲོང་གི་བརྟག་དཔྱད་ལས་ཤོར་ཕྱོད5.5%ཡས་མས་སུ་ཚོད་འཛིན་བྱེད་པ། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང2%ཡས་མས་འཕར་བ། སྡོད་དམངས་ཡོངས་ཀྱི་མི་རེའི་ཆ་སྙོམས་སྤྱོད་འཐུས་ཡོང་འབབ་འཕར་ཚད་དང་དཔལ་འབྱོར་འཕར་ཚད་འགྲོས་མཉམ་ཡོང་བར་བྱེད་པ། འབྲུ་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན་ཁྲི110ཡན་དུ་སྲུང་འཛིན་བྱེད་པ། རྨ་འབྲི་རྫ་གསུམ་གྱི་ཞིང་ཆེན་ནང་ཁུལ་གྱི་གཞུང་རྒྱུན་ཧྲིལ་བོའི་ཆུ་སྤུས་རིགསIIཔ་དང་དེའི་ཡན་དུ་སྲུང་འཛིན་དང་། ཞིང་ཆེན་ཡོངས་ཀྱི་ཁོར་ཡུག་གི་མཁའ་དབུགས་སྤུས་ཚད་རྒྱལ་ཡོངས་ཀྱི་སྔོན་གྲས་སུ་སྲུང་འཛིན་བྱེད་པ། རྒྱལ་ཁབ་ཀྱིས་རང་ཞིང་ལ་གནང་བའི་ཐཱན་འབུད་གཏོང་གི་ཚོད་འཛིན་གཉིས་དང་སྦགས་དངོས་གཙོ་བོ་ཉུང་གཏོང་གི་དམིགས་འབེན་ལེགས་འགྲུབ་བྱ་རྒྱུ་བཅས་ཡིན། 

གོང་དུ་བརྗོད་པའི་དམིགས་འབེན་ལས་འགན་འདི་དག་འགྲུབ་དགོས་ན། ཐོག་མཐའ་བར་གསུམ་དུ་བརྟན་ཐོག་ཡར་འཕེལ་དང་སྤུས་འདེགས་ནུས་སྤེལ་རྒྱུན་འཁྱོངས་བྱས་ཏེ། ངེས་པར་དུ་དཔལ་འབྱོར་གྱི་སྦས་ཤུགས་སྔོག་འདོན་གང་ལེགས་བྱེད་པ་དང་། ངེས་པར་དུ་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་བཅོས་སྒྱུར་གྱི་གསར་གཏོད་མཉམ་དུ་སྤེལ་བ་རྒྱུན་འཁྱོངས་བྱེད་པ། ངེས་པར་དུ“གློད་ནས་གསོན་ཤུགས་རྒྱས་པ”མ་ཟད“དོ་དམ་ལེགས་པོའང་འཁྱོངས་པར”བྱེད་པ། ངེས་པར་དུ་དངོས་པོར་མ་དངུལ་གཏོང་འཇོག་དང་མི་ལ་མ་དངུལ་གཏོང་འཇོག་ཟུང་འབྲེལ་དམ་ཟབ་བྱེད་པའི་རྒྱུན་སྐྱོང་བ། ངེས་པར་དུ་རང་སྟོབས་སྦྱོང་བརྡར་བྱེད་པར་བརྟེན་ནས་ཕྱི་རོལ་གྱི་འགྲན་སློང་ལ་ཁ་གཏད་འཇལ་བ་བཅས་བྱས་ཏེ། འཆར་གཞི་ཞིབ་འདོན་གྱིས་བྱ་བ་སོ་སོ་དམ་འཛིན་བྱ་དགོས། 

(གཅིག) “ཐཱན་གཉིས”སྣེ་ཁྲིད་ལ་དམིགས་པ་གཏད་དེ། ཕྱོགས་ཡོངས་ནས་ལྗང་མདོག་ཏུ་རིགས་སྒྱུར་བར་སྐུལ་འདེད་གཏང་དགོས། 

སྐྱེ་ཁམས་མ་ལག་སྲུང་སྐྱོབ་དང་ཉམས་གསོ་བྱེད་ཤུགས་ཆེ་རུ་གཏང་དགོས། རང་བྱུང་སྲུང་སྐྱོབ་ཁུལ་ཟླ་སྒྲིལ་དང་ལེགས་སྒྱུར་བྱེད་པ་ལག་ཏུ་བསྟར་ཏེ། རྒྱལ་ཁབ་སྤྱི་གླིང་གི་འཛུགས་སྐྲུན་ཆུ་ཚད་མཐོར་འདེགས་གཏོང་བ་དང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་སྒྲིག་སྲོལ་ཇེ་ལེགས་སུ་གཏོང་བ། མདོ་ལ་རིང་མོ་དང་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གི་འདེམས་སྒུག་ཁུལ་འཛུགས་སྐྲུན་ལ་སྤུས་ཚད་མཐོན་པོའི་སྒོ་ནས་སྐུལ་འདེད་གཏོང་བ། སྐྱེ་ཁམས་བར་ཁྱམས་དང་། སྐོར་སྲུང་ལམ་དྲ། འཚུབ་ཟློག་བགྲོད་ལམ་སོགས་ཆ་འགྲིག་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ། རྣམ་སྲས་དང་གཡུ་འབྲུག་ལྷ་རྩེ་རང་བྱུང་ཉམས་ལེན་དང་རྒྱལ་ཁབ་སྤྱི་གླིང་ཟོང་རྟགས་མཐོར་འདེགས་ཀྱི་ཚོད་ལྟའི་གནས་ལ་སྐུལ་འདེད་གཏོང་བ། ཁུ་ནུ་རི་བོ་དང་ཁམས་ར་འཛམ་གླིང་ས་གཤིས་སྤྱི་གླིང་ལེགས་པོར་སྐྲུན་པ་བཅས་བྱ་དགོས། རྒྱལ་ཁབ་རིམ་པའི་གསའ་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་འཛུགས་པར་སྐུལ་འདེད་གཏོང་བ་དང་། ཟི་ལིང་གི་རྒྱལ་ཁབ་རྩི་ཤིང་གླིང་ག་གསར་འཛུགས་ཀྱི་བྱ་བ་ཇེ་མགྱོགས་སུ་གཏང་དགོས། “བྱང་གསུམ”ལས་གྲྭའི་འགག་སྒྲོལ་གཡུལ་འཐབ་ལེགས་པོར་རྒྱག་པ་དང་། “འོད་ཝོལ་བྱེ་བཅོས”ཀྱི་ནུས་ཕྱོད་ཇེ་ལེགས་དང་ཇེ་མཐོར་གཏོང་བ། མཚོ་སྔོན་པོ་དང་རྫ་ཆུའི་འབབ་རྒྱུད་ཀྱི་རི་ཆུའི་ལས་གྲྭ་ལག་ཏུ་བསྟར་རྒྱུ་བརྩོན་ལེན་བྱེད་པ། རྒྱལ་ཁོངས་མུའུ་ཁྲི450ལྗང་སྒྱུར་དང་བྱེ་འགོག་བྱེ་བཅོས་མུའུ་ཁྲི111ལེགས་འགྲུབ་ཡོང་བ་བཅས་བྱས་ནས། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྔར་བས་བརྟན་པོ་ཡོང་བར་སྐུལ་འདེད་གཏང་དགོས། 

གནམ་སྔོ་ཆུ་དྭངས་ས་གཙང་སྲུང་སྐྱོབ་ཀྱི་གཡུལ་འཐབ་གཏིང་ཟབ་ཏུ་ལེགས་པོར་བརྒྱག་དགོས། “མཛེས་པ་རིམ་བསྟར”འཛུགས་སྐྲུན་ལ་གཅིག་འདོམས་ཀྱིས་སྐུལ་འདེད་བཏང་སྟེ། མཁའ་དབུགས་སྤུས་ཚད་རྒྱུན་མཐུད་ངང་ལེགས་བཅོས་བྱེད་པའི་འགུལ་སྐྱོད་སྤེལ་བ་དང་། གལ་ཆེ་བའི་ཆུ་བོ་དང་མཚེའུ་དང་ཆུ་མཛོད་བཅས་ལ་མ་ལག་ལྡན་པའི་བཅོས་སྐྱོང་དང་སྐྱེ་ཁམས་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་པ། མཁར་གྲོང་འཚོ་བའི་བཙོག་ཆུ་གཙང་སེལ་སྒྲིག་བཀོད་ལ་ཚད་འདེགས་ནུས་སྐྱེད་ཀྱི་བསྒྱུར་བཀོད་བྱེད་པར་སྐུལ་འདེད་གཏོང་བ། གཙང་གསུམ་འབྱུང་ཡུལ་སོགས་ཀྱི་ས་ཁོངས་གཞི་གཅིག་ཅན་གྱི་འཚོ་བའི་གད་སྙིགས་སྲེག་སེལ་སྒྲིག་བཀོད་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། སྦགས་དངོས་གསར་བའི་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱ་དགོས། སྲ་གཟུགས་སྙིགས་རོར་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་འགུལ་སྐྱོད་ནུས་ཤུགས་ཡོད་རྒུས་ལག་ཏུ་བསྟར་ཏེ། ཞིན་ཧྭ་ལིས་ཚྭའི་ཉེན་སྙིགས་ས་འོག་ཏུ་སྦས་པའི་གནད་དོན་ལ་ཕྱོགས་བསྡུས་བཅོས་སྒྲིག་བྱེད་པའི་ལས་འགན་ལེགས་འགྲུབ་བྱེད་པ་དང་། ཚྭ་མཚོའི་རྫས་བཟོ་ཁེ་ལས་ཀྱི་སྐྱེ་ཁམས་ཁོར་ཡུག་གནད་དོན་མཐའ་གཅིག་ཏུ་རྩ་བཅོས་བྱེད་པ། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་སོགས་ལས་བཏོན་པའི་གནད་དོན་བཅོས་སྒྲིག་ལེགས་པོ་བྱེད་པར་ཤུགས་སྣོན་པ་བཅས་བྱས་ནས། མཛེས་ཤིང་སྡུག་པའི་སྐྱེ་ཁམས་ཁོར་ཡུག་གིས་དམངས་འཚོ་ལ་སྔར་ལས་ཕན་ཐོགས་པ་བྱ་དགོས། 

ཐཱན་རྩེར་སོན་གྱི་ཆེད་དམིགས་འགུལ་སྐྱོད་ལ་གཏིང་ཟབ་པའི་སྒོ་ནས་སྐུལ་འདེད་གཏང་དགོས། ཐཱན་འབུད་གཏོང་གི་སྤྱི་འབོར་དང་དྲག་ཚད་གཉིས་ཀ་ཚོད་འཛིན་པའི་ལམ་ལུགས་དོན་འཁྱོལ་བྱས་ཏེ། ཟི་ལིང་གྲོང་ཁྱེར་གྱི་རྒྱལ་ཁབ་རིམ་པའི་ཐཱན་རྩེར་སོན་ཚོད་ལྟའི་གནས་དང་། ཟི་ལིང་ལྷོ་གཞུང་གི་རྒྱལ་ཁབ་རིམ་པའི་ཐཱན་མེད་གླིང་ཁུལ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། མཚོ་ཤར་དང་མཚོ་ནུབ་སོགས་ས་ཁུལ་གྱི་ཐཱན་མེད་གླིང་ཁུལ་དང་ཐཱན་མེད་བཟོ་གྲྭའི་འཛུགས་སྐྲུན་ལ་དུས་མཉམ་དུ་སྐུལ་འདེད་གཏོང་བ། བཟོ་ལས་དང་། གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན། འགྲིམ་འགྲུལ་སྐྱེལ་འདྲེན་སོགས་ཁྱབ་ཁོངས་གཙོ་བོའི་ནུས་སྲི་ཐཱན་གཅོག་ལ་ཤུགས་ཆེན་པོས་སྐུལ་སྤེལ་གཏོང་བ་བཅས་བྱས་ནས། ནུས་ཕྱོད་ཀྱི་ཚད་ཤིང་ལྟ་བུའི་དཔེ་སྟོན་ཁེ་ལས་བསྐྲུན་དགོས། ལྗང་གློག་གི་ལེགས་ཆ་འདོན་སྤེལ་བྱེད་པ་དང་། རྒྱལ་ཡོངས་ཀྱི་ཐཱན་ཁྲོམ་རར་ཟབ་ཞུགས་བྱེད་པ། ལྗང་གློག་གི་ཉོ་ཚོང་གཞི་ཁྱོན་སྔར་ལས་རྒྱ་བསྐྱེད་པ། ལྗང་གློག་དང་ལྗང་དཔང་གི་བཀོལ་སྤྱོད་གནས་ལྗོངས་རྒྱ་བསྐྱེད་པ་བཅས་བྱས་ཏེ། ནགས་རྩྭའི་ཐཱན་འདུས་ཉོ་ཚོང་ལ་སྐུལ་འདེད་གཏང་དགོས། རྨ་ཆུ་དང་ཙོང་ཆུ་སོགས་འབབ་རྒྱུད་ཀྱི་འཕྲེད་ཕྱོགས་སྐྱེ་ཁམས་སྐྱིན་གསབ་དང་སྣ་མང་ཅན་གྱི་སྐྱེ་ཁམས་སྐྱིན་གསབ་སྟེར་བའི་རྐྱེན་སྲོལ་འཛུགས་སྐྲུན་ཟབ་སྤེལ་བྱེད་པ་དང་། ཐཱན་ཀུན་ཕན་ཚོད་ལྟའི་གནས་སྤེལ་བ་དང་། “རི་གཉིས”ཕབ་སྒྱུར་གྱི་ཐབས་ལམ་རྒྱ་བསྐྱེད་དེ། རི་སྔོ་ཆུ་དྭངས་སྔར་བས་མང་པོ་གསེར་རི་དང་དངུལ་རིར་བསྒྱུར་དགོས།

སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་དེང་རབས་ཅན་དུ་སྒྱུར་བའི་ཆུ་ཚད་མཐོ་རུ་གཏང་དགོས། སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་འཛུགས་སྐྲུན་ཚད་གཞི་འདོན་པ་དང་། མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་གྲུབ་འབྲས་བེད་སྤྱོད་ལེགས་པོ་བཏང་ནས། ལྗང་མདོག་གནས་འཚམ་འཕེལ་རྒྱས་ཀྱི་ཚན་རིག་དང་མཐུན་པའི་འགུལ་སྐྱོད་ལག་བསྟར་བྱ་དགོས། སྐྱེ་ཁམས་ཁོར་ཡུག་གི་ཁུལ་དབྱེ་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས། བཙོག་འབུད་ཆོག་འཐུས་ལམ་ལུགས་སྲོག་ཤིང་ཡིན་པའི་སྦགས་བཙོག་འབྱུང་ཁུངས་གཏན་ཁེལ་ཅན་ལ་ལྟ་སྐུལ་དོ་དམ་བྱེད་པའི་ལམ་ལུགས་མགྱོགས་མྱུར་ངང་དོན་འཁྱོལ་བྱ་དགོས། མི་དང་གཅན་གཟན་གདོང་ཐུག་རྒྱག་པར་བརྟག་འཇལ་དང་སྔོན་ཟོན་དང་འགོག་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རི་སྐྱེས་སྲོག་ཆགས་ཀྱིས་གནོད་འཚེ་བཏང་བར་སྐྱིན་གསབ་སྟེར་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས། མདོ་དབུས་མཐོ་སྒང་གི་མཚོ་སྔོན་གྱི་རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ལ་གྲངས་འཛིན་རིག་ནུས་ཅན་གྱིས་བཅོས་སྐྱོང་བྱེད་པའི་མ་ལག་དང་། མདོ་དབུས་མཐོ་སྒང་སའི་གོ་ལའི་མ་ལག་གི་སྐྱེ་ཁམས་གཞི་གྲངས་ཆེན་པོའི་ལྟེ་གནས་འཛུགས་སྐྲུན་ལ་མཉམ་སྐུལ་དང་། སྐྱེ་ཁམས་ཁོར་ཡུག་གི་གྲངས་འཛིན་རིག་ནུས་ཅན་གྱི་ཉེར་སྤྱོད་ལས་སྟེགས་བསྐྲུན་ཏེ། ལྗང་མདོག་རིག་ལྡན་གྱི་གྲངས་འཛིན་སྐྱེ་ཁམས་དཔལ་ཡོན་མཉམ་སྐྲུན་བྱ་དགོས། 

(གཉིས)ནང་མཁོ་རྒྱ་སྐྱེད་པར་དམིགས་པ་གཏད་དེ། རྒྱལ་ནང་གི་ཁྲོམ་ར་སྟོབས་ཆེན་ནང་སྔར་བས་འདྲེས་སུ་འཇུག་དགོས། 

འཛད་སྤྱོད་ཆེར་སྐྱེད་ཀྱི་ཆེད་དམིགས་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་དགོས། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་ཡོང་འབབ་འཕར་བའི་འཆར་གཞི་ལག་བསྟར་བྱས་ནས། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་རྨང་གཞིའི་རྒན་གསོའི་མ་དངུལ་ཇེ་མཐོ་དང་། སྡོད་དམངས་ཀྱི་འཛད་སྤྱོད་ནུས་པ་ཇེ་ཆེར་གཏང་དགོས། “གསར་གཉིས”སྲིད་ཇུས་ལག་བསྟར་བྱེད་པ་སྔར་ལས་ཇེ་ལེགས་སུ་གཏོང་བ་དང་། ཞབས་ཕྱི་འཛད་སྤྱོད་ཀྱི་སྤུས་འདེགས་དམངས་ཕན་འགུལ་སྐྱོད་དང་ལྗང་མདོག་འཛད་སྤྱོད་སྐུལ་སྤེལ་འགུལ་སྐྱོད་སྤེལ་ནས། “མིའི་ཐབས་རིག་ནུས+འཛད་སྤྱོད”དང་། “རིག་ལྡན་ཚོང་ལས+རིག་གནས་ཡུལ་སྐོར”ཟབ་སྤེལ་དུ་གཏོང་བ་དང་། “མཚོ་སྔོན་ཁྱིམ་གསོལ”གྱི་ཟོང་རྟགས་རྒྱུན་མཐུད་ངང་བཏོད་པ། “མཚོ་རྫས་སྤུས་ལེགས”མཁོ་འདོན་གྱི་ཐོན་ལས་སྦྲེལ་ཕྲེང་རྒྱ་བསྐྱེད་པ། མཚོ་སྔོན་གྱི་འཐེན་ཐུག་ཐོན་ལས་ལས་སྟེགས་སྟོབས་ལྡན་དུ་གཏོང་བ། མཚོ་སྔོན་རིམ་འདས་རྐང་གྲུག་མཉམ་འགྲན་སོགས་འགྲན་སྡུར་བྱེད་སྒོའི་སྣེ་ཁྲིད་ནུས་པ་ཆེ་རུ་གཏོང་བ། བཟའ་བཏུང་དང་ཚ་གཡོལ། ཁམས་གསོ། རིག་རྩལ་འཁྲབ་སྟོན། མཚན་མོའི་སྤྲོ་གསེང་རོལ་རྩེད། དབུ་དཀར། བཅོལ་སྐྱོང་སོགས་འཛད་སྤྱོད་ཀྱི་སྦས་ཤུགས་ཕྱིར་གློད་པ། ཞིང་ལས་དང་ལུས་རྩལ། རིག་གནས། ཡུལ་སྐོར། ཚོང་ལས། ཁམས་གསོ་བཅས་ལས་རྣམ་མང་པོ་མཉམ་འདུས་དང་གནས་ལྗོངས་མང་པོ་མཉམ་འདྲེས་ཡོང་བར་སྐུལ་སྤེལ་གཏོང་བ་བཅས་བྱ་དགོས། རྫོང་ཁོངས་ཀྱི་ཁེ་སྐྱོར་དམངས་བདེའི་ཚོང་ལས་སྤུས་དག“བརྒྱ་ཟུང”མཐོར་འདེགས་གཏོང་བའི་འགུལ་སྐྱོད་དང་། མཚོ་སྔོན་ཁེ་ལས་ཀྱི་དྲ་འཚོང་སྤུས་ལེགས་གསོ་སྐྱོང་གི་འཆར་གཞི་ལག་ཏུ་བསྟར་ནས། ཚད་ཐོག་ཚོང་དོན་ཁེ་ལས60ཡན་གསར་དུ་འཕར་དགོས། ཟི་ལིང་དུ་མདོ་དབུས་མཐོ་སྒང་གི་ས་ཁོངས་རང་བཞིན་གྱི་འཛད་སྤྱོད་ལྟེ་བའི་གྲོང་ཁྱེར་འཛུགས་པར་རྒྱབ་སྐྱོར་བྱ་དགོས། རྒྱལ་མཚམས་དང་གྱེས་དུས་ཁྲལ་སློག་པའི་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་། རྒྱལ་ཁོངས་སུ་འཛུལ་མཁན་གྱི་འཛད་སྤྱོད་རྒྱ་བསྐྱེད་དགོས། གློག་གསོག་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། ནུས་གསར་རླངས་འཁོར་གྱི་འཛད་སྤྱོད་ལ་སྐུལ་འདེད་གཏང་དགོས། འཛད་སྤྱོད་ཁྱབ་ཁོངས་ཀྱི་ལུགས་མཐུན་མིན་པའི་ཚོད་འཛིན་ཐབས་བཀོད་གཙང་སེལ་བྱེད་པ་དང་། ལས་བཟོ་བའི་འཚང་གཡོལ་ཕོགས་ལྡན་གུང་གསེང་ལམ་ལུགས་ལག་བསྟར་བྱེད་ཅིང་། འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ནས། མང་ཚོགས་ཀྱི་འཛད་སྤྱོད་པའི་སྒོར་ཁུག་སྔར་ལས་རྒྱགས་པ་དང་། གདིང་ཤུགས་སྔར་ལས་རྒྱས་པ། སྔོན་དཔག་སྔར་ལས་བརྟན་པ། ཡིད་ཆེས་སྔར་ལས་འཕེལ་བ་བཅས་བྱ་དགོས། 

ནུས་ལྡན་གྱི་མ་དངུལ་གཏོང་འཇོག་རྒྱ་བསྐྱེད་པར་ཤུགས་བསྣན་དགོས། ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་གཏོང་འཇོག་དང་། དུས་ཡུན་ཤིན་ཏུ་རིང་བའི་དམིགས་བསལ་རྒྱལ་བུན་དང་ས་གནས་སྲིད་གཞུང་གི་ཆེད་སྤྱོད་བུན་འཛིན་བཅས་འདང་ངེས་དང་གང་ལེགས་ཀྱིས་སྤྱོད་པ་དང་། སྤུས་ཚད་མཐོན་པོའི་སྒོ་ནས“གཙོ་གལ་གཉིས”ཀྱི་ལས་གཞི་ལག་བསྟར་བྱ་དགོས། ཟི་ལིང་ནས་ཁྲིན་འདུ་བར་གྱི་ལྕགས་ལམ་འཛུགས་སྐྲུན་དང་། མཚོ་བོད་ལྕགས་ལམ་གྱི་གོར་ལྷ་ལམ་མཚམས་གློག་ཤུགས་ཅན་དུ་བསྒྱུར་བཀོད་བྱེད་པ་ཇེ་མགྱོགས་སུ་གཏོང་བ་དང་། ཐུན་ཏེ་ནས་རྨ་ཆེན་སོགས་ཀྱི་གཞུང་ལམ་ལས་གཞི་ལས་མགོ་རྩོམ་པ་དང་། གཅན་ཚ་ནས་ཁྲི་ཀ་དང་། ཚྭ་འདམ་ཆུང་བའི་མཚེའུ་ནས་མང་ནེ་རྙིང་བ་སོགས་ཀྱི་གཞུང་ལམ་བསྐྲུན་ཚར་དགོས་ལ། པེན་ཏུའུ་ཁུག་ནས་མཁར་དམར་སོགས་ཞིང་ཆེན་བར་གྱི་བགྲོད་ལམ་ཆེན་པོ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། ཤར་གཏོང་ཐུབ་པའི་གཞུང་ལམ་སྤྱི་ལེ1500གསར་དུ་འཕར་དགོས། གུང་ཧོ་གནམ་གྲུ་ཐང་གིས་ཕྱོགས་ཡོངས་ནས་ལས་གཉེར་བྱེད་མགོ་རྩོམ་པ་དང་། རྨ་ལྷོ་གནམ་ཐང་གི་དུས་སྔོན་བྱ་བ་སྐུལ་སྤེལ་བྱ་དགོས་ལ།  བརྡ་ཚོར་གཞི་གཅིག་གི་གཞི་ཚིགས་སོགས་དམའ་དབྱིངས་རྨང་གཞིའི་སྒྲིག་བཀོད་ཚོད་ལྟ་བྱས་ནས་སྐྲུན་པ་དང་། ཡོངས་སྤྱོད་མཁའ་འགྲུལ་དང་མི་མེད་གནམ་གྲུའི་ཉེར་སྤྱོད་ལ་བཀོད་སྒྲིག་བརྒྱབ་ནས་འཕེལ་རྒྱས་སུ་གཏང་དགོས། ཚྭ་འདམ་གཤོང་སའི་ཆུའི་ཐོན་ཁུངས་བཀོད་སྒྲིག་གི་ལས་སྐབས་དང་པོ་སོགས་ཆུ་འདྲེན་ལས་གྲྭ་ནུས་མཐོ་སྒོས་འཛུགས་སྐྲུན་བྱེད་པ་དང་། ཐང་གསུམ་དུ་ཆུ་དྲངས་ཏེ་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་ལས་སྐབས་དང་པོ་དང་། པཎ་ཆེན་ཤངས་སྡེའི་ཆུ་མཛོད་དང་དེའི་ཆ་འགྲིག་ཆུ་འདྲེན་ལས་གྲྭའི་ལས་གཞི་འཛུགས་པ་དང་ཆོག་མཆན་ཞུ་བར་སྐུལ་འདེད་གཏོང་བ་དང་། རྨ་ཆུ་ཟི་ལིང་དུ་འདྲེན་པ་དང་འབྲི་ཆུ་ཚྭ་འདམ་དུ་འདྲེན་པའི་ལས་གྲྭའི་དུས་སྔོན་བྱ་བ་མགྱོགས་པོར་བསྒྲུབ་དགོས། བཟོ་ལས་སུ་མ་དངུལ་ཁྲག་ཁྲིག་འཇོག་པ་དང་། ཞབས་ཕྱི་ལེགས་སྒྱུར་དང་ཡིད་ཆེས་ཆེར་སྐྱེད་ཀྱིས་དམངས་ཁྲོད་དངུལ་འཇོག་གི་གསོན་ཤུགས་སྐུལ་སློང་བྱེད་པ། གཙོ་གནད་ཐོན་ལས་ཀྱི་ཚོང་འགུག་ནུས་སྡུད་ཐོད་བརྒལ་བྱེད་པ་བཅས“འགུལ་སྐྱོད་ཆེན་པོ་གསུམ”ལག་བསྟར་བྱ་དགོས། “ལྗང་གློག་གི་འགུག་ཤུགས”ཀྱི་ནུས་སྣང་ཇེ་ཆེར་གཏོང་བ་དང་། སྦྲེལ་ཕྲེང་རྣམ་པའི་ཚོང་འགུག་དང་གནད་ལ་ཁེལ་བའི་ཚོང་འགུག། ཚོང་ལ་བརྟེན་ནས་ཚོང་འགུག་བཅས་གཏིང་ཟབ་ཏུ་སྤེལ་བ། སྣེ་ཁྲིད་ཁེ་ལས་དང་ཕྲེང་གཙོ་ཁེ་ལས་ཤུགས་ཆེན་པོས་ནང་འདྲེན་བྱེད་པ། སྲིད་ཇུས་རང་བཞིན་གྱི་དངུལ་རྩའི་ལག་ཆ་གསར་བ་བེད་སྤྱོད་ཡག་པོ་བྱེད་པ། གཙོ་རྒྱུའི་ཐོན་ཁུངས་གཅིག་བསྡུས་ཀྱིས་རྨང་གཞི་བརྟན་པ་དང་སྒུལ་ཤུགས་འཕེལ་བ། ཕུགས་ལ་ཕན་པ་བཅས་ཀྱི་ལས་གཞི་སྤུས་ལེགས་ཁག་ཅིག་འདྲེན་འགུག་དང་དངོས་འབེབས་བྱེད་པ། ལས་གཞི་མགོ་ཚུགས་པ་ནས་ཐོན་སྐྱེད་བྱེད་རག་བར་གྱི་བརྒྱུད་རིམ་ཧྲིལ་བོར་ཞབས་ཕྱི་སྒྲུབ་པ་བཅས་བྱས་ནས། ཚོང་འགུག་ལ་ཐོད་བརྒལ་ཆེན་པོ་འབྱུང་བར་བརྟེན་ནས་ཐོན་ལས་ལ་མཆོང་སྐྱོད་གསར་བ་ཐོབ་པར་བྱ་དགོས། 

རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་མོར་ཧུར་ཐག་གིས་ཞབས་ཕྱི་སྒྲུབ་པ་དང་འདྲེས་པར་བྱ་དགོས། ཁྲོམ་རར་ཞུགས་འཐུས་ཀྱི་བཀག་རྒྱ་གཙང་སེལ་དང་བཅོས་སྐྱོང་ཟབ་སྤེལ་བྱེད་པ་དང་། ཁྲལ་བསྡུའི་གཟིགས་སྐྱོང་དང་ནོར་སྲིད་གསབ་དངུལ་སྟེར་བའི་སྲིད་ཇུས་ཚད་ལྡན་དུ་གཏང་དགོས། རེས་སྐོར་གསར་བའི་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་འགུལ་སྐྱོད་དེ་གཏིང་ཟབ་སར་སྐུལ་སྤེལ་བྱེད་པ་དང་། “ཕན་མཐོའི་ངང་དོན་དག་གཅིག་འགྲུབ་པའི”བཅོས་སྒྱུར་ཟབ་སྤེལ་བྱས་ཏེ། ཁེ་ཕན་དམངས་བདེའི་སྲིད་ཇུས་ཐད་ཀར་འབྱོར་ཅིང་མགྱོགས་པོར་ལོངས་སྤྱོད་ཐུབ་པ་དང་རེ་ཞུ་མི་དགོས་པར་ལོངས་སྤྱོད་ཐུབ་པར་སྐུལ་འདེད་གཏང་དགོས། ཁེ་ལས་དང་འབྲེལ་བའི་ཁྲིམས་བསྟར་ཡུན་ཕན་རྐྱེན་སྲོལ་ཆ་ཚང་དང་ཚད་ལྡན་དུ་གཏོང་བ་དང་། སྲིད་འཛིན་ཁྲུན་གཅོད་དབང་ཆའི་ཚད་འཛིན་ལམ་ལུགས་འཐུས་ཚང་དུ་གཏོང་བ། ལས་སྟེགས་ཁེ་ལས་ལ་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་སྣོན་པ། “ནང་འདྲིལ་ཅན”གྱི་འགྲན་རྩོད་ལ་བཅོས་སྐྱོང་ཟབ་མོ་བྱེད་པ། “དངུལ་འཇོག་ལས་དར•མཚོ་སྔོན་ལེགས་འདེམས”ཀྱི་ཟོང་རྟགས་སྐྲུན་པ། ཁྲིམས་སྐྱོང་དཔལ་འབྱོར་དང་ཡིད་རྟོན་དཔལ་འབྱོར་འཛུགས་པ་བཅས་བྱ་དགོས། འཁོར་རྒྱུག་སྒྲིག་བཀོད་ཕན་ཚུན་དུ་འབྲེལ་ཞིང་མཐུད་པར་སྐུལ་འདེད་བཏང་སྟེ། ཟི་ལིང་དང་ན་གོར་མོའི་རྒྱལ་ཁབ་ཟོང་འདྲེན་ལྟེ་གནས་དང་ཟི་ལིང་གི་རྒྱལ་ཁབ་རིམ་པའི་རྐང་འཛིན་འཁྱགས་སྦྲེལ་ཟོང་འདྲེན་རྟེན་གཞི་ལེགས་པོར་སྐྲུན་པ་དང་། གཞུང་ལམ་གཙོ་བོར་ལྗིད་ཐེག་དོས་སྐྱེལ་རླངས་འཁོར་གྱི་གློག་བརྗེ་ས་ཚིགས་སྐྲུན་པ། སྤྱི་ཚོགས་ཡོངས་ཀྱི་ཟོང་འདྲེན་མ་རྩ་ཇེ་དམའ་རུ་གཏོང་བ་བཅས་བྱས་ཏེ། རྒྱལ་ནང་གི་ཁྲོམ་ར་སྟོབས་ཆེན་ནང་འདྲེས་སྐབས་དཔལ་འབྱོར་འཕར་བའི་སྦས་ཤུགས་གློད་གྲོལ་གང་ལེགས་གཏང་དགོས། 

(གསུམ)གསར་གཏོད་སྐུལ་སྤེལ་ལ་དམིགས་པ་གཏད་ནས། མགྱོགས་མྱུར་ངང་སྒུལ་ནུས་གསར་བ་གསོ་སྐྱོང་དང་དར་རྒྱས་སུ་གཏང་དགོས། 

ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཐོན་ལས་གསར་གཏོད་ཀྱི་སྣེ་འཁྲིད་དགོས། ཚན་རྩལ་གསར་གཏོད་ལས་སྟེགས་གསོ་སྐྱོང་བྱེད་པའི་འགུལ་སྐྱོད་ལག་བསྟར་བྱས་ནས། རྒྱལ་ཁབ་རིམ་པའི་ཚན་རྩལ་གསར་གཏོད་ལས་སྟེགས་ཆེན་མོ་བཅུ་སྟོབས་ཆེར་བསྐྲུན་ཞིང་ལེགས་པོར་སྤྱོད་པ་དང་། “ཚན་རྩལ་གསར་གཏོད་ཀྱི་གནས་བརྒལ”འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ཁེ་ལས་ཀྱིས་སྣེ་ཁྲིད་ནས་གསར་གཏོད་མཉམ་འབྲེལ་ཚོགས་པ་འཛུགས་པར་རྒྱབ་སྐྱོར་བྱེད་པ་དང་། ཁྱད་ལྡན་དགེ་མཚན་ཐོན་ལས་ཀྱི་འགག་རྩ་དང་སྲོག་ཤིང་དུ་གྱུར་པའི་ལག་རྩལ་འགག་སྒོ་གཏོར་བར་ཤུགས་རྒྱག་པ་བཅས་བྱ་དགོས། ཚན་རྩལ་གྲུབ་འབྲས་ལ་དབང་ཆ་སྤྲོད་པའི་བཅོས་སྒྱུར་ཟབ་སྤེལ་བྱས་ཏེ། ཚན་རྩལ་གསར་གཏོད་ཀྱི་གདེང་འཇོག་དང་ཕན་འབྲས་བགོ་བཤའ། གྲུབ་འབྲས་ཕབ་སྒྱུར་སོགས་ཀྱི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། བར་བརྒྱུད་ཚོད་ལྟའི་ལས་སྟེགས་དང་དོན་དངོས་ར་སྤྲོད་རྟེན་གཞི་འཛུགས་སྐྲུན་བྱས་ནས། ཉེར་སྤྱོད་གནས་ལྗོངས་འཛུགས་སྐྲུན་དང་སྒོ་འབྱེད་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། རྒྱལ་ཁབ་ཀྱི་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ལྟེ་གནས་འཛུགས་པ། ཤེས་བྱའི་ཐོན་དབང་གཞི་གཅིག་ཅན་གྱི་ཕྱོགས་བསྡུས་ཞབས་ཕྱིའི་ལས་སྟེགས་དྲ་ཐོག་ཏུ་ལས་གཉེར་བྱེད་པ། ས་ཁམས་མཚོན་རྟགས་བེད་སྤྱོད་དང་ཡར་སྐུལ་ལས་གྲྭ་ལག་བསྟར་བྱེད་པ། མཐོ་སྒང་གི་ལྗང་མདོག་སྐྱེ་ཁམས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཤེས་བྱའི་ཐོན་དབང་གི་ཞིང་ཆེན་སྟོབས་ལྡན་མགྱོགས་པོར་སྐྲུན་པ་བཅས་བྱ་དགོས། རེས་སྐོར་གསར་བའི་བཟོ་སྐྲུན་ལས་རིགས་ཀྱི་གཙོ་གནད་ཐོན་ལས་སྦྲེལ་ཕྲེང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགུལ་སྐྱོད་ལག་བསྟར་བྱས་ཏེ། སྒྲོན་སྟེགས་བཟོ་གྲྭ་དང་གཙོད་རྒོད་ཁེ་ལས། རི་དྭགས་རྭ་གཅིག་ཁེ་ལས་བཅས་ཧུར་ཐག་གིས་གསོ་སྐྱོང་བྱེད་པ་དང་། གསར་གཏོད་ཅན་དང་ཆེད་ཞིབ་ཁྱད་གསར་གྱི་ཁེ་ལས་འབྲིང་ཆུང70གསར་དུ་འཕར་བ་བྱ་དགོས། མཐོ་སྒང་སྐྱེ་ཁམས་དང་གསོ་རིག་ཁམས་གསོ། སྐྱེ་དངོས་སྨན་རྫས་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས། ཉེར་སྤྱོད་ཕྱོགས་སྟོན་དུ་བྱས་པའི་རྨང་གཞིའི་ཞིབ་འཇུག་དང་མདུན་གྲལ་འཚོལ་ཞིབ་ལ་མ་ལག་ལྡན་པའི་སྒོ་ནས་སྐུལ་འདེད་གཏང་དགོས། མཚོ་སྔོན་གྱི་མཐོ་རིམ་ཞིབ་འཇུག་གླིང་ལེགས་པོར་བསྐྲུན་པ་དང་།  རྒྱལ་ཁབ་རིམ་པའི་སློབ་ཆེན་ཚན་རྩལ་གླིང་ལེགས་སྒྱུར་དང་བསྐྱར་བཞེངས་བྱེད་པར་སྐུལ་འདེད་གཏོང་ཞིང་།  “ཁུ་ནུ་མཁས་འཇོན”འཆར་གཞིའི་སྐུལ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ་དང་། སློབ་གྲྭ་དང་ཞིབ་འཇུག་གླིང་དང་ཁེ་ལས་བཅས་ཀྱི་མཐོ་རིམ་འཇོན་མི་ཕན་ཚུན་དུ་གདན་ཞུ་དང་མཉམ་སྤྱོད་བྱེད་པར་སྐུལ་འདེད་གཏང་དགོས་ལ། དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་མཐོ་རུ་གཏོང་བའི་འགུལ་སྐྱོད་ལག་བསྟར་བྱེད་པ་དང་། སློབ་གསོའི་སྣེ་ཁྲིད་དང་གསར་གཏོད་ཀྱི་ཇུས་ཁུངས། འཇོན་མིའི་འདེགས་སྐྱོར་བཅས་གཞི་གཅིག་ཏུ་སྐུལ་འདེད་གཏོང་བའི་ས་ཁོངས་ཡོངས་ཀྱི་གསར་གཏོད་མ་ལག་བཙུགས་ནས། གསར་གཏོད་དང་གསར་སྐྲུན་གྱི་གསོན་ཤུགས་གང་ལེགས་སྒོས་གློད་གྲོལ་གཏང་དགོས།

ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་སྒོས་གསར་སྤེལ་བེད་སྤྱོད་བྱེད་པར་ཤུགས་བསྣན་དགོས། ཅཱ་ཚྭའི་ནུས་མཐོ་བེད་སྤྱོད་དང་། ལིས་ཚྭའི་འབོར་སྤུས་མཐོར་འདེགས། རྨེ་ཚྭའི་གསར་གཏོད་ཐོད་བརྒལ། གཞི་རྒྱུ་ཐར་ཐོར་རིན་ཐང་མཐོན་པོར་བེད་སྤྱོད་བཅས་ཀྱི་ལས་གྲྭ་ལག་བསྟར་བྱས་ཏེ། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན་གྱིས་ཐོན་ཁུངས་ཟླ་སྒྲིལ་དང་ཁེ་ལས་བསྐྱར་སྒྲིག་ལ་སྐུལ་འདེད་གཏང་དགོས་ལ། “ཚྭ་མཚོ+”ཐོན་ལས་ཤུགས་ཆེན་པོས་འཕེལ་རྒྱས་སུ་བཏང་སྟེ། ཀོ་ཏའི་རྫས་བཟོ་ཀུང་སིས་ཅཱ་ལུད་ཏུན60ཡི་བསྲེས་སྦྱོར་སོན་རྡོག་བཟོ་བ་དང་། ལན་ཁོ་ལིས་ལས་ཀུང་སིའི་ཐཱན་སྐྱུར་ལིས་སྒྲིག་ཆས་ལ་མ་ལག་རང་བཞིན་གྱིས་ལེགས་སྒྱུར་དང་བསྒྱུར་བཀོད་བྱེད་པ། ཀྲུང་གོའི་ཚྭ་མཚོ་སྡེ་ཚོགས་ཀྱིས་ལྕགས་རིགས་རྨེ་གཞི་གཅིག་ཅན་གྱི་ལག་རྩལ་བསྒྱུར་བཀོད་བྱེད་པ། ཝོ་ཅིན་ཚ་གསོག་ཀུང་སིས་ཏུན་ཁྲི40ཅན་གྱི་ཚྭ་ཞུ་སྒྲིག་ཆས་ཀྱི་ལག་རྩལ་རིམ་པ་སྤར་བ། མཚོ་སྔོན་དུས་རབས་ཀུང་སིས་སྒུལ་ཤུགས་གློག་སྨན་གྱི་སྣེ་ལེབ་སྐྲུན་པ། ཐའེ་ཧྥེང་སྔོན་སྐྱོད་ཀུང་སིས་ལིན་སྐྱུར་ལྕགས་ལིས་ཀྱི་ཐོན་སྐྱེད་རྒྱ་སྐྱེད་པ་སོགས་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་གཏང་དགོས་ལ། ལིས་རྨེ་དང་ལིས་ཧང་སོགས་གཤིས་ནུས་མཐོ་བའི་བསྲེས་ལྕགས་རྒྱུ་ཆའི་འཕེལ་རྒྱས་རིང་དུ་སྲིང་བ་དང་། ལྗང་མདོག་ཐོན་ལས་སྦྲེལ་ཕྲེང་ཇེ་ཞིབ་ཇེ་ལེགས་ཇེ་རིང་དུ་གཏང་དགོས་ལ། ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་བྱེད་པའི་རྒྱལ་ཁབ་རིམ་པའི་སྔོན་ཐོན་བཟོ་སྐྲུན་ལས་རིགས་འདུས་ཚོགས་མགྱོགས་མྱུར་སྒོས་གསོ་སྐྱོང་བྱེད་པ་དང་། “ཐཱན་མེད”ཚྭ་མཚོ་སྐྲུན་པར་ཤུགས་བརྒྱབ་སྟེ། ཐོན་ཁུངས་བསྐོས་ཐང་ནས་སྒུལ་ནུས་འཕེལ་རྒྱས་སུ་རིན་ཐང་མཆོང་འཕར་འབྱུང་རྒྱུ་སྔར་ལས་མངོན་འགྱུར་ལེགས་པོ་བྱ་དགོས། 

ནུས་ཁུངས་གཙང་མ་འདུས་གྲུབ་དང་མཉམ་འདྲེས་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏང་དགོས། གཞི་ཁྱོན་ཆེ་བའི་གསར་སྤེལ་དང་ཆུ་ཚད་མཐོ་བའི་འདྲེན་སྤྱོད་ལ་གཅིག་འདོམས་བྱས་ཏེ། ན་གོར་མོའི་ཤར་རྒྱུད་དང་མཚོ་ལྷོའི་ནུས་ཁུངས་གཙང་མའི་རྟེན་གཞི་འཛུགས་སྐྲུན་ལ་ཕན་མཐོ་སྒོས་སྐུལ་འདེད་གཏོང་བ་དང་། མཚོ་སྔོན་ནས་ཀོས་ཀྲོའུ་དང་མཚོ་སྔོན་ནས་ཀོང་ཏུང་བར་གྱི་ལྗང་གློག་ཕྱི་སྐྱེལ་བགྲོད་ལམ་ལ་སྔ་ས་ནས་ཞིབ་བཤེར་ཆོག་མཆན་བཀོད་ནས་ལས་མགོ་རྩོམ་པར་སྐུལ་འདེད་གཏང་དགོས། ཙི་ཝ་འགག་དང་ཨར་རྡོ་སོགས་ཆུ་གློག་ས་ཚིགས་རྒྱལ་ཁབ་ཀྱི་འཆར་འགོད་ནང་འཇུག་པར་བརྩོན་ལེན་བྱ་དགོས། ལྷོ་རིའི་ཉག་ག་དང་། བ་རིང་། ཐུན་ཏེ། གཏེར་ལེན་ཁ་བཅས་ཆུ་འཐེན་ནུས་གསོག་གློག་ཚིགས4མགྱོགས་པོར་སྐྲུན་པ་དང་། ཆའོ་ཐོའུ་དང་ན་གོར་མོ་རུ་འདེགས་སྐྱོར་སྙོམ་སྒྲིག་རང་བཞིན་གྱི་མེ་ཤུགས་གློག་འདོན་བསྐྲུན་ཚར་དགོས་ལ། གནོན་འཁུམ་མཁའ་དབུགས་དང་། གློག་རྫས་འགྱུར། ཚྭ་ཞུ་ཚ་གསོག་སོགས་ནུས་གསོག་ལག་རྩལ་གྱི་དཔེ་སྟོན་དང་ཉེར་སྤྱོད་ལ་སྐུལ་འདེད་གཏང་དགོས། འོད་ཚའི་ནུས་གསོག་གི་རྩེ་སྙོམས་གློག་ཁུངས་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏོང་བ་དང་། ན་གོར་མོ་དང་གཏེར་ལེན་ཁའི་སྟོང་ཝ་ཁྲི35ཅན་གྱི་འོད་ཚའི་གློག་ཚིགས3དང་འོད་ཚའི་ཐོན་ལས་ཀྱི་ཚན་རྩལ་གསར་གཏོད་ལྟེ་གནས་སྐྲུན་པར་མགྱོགས་མྱུར་ངང་བསྐྲུན་ཏེ། འོད་ཚའི་གསར་གཏོད་སྦྲེལ་ཕྲེང་དང་ཐོན་ལས་སྦྲེལ་ཕྲེང་ཆགས་པར་བྱེད་པ་དང་། ནུས་ཤུགས་གཅིག་སྒྲིལ་གྱིས་ཀྲུང་གོའི་འོད་ཚའི་རྒྱལ་ས་བསྐྲུན་དགོས། ཁ་གཡང་དང་སུང་རུའུ་ལུང་བ་སོགས་སྟོང་ཝོལ750ཅན་གྱི་གློག་དྲ་ལས་གྲྭ14དང་མཚོ་ཤིན་གློག་དྲ་སྦྲེལ་ལམ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། སྔོན་ལ་གཏེར་ལེན་ཁ་དང་། ན་གོར་མོ། ཟི་ལིང་སོགས་ཆ་རྐྱེན་ཡོད་པའི་ས་ཁུལ་དུ་རིག་ནུས་གློག་དྲ་དང་གློག་དྲ་ཕྲན་གྲས་འཛུགས་སྐྲུན་བྱེད་པ་དང་།  “ལྗང་མདོག་ལ་བརྟེན་ནས་ལྗང་མདོག་སྐྲུན་པར”དམིགས་ཏེ། ལྗང་གློག་ཐད་སྦྲེལ་ལས་གྲྭ་ལག་བསྟར་བྱེད་པར་མགྱོགས་མྱུར་ངང་སྐུལ་འདེད་གཏང་དགོས་ལ། ཆའོ་ཐོའུ་ཧང་གློག་ཀུང་སིའི་ཏུན་ཁྲི50ཅན་གྱི་ལྗང་གློག་ཧ་ཡང་ཐོན་ནུས་བརྗེ་རེས་དང་རིགས་སྒྱུར་རིམ་སྤར་དང་ལག་རྩལ་བསྒྱུར་བཀོད་བྱེད་པ་དང་། མཚོ་སྔོན་ཧུའེ་ཡོན་ཀུང་སིའི་ལྗང་མདོག་གཤིས་ནུས་མཐོ་བའི་ཧ་ཡང་གི་པང་ཐགས་ཤོག་གསུམ་ཏུན་ཁྲི20དང་། མཚོ་སྔོན་ཀོང་ཐའེ་ཀུང་སིའི་བསྐྱར་སྐྱེས་ཧ་ཡང་སོགས་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་གཏང་དགོས། མདོག་ལྡན་ལྕགས་སྦྱང་དང་། རྫས་འགྱུར་བཟོ་ལས། འཛུགས་སྐྲུན་རྒྱུ་ཆ་སོགས་ཀྱི་ཐོན་ལས་ལེགས་སྒྱུར་དང་རིམ་སྤོར་བྱེད་པ་དང་། དམིགས་བསལ་ངར་ལྕགས་དང་། ཐཱན་ཚི་སྣ། ཟངས་ཤོག།  སྐྱི་སྲབ་རྒྱུ་ཆ་ལེགས་གྲས་སོགས་ཀྱི་ཐོན་ལས་གསོ་སྐྱོང་བྱས་ནས་དར་རྒྱས་སུ་གཏང་དགོས་ལ། ལྗང་ཧང་དང་ལྗང་ཟངས། ལྗང་སྭེལ། ལྗང་ཆིང་སོགས་ཟོང་རྟགས་གསོ་སྐྱོང་དང་རྒྱ་བསྐྱེད་དགོས། རླུང་གློག་སྒྲིག་ཆས་ཀྱི་ཐོན་ལས་གཅིག་ཏུ་འདུ་བར་སྐུལ་འདེད་གཏང་དགོས། བཟོ་བཀོད་དུ་ཕྲ་བཏབ་པ་ལྟ་བུའི་ཚོན་ལྡན་འོད་ཝོལ་ལྷུ་ལག་འཕེལ་རྒྱས་སུ་གཏོང་བ་དང་། ཁོལ་འཁྱུར་འོད་ཝོལ་ལྷུ་ལག་དང་རླུང་གློག་འདབ་ལྷེ་སོགས་ཕྱིར་བསྡུ་དང་བསྐྱར་སྤྱོད་བྱེད་པའི་མ་ལག་འཛུགས་སྐྱོང་བྱས་ཏེ། རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་བཙན་ས་རུ་སྐྱེ་ཁམས་དང་དཔལ་འབྱོར་གྱི་གསོན་ཤུགས་ཉིས་བརྩེགས་རྒྱས་པར་བྱ་དགོས། 

སྐྱེ་ཁམས་ཡུལ་སྐོར་དེ་རྒྱུ་སྤུས་ཅན་དང་ཟོང་རྟགས་ཅན་དུ་རིམ་སྤོར་བྱེད་པར་སྐུལ་འདེད་གཏང་དགོས། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གྱི་དམིགས་སའི་འཛུགས་སྐྲུན་ཚད་གཞི་དང་ཞབས་ཕྱི་ཚད་ལྡན། གདེང་འཇོག་མ་ལག་བཅས་འཐུས་ཚང་དུ་བཏང་སྟེ། རྒྱལ་སྤྱི་ཅན་གྱི་ཚད་གཞི་ལྡན་པའི་མཛེས་ལྗོངས་ཁུལ་འཛུགས་སྐྲུན་ལས་གྲྭ་དང“རྨང་སྟོབས་གསར་སྒྱུར”གྱི་འགུལ་སྐྱོད་ལག་བསྟར་བྱེད་པ་དང་། སྤུས་ལེགས་ཅན་གྱི་སྣ་འདྲེན་ཁེ་ལས་ནང་འདྲེན་དང་གསོ་སྐྱོང་བྱེད་པ། མཚོ་སྔོན་པོའི་མཐའ་འཁོར་དང་ཚྭ་འདམ་གཤོང་ས། མཚོ་སྔོན་ལྷོ་རྒྱུད་ས་ཁུལ་བཅས་ཀྱི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ལ་ཆུ་ཚད་མཐོ་བའི་སྐུལ་འདེད་གཏང་དགོས་ལ། “དྭངས་གཙང་རྨ་ཆུའི”ཡུལ་སྐོར་རྒྱུད་འཛུགས་སྐྲུན་བྱེད་མགོ་རྩོམ་པ་དང་། མཚོ་ཀན་སྐོར་ལམ་ཇེ་ལེགས་དང་མཚོ་ནུབ་སྐོར་ལམ་ཇེ་སྟོབས། མཚོ་བྱང་སྐོར་ལམ་ཇེ་གྲགས། མཚོ་སྔོན་ལྷོ་རྒྱུད་སྐོར་ལམ་ཇེ་གྲུང་དུ་གཏང་དགོས། ཐཱན་དམའ་ཡུལ་སྐོར་གཞུང་ལམ་ཨང“00”པ་གཏོད་པ་དང་། འགྲིམ་འགྲུལ་དང་ཡུལ་སྐོར་མཉམ་འདྲེས་ཀྱི་སྐྱེ་ཁམས་ལྗོངས་གཟིགས་ལམ་ཆེན“མཚོ་སྔོན་པོའི་ལམ་ཐིག་དང་པོ”དང“ཚྭ་འདམ་གྱི་ལམ་ཐིག་དང་པོ”བསྐྲུན་ཚར་དུ་འཇུག་པ་དང་། མེ་ཏོག་རོལ་མྱོང་དང་ཞིབ་སློབ། སྐྲ་དཀར་སོགས་ཡུལ་སྐོར་ཆེད་གཏོང་མེ་འཁོར་ཇེ་མང་དུ་གཏང་དགོས། གངས་འཁྱགས་ཡུལ་སྐོར་མཐོར་འདེགས་འཆར་གཞི་སྤེལ་ནས། “དབྱར་དུས་མཚོ་སྔོན་དུ་གངས་རིར་འཛེག་པའི”ཉམས་ལེན་ཡུལ་སྐོར་དང་། མདོ་ལ་རིང་མོའི་མེ་ལྷ་གངས་དཀར་ཏེ“མི་ཚེའི་གངས་རི་ཐོག་མ”སོགས་ལྟེ་བའིIPསྐྲུན་པ་དང་། “དབྱང་འཛོམས་ཡུལ་སྐོར”ཞབས་ཕྱིའི་མ་ལག་འཛུགས་སྐྱོང་བྱེད་པ་དང་། ཡུལ་སྐོར་བས་ཁོར་སྲུང་བྱ་སྤྱོད་ཀྱི་སྐར་གྲངས་གསོག་པའི་སྐུལ་སློང་རྐྱེན་སྲོལ་ཁྱབ་གདལ་གཏོང་བ། སྤུས་ཚད་མཐོ་བའི་ཡུལ་སྐོར་ཐོན་རྫས་དང་ཞབས་ཕྱིའི་མཁོ་སྤྲོད་ཇེ་འཛོམས་སུ་གཏོང་བ་བཅས་བྱས་ཏེ། རབ་མཛེས་མཚོ་སྔོན་ནི་རྒྱ་ཆེའི་ཡུལ་སྐོར་པ་ཡོང་ཚེ་ཁ་འབྲལ་མི་འདོད་པ་དང་ཁ་བྲལ་རྗེས་རྨི་ལམ་དུ་ཡང་ཡང་འཁོར་བའི“ཕ་ཡུལ་གཉིས་པར”འགྱུར་དུ་འཇུག་དགོས།

ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ལས་ཐོན་རྫས་ཀྱི་རིན་ཐང་མཆོང་འཕར་ཡོང་བར་སྐུལ་འདེད་གཏང་དགོས། ཁྱད་ལྡན་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགུལ་སྐྱོད་ལག་བསྟར་ཟབ་མོ་བྱས་ཏེ། ཕྲེང་གཙོ་ཁེ་ལས་སྤུས་ལེགས་སུ་སྒྲུབ་པ་དང་། ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ལས་ཐོན་རྫས་ཀྱི་ཐོན་སྐྱེད་མཁོ་སྤྲོད་དང་། ལས་སྣོན་ཞིབ་ཚགས། ཟོང་རྟགས་རིན་ཐང་བཅས“ཕྲེང་གསུམ་མཉམ་སྐྱོང”ལ་སྐུལ་འདེད་གཏང་དགོས། “མཐོ་སྒང་གི་གཅེས་ནོར”ནོར་གནག་གི་ཐུན་མིན་རིན་ཐང་སྔོག་འདོན་དང་མཐོར་འདེགས་འཆར་གཞི་སྤེལ་བ་དང་། ཕན་མཐོའི་གསོ་སྤེལ་དང་ལས་སྣོན་ཞིབ་ཚགས་བྱེད་སའི་རྟེན་གཞི་ཟབ་འཛུགས་བྱེད་པ། ཟུར་སྣོན་རིན་ཐང་མཐོ་བའི་ཐོན་རྫས་ཞིབ་འཇུག་གསར་སྤེལ་བྱེད་པ་ཇེ་མགྱོགས་སུ་གཏོང་བ། ཐོན་ལས་སྦྲེལ་ཕྲེང་ཡོངས་གསར་སྤེལ་དང་རིན་ཐང་སྦྲེལ་ཕྲེང་ཡོངས་མཐོར་འདེགས་ལ་སྐུལ་འདེད་གཏོང་བ་བཅས་བྱ་དགོས། དབྱར་རྩྭ་དགུན་འབུའི་ཐོན་ལས་སྐྱོན་བྲལ་ངང་འཕེལ་རྒྱས་སུ་འགྲོ་བར་ཁྲིད་སྟོན་བྱས་ཏེ། རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་བར་སྐུལ་འདེད་གཏང་དགོས། བོད་ལུག་ཐོན་ལས་མཉམ་འདུས་ལ་ཤུགས་རྒྱག་པ་དང་། སྐྱེ་ལྡན་འཕང་འབྲས་དང་སྣེའུ་འབྲས་ཚད་ལྡན་གྱིས་འདེབས་འཛུགས་དང་། ཚད་གཞི་དང་མཐུན་པར་ཐོན་སྐྱེད། ཟོང་རྟགས་ཅན་གྱི་ཁྱབ་སྤེལ་བཅས་ལ་སྐུལ་འདེད་གཏོང་བ་དང་། སྟར་བུ་དང་གྲོ་མ་སོགས་ལས་སྣོན་ཞིབ་ཚགས་བྱེད་པའི་ཐོན་ལས་སྦྲེལ་ཕྲེང་གཏོད་དགོས་ལ། གྲང་བསིལ་སྔོ་ཚལ་དང་འཁྱགས་ཉ་ཕྱིར་གཏོང་གི་གཞི་ཁྱོན་བརྟན་པོར་རྒྱ་སྐྱེད་པ་དང་། ཞིང་ཕྱུགས་ལས་ཐོན་རྫས་ཕྱིར་གཏོང་ཚད10%ཡན་འཕར་བར་བྱས་ཏེ། “དག་གཙང་གི་མཚོ་སྔོན། མཐོ་སྒང་གི་རྫས་མཆོག”ཅེས་པའི་གསེར་གྱི་མིང་བྱང་འཛམ་གླིང་དུ་སྔར་ལས་བཀྲག་མདངས་འཚེར་བར་བྱ་དགོས།

རྒྱལ་ཁབ་རིམ་པའི་ལྗང་མདོག་རྩིས་གློག་མཉམ་སྡེབ་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་ཚད་གཞི་མཐོན་པོར་བསྐྲུན་དགོས། ཟི་ལིང་གི་ལྗང་གློག་རིག་རྩིས་མཉམ་འདྲེས་དཔེ་སྟོན་གླིང་དང་། མཚོ་ཤར་ཐཱན་མེད་རྩིས་ནུས་ཐོན་ལས་གླིང་། མཚོ་ལྷོའི་རྩིས་གློག་མཉམ་སྡེབ་འཕེལ་རྒྱས་ཐོན་ལས་གླིང་། ཚྭ་འདམ་གཞོང་ལྗང་མདོག་གློག་དྲ་ཕྲན་གྲས་ཀྱི་རྩིས་ནུས་ལྟེ་གནས་འཛུགས་སྐྲུན་བཅས་ལ་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་བ་དང་། བྱང་བུ་ཁྲི་ཕྲག་རིམ་པའི་རྩིས་ནུས་ལྟེ་གནས་ཀྱི་ལས་གཞི་ཁག་ཅིག་ཧུར་ཐག་གིས་ནང་འདྲེན་བྱེད་པ་དང་། རྩིས་ནུས་སྤྱིའི་གཞི་ཁྱོནPཁྲི4ལས་བརྒལ་བར་བྱས་ཏེ། རྒྱལ་ཡོངས་ཀྱི་གཞི་གཅིག་ཅན་གྱི་རྩིས་ནུས་དྲ་བའི་ཚིགས་གནས་གལ་ཆེན་གཏོད་དགོས། ལྗང་མདོག་རྩིས་གློག་མཉམ་སྡེབ་ཀྱིས་བཀོད་གཏོང་བྱེད་པའི་ལས་སྟེགས་ཇེ་ལེགས་སུ་གཏོང་བ་དང་། རྩིས་ནུས་ཀྱི་ཕྱོགས་བསྡུས་ཞབས་ཕྱིའི་ལས་སྟེགས་འཛུགས་པ། ཁྲག་ཁྲིག་ཆེན་པོ་ཅན་གྱི་འོད་དྲའི་ཚོད་ལྟའི་གནས་ལ་སྐུལ་འདེད་བྱེད་ཤུགས་ཆེ་རུ་གཏོང་བ། གློག་ཤུགས་དང་རྩིས་ནུས་ཀྱི་དྲ་བ་གཉིས་མཉམ་འདྲེས་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱ་དགོས། “གཞི་གྲངས་མཚོ་སྐྱོར”ཟབ་སྤེལ་དང“ནུབ་རྩིས་ཤར་སྤྱོད”འཚོལ་ཞིབ་བྱེད་པ་དང་། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་གྱི་ཞིང་ཆེན་དང་ཀོང་ཞི་སོགས་ས་ཁུལ་ལ་ས་ཁོངས་བརྒལ་བའི་རྩིས་ནུས་མཉམ་ལས་བྱེད་པར་ཤུགས་སྣོན་པ་དང་། མཚོ་སྔོན་ཀན་སུའུ་ཉིན་ཞ་གསུམ་གྱི་ལྗང་མདོག་རྩིས་ནུས་གཞི་གཅིག་ཅན་དུ་མཉམ་སྡེབ་འཕེལ་རྒྱས་གཏོང་བའི་རྐྱེན་སྲོལ་འཛུགས་སྐྱོང་བྱ་དགོས། “མིའི་ཐབས་རིག་ནུས+”དང“གཞི་གྲངས་གཙོ་རྒྱུ×”ཡི་འགུལ་སྐྱོད་ལག་བསྟར་གཏིང་ཟབ་བྱེད་པ་དང་། མཐོ་སྒང་གི་ཁྱད་ལྡན་གཞི་གྲངས་མཁོ་སྤྲོད་དང་། སྤུས་ལེགས་གཞི་གྲངས་འཁོར་རྒྱུག ཁྱད་ལྡན་གཞི་གྲངས་ཉེར་སྤྱོད་རྟེན་གཞི་བཅས་སྐྲུན་པ། མིའི་ཐབས་རིག་ནུས་ཀྱིས་ལས་རིགས་ཁྲི་སྟོང་མང་པོར་ནུས་པ་སྩོལ་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས། རིག་ནུས་དཔལ་འབྱོར་དང་རིག་ནུས་སྤྱི་ཚོགས་ཀྱི་ཕྱོགས་སུ་མགྱོགས་མྱུར་ངང་བསྐྱོད་དགོས། 

ཞབས་ཕྱིའི་ལས་རིགས་སྤུས་ལེགས་དང་ཕན་མཐོའི་ངང་འཕེལ་རྒྱས་སུ་གཏོང་བར་བསྐུལ་དགོས། ཞབས་ཕྱིའི་ལས་རིགས་ཀྱི་ནུས་སྐྱེད་སྤུས་འདེགས་འགུལ་སྐྱོད་ལག་བསྟར་བྱས་ཏེ། ཚན་རྩལ་ཞབས་ཕྱི་དང་མི་ཤུགས་ཐོན་ཁུངས། དེང་རབས་ཟོང་འདྲེན། དངུལ་བསྡུ་བོགས་གཏོང་། རྩིས་གཉེར་བཅའ་ཁྲིམས་བློ་འདྲི། ཐོན་ལས་སྦྲེལ་ཕྲེང་གྲངས་འཛིན་ཅན་སོགས་ཐོན་སྐྱེད་རང་བཞིན་གྱི་ཞབས་ཕྱིའི་ལས་སྒོ་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏོང་བ་དང་། རྒྱལ་ཁབ་ཀྱི་སྤུས་ཚད་རྨང་གཞིའི་སྒྲིག་བཀོད་ཀྱིས་མཐོ་སྒང་དུ་འདུས་གྲུབ་ངང་ཞབས་ཕྱི་སྒྲུབ་པའི་མ་ལག་བརྒྱུད་རིམ་ལྡན་པའི་སྒོ་ནས་འཛུགས་སྐྲུན་བྱེད་པ་དང་། 3Hམཐོ་སྒང་བདེན་དཔང་མ་ལག་འཛུགས་སྐྱོང་བྱ་དགོས་ལ། ཞང་ཀངSTCམཚོ་སྔོན་ཚོད་ལྟ་ཁང་དང་། གནམ་དཔྱད་རྒྱང་ཤེལ་གྱི་གཞི་གྲངས་འཚོལ་བསྡུ་དང་འཁོར་སྲུང་ལས་སྟེགས་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱེད་པ་དང་། ཐོན་སྐྱེད་རང་བཞིན་གྱི་ཞབས་ཕྱིའི་ལས་རིགས་དེ་ཆེད་ལས་ཅན་དང་རིན་ཐང་སྦྲེལ་ཕྲེང་གི་རྩེ་རིམ་དུ་སྲིང་བར་སྐུལ་འདེད་གཏང་དགོས། མཐོ་སྒང་གི་ཁམས་གསོའི་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་འགུལ་སྐྱོད་སྤེལ་ནས། ཞིབ་འཇུག་དང་ཚད་གཞི། ཐོན་རྫས། ཞབས་ཕྱིའི་མ་ལག་བཅས་བརྒྱུད་རིམ་ལྡན་པར་འཛུགས་སྐྱོང་བྱེད་པ་དང་། ཟི་ལིང་དང་མཚོ་ཤར་དུ་མཐོ་སྒང་ཁམས་གསོའི་རྟེན་གཞི་བསྐྲུན་དགོས། སྐར་མ་བཅོ་ལྔའི་དམངས་བདེ་འཚོ་བའི་མུ་ཁྱུད་རྒྱ་སྐྱེད་དང་རིམ་སྤོར་བྱས་ཏེ། སྡེ་ལས་ཞབས་ཕྱི་ཁྱིམ་ཚང་དུ་སྐྱོད་པར་སྐུལ་འདེད་གཏོང་བ་དང་། ཆེད་ལས་ཅན་གྱི་གཙང་སྦྲ་ཞིབ་མོ་དང་ལེགས་སྒྲིག་བསྡུ་གསོག འཚོ་བཅུད་བློ་འདྲི་སོགས་གསར་དར་ཞབས་ཕྱིའི་ཁྱབ་ཁོངས་རྒྱ་བསྐྱེད་པ་དང་། འཚོ་བའི་རང་བཞིན་གྱི་ཞབས་ཕྱིའི་ལས་རིགས་དེ་སྤུས་ཚད་མཐོ་བ་དང་སྣ་མང་ཅན། སྟབས་བདེ་ཅན་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏང་དགོས། 

(བཞི)བཅོས་སྒྱུར་འགག་སྒྲོལ་ལ་དམིགས་པ་གཏད་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་ཆེ་རུ་གཏང་དགོས། 

ཚོང་གཉེར་བྱེད་པོའི་གསོན་ཤུགས་བསླང་དགོས། རྒྱལ་དབང་རྒྱུ་ནོར་དང་རྒྱལ་དབང་ཁེ་ལས་སྔར་བས་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་འགུལ་སྐྱོད་ལག་བསྟར་བྱེད་པ་དང་། ཚོང་གཉེར་རང་བཞིན་གྱི་རྒྱལ་དབང་རྒྱུ་ནོར་ལ་གཅིག་བསྡུས་གཅིག་གྱུར་གྱིས་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་དབང་མ་རྩ་དེ་ཐོན་ལས“གནས་བཞི”དང་གསར་དར་ཐོན་ལས་སུ་གཅིག་སྡུད་བྱེད་པར་སྐུལ་འདེད་གཏང་དགོས། དམངས་གཉེར་དཔལ་འབྱོར་ཡར་སྐུལ་སྲོལ་ཡིག་གཏན་འབེབས་བྱེད་པ་དང་། སྲིད་གཞུང་དང་ཁེ་ལས་རྒྱུན་ལྡན་ཅན་གྱི་འབྲེལ་གཏུག་སྤེལ་རེས་དང་གནད་དོན་ཐག་གཅོད་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། བློ་ཉེ་སྤྱོད་གཙང་གི་སྲིད་ཚོང་འབྲེལ་བ་འཛུགས་སྐྱོང་བྱ་དགོས། ཁེ་ལས་ཀྱི་ཐོ་དངུལ་ཆད་འགྱངས་གཙང་སེལ་བྱེད་ཤུགས་ཆེ་རུ་གཏང་དགོས། ཁེ་ལས་སྐས་རིམ་ལྟར་གསོ་སྐྱོང་བྱེད་པའི་ལས་གྲྭ་ལག་བསྟར་བྱས་ནས་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས80ཡན་གསར་དུ་འཕར་བར་བྱ་དགོས། རིགས་དང་རྣམ་པ་དབྱེ་ནས་སྒེར་གཉེར་བཟོ་ཚོང་པའི་འཕེལ་རྒྱས་ལ་གནད་དུ་ཁེལ་བར་རོགས་སྐྱོར་བྱ་དགོས། གཙོ་རྒྱུ་ཁྲོམ་ར་ཅན་དུ་སྡེབ་སྒྲིག་བྱེད་པའི་བཅོས་སྒྱུར་ཟབ་སྤེལ་བྱས་ནས། བསགས་འབོར་ས་ཞིང་དང་། བེད་མེད་ཁང་ཁོངས། བསགས་འབོར་རྨང་གཞིའི་སྒྲིག་བཀོད་བཅས་ཕན་སྒྱུར་དང་ལེགས་སྤྱོད་བྱེད་པ་དང་། གློག་ཤུགས་ལག་ཡོད་ཁྲོམ་ར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཞིང་ཆེན་ནང་ཁུལ་གྱི་ནུས་ཁུངས་གསར་བའི་དྲ་ཞུགས་གློག་ཚད་ཕྱོགས་ཡོངས་ནས་ཁྲོམ་རར་ཞུགས་པ་དང་དྲ་ཞུགས་གློག་རིན་དེ་ཁྲོམ་རའི་སྒྲིག་སྲོལ་དུ་ཆགས་པར་བྱེད་པ། ཆུ་རླངས་ཚ་གསུམ་འདོན་པ་སོགས་སྤྱི་སྤྱོད་བྱ་གཞག་གི་རིན་གོང་བཅོས་སྒྱུར་ཟབ་སྤེལ་བཅས་བྱ་དགོས། གསར་སྤེལ་ཁུལ་དང་གླིང་ཁུལ་རིགས་མི་འདྲ་བ་སྣ་ཚོགས་ཚད་ལྡན་དང་མཐོར་འདེགས་གཏོང་བ་དང་། རྨ་ཙོང་ཁུལ་གསར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་དགོས། 

དཔལ་འབྱོར་བཅོས་སྐྱོང་གི་ནུས་ཕྱོད་མཐོར་འདེགས་གཏང་དགོས། རྒྱལ་ཁབ་ཀྱི་སྤྱི་ཁོག་སྙོམས་སྒྲིག་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། སྲིད་ཇུས་ཀྱི་གཅིག་མཐུན་རང་བཞིན་གྱི་དཔྱད་དཔོག་ལེགས་པོར་སྒྲུབ་པ་དང་། སྔོན་དཔག་དོ་དམ་གྱི་རྐྱེན་སྲོལ་ཆ་ཚང་བཟོ་དགོས་ལ། སྲིད་ཇུས་འདུས་གྲུབ་ཀྱི་ནུས་སྣང་ཆེ་རུ་སྐྱེད་པ་དང་། ཁྲོམ་རའི་ཡིད་ཆེས་འཕེལ་བར་ཤུགས་བརྒྱག་དགོས། ཐིག་རྨང་སྔོན་རྩིས་བཅོས་སྒྱུར་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། སྔོན་རྩིས་འགྲོ་སྒོའི་ཚད་གཞིའི་མ་ལག་མགྱོགས་མྱུར་སྒོས་འཛུགས་པ་དང་། ཞིང་ཆེན་མན་གྱི་ནོར་སྲིད་སྒྲིག་སྲོལ་བཅོས་སྒྱུར་ཟབ་སྤེལ་བྱས་པའི་འབྲས་བུ་སྲ་བརྟན་དུ་གཏོང་བ། ནོར་སྲིད་འགྲོ་སོང་གི་གྲུབ་ཚུལ་ཇེ་ལེགས་སུ་གཏོང་བ། ནོར་སྲིད་ཀྱི་མ་དངུལ་སྤྱོད་པའི་ཕན་འབྲས་སྔར་བས་ཇེ་ཆེར་གཏོང་བ། གཞི་རིམ་གྱི“འགན་སྲུང་གསུམ”གྱི་ཚད་མཐའ་བརྟན་པོ་ཡོང་བ་བཅས་བྱ་དགོས། གོ་རིམ་ལྡན་པའི་སྒོ་ནས་ས་གནས་ཀྱི་བུ་ལོན་ཉེན་ཁ་ཧུར་ཐག་གིས་སེལ་བར་བྱེད་པ་དང་། གསར་འཕར་མངོན་མེད་བུ་ལོན་གཏན་འགོག་བྱས་ཏེ། ས་གནས་བུ་ལོན་གྱི་གཙོ་གནད་ཞིང་ཆེན་ལས་འབུད་ཐུབ་པ་ཁག་ཐེག་བྱ་དགོས། དངུལ་རྩའི“རྩོམ་ཡིག་ཆེན་པོ་ལྔ”ལེགས་སྒྲུབ་ཏན་ཏིག་བྱས་ཏེ། དངུལ་རྩའི་ལས་ཁུངས་ལ་ཁྲིད་སྟོན་བྱས་ནས་ནང་མཁོ་རྒྱ་བསྐྱེད་དང་། ཚན་རྩལ་གསར་གཏོད། ཁེ་ལས་འབྲིང་ཆུང་ཕྲན་གསུམ་སོགས་གཙོ་གནད་ཁྱབ་ཁོངས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏང་དགོས། “ལོ་ལྔ་ཚན་བཅོ་ལྔ་བའི”ཆེད་དམིགས་འཆར་འགོད་སྤུས་ཚད་མཐོན་པོའི་སྒོ་ནས་སྒྲིག་བཟོ་བྱ་དགོས། 

ཕྱི་ནང་གཉིས་ལ་སྒོ་འབྱེད་པར་མཉམ་སྡེབ་ཀྱིས་སྐུལ་འདེད་གཏང་དགོས། དུས་རབས་གསར་བའི་ནང་ནུབ་རྒྱུད་གསར་སྤེལ་ཆེན་མོར་སྐུལ་འདེད་བཏང་ནས་རྣམ་པ་གསར་བ་ཆགས་པ་དང་། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བ་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་གཏིང་ཟབ་ཏུ་དོན་འཁྱོལ་བྱེད་པ་དང་། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་དང་ཤར་རྒྱུད་ནུབ་རྒྱུད་མཉམ་ལས། ཉེ་མཚེས་ཞིང་ཆེན་གྱི་ཐོན་ལས་བཅས་ལ་གཏད་སྦྲེལ་མཉམ་ལས་བྱེད་པར་ཤུགས་བསྣན་ནས། ཤར་རྒྱུད་དང་དབུས་རྒྱུད་ས་ཁུལ་གྱི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་སྤོ་སྒྱུར་དང་ལེན་ཧུར་ཐག་བྱེད་པ་དང་། ཡར་སྨད་ཆུ་གློག་ལས་གྲྭ་སོགས་རྒྱལ་ཁབ་ཀྱི་ལས་གཞི་གལ་ཆེན་འཛུགས་སྐྲུན་ལ་གཏིང་ཟབ་ཏུ་འདྲེས་པར་བྱེད་པ་དང་། ཞང་ཀང་དང་ཨའོ་མོན་ལ་དཔལ་འབྱོར་ཉོ་ཚོང་དང་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་བཅས་བྱ་དགོས། “རྒྱུད་གཅིག་ལམ་གཅིག”དང་ནུབ་རྒྱུད་ཀྱི་སྐམ་ས་དང་རྒྱ་མཚོའི་བགྲོད་ལམ་གསར་བ་མཉམ་སྐྲུན་བྱེད་པར་ཧུར་ཐག་གིས་ཞུགས་ཏེ། ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་དང་ཨེ་ཤ་ཡ་ཤར་ལྷོའི་རྒྱལ་ཁབ། དབུས་ཤར་རྒྱལ་ཁབ་བཅས་དང་མཉམ་ལས་སྤེལ་རེས་བྱེད་པར་ཤུགས་བསྣན་དགོས། ཕྱི་ཚོང་གཞི་ཁྱོན་དང་བྱེད་པོ་ལྡབ་འཕར་གྱི་ལས་གྲྭ་ལག་བསྟར་བྱེད་པ་དང་། “མཚོ་སྔོན་ལ་མ་དངུལ་གཏོང་འཇོག”གི་འགུལ་སྐྱོད་སྤེལ་ཏེ། སྟོབས་ཤུགས་གཅིག་སྒྲིལ་གྱིས“ཐཱན་མེད་ཕྱོགས་བསྡུས་ཁྲལ་སྲུང་ཁུལ”གྱི་མ་དཔེ་སྐྲུན་པ་དང་། “ཐོན་ལས་རྒྱུད+རྒྱལ་མཚམས་བརྒལ་བའི་གློག་ཚོང”མཉམ་འདྲེས་ཀྱིས་ཟབ་སྤེལ་བྱེད་པར་སྐུལ་འདེད་གཏང་དགོས། ལྗང་མདོག་རྩིས་ནུས་དང་ཀྲུང་བོད་ལུགས་གསོ་སྨན་སོགས་ཞབས་ཕྱི་འདོན་གནས་འཕེལ་རྒྱས་སུ་གཏོང་བ་དང་། གྲངས་འཛིན་ཉོ་ཚོང་གསར་གཏོད་དང་འཕེལ་རྒྱས་སུ་གཏང་དགོས། ཚྭ་མཚོའི་རྫས་བཟོ་དང་། མདོག་ལྡན་ལྕགས་རིགས། རྒྱུ་ཆ་གསར་བ་སོགས་བར་གནས་ཐོན་རྫས་ཀྱི་ཉོ་ཚོང་རྒྱ་སྐྱེད་པ་དང་། ཕྱི་ཕྱོགས་ཉོ་ཚོང་དང་ཕྱི་ཕྱོགས་མ་རྩ། ཕྱི་ཕྱོགས་ལས་དོན་བཅས་མཉམ་འགུལ་བྱེད་པའི་ནུས་སྣང་ཆེར་བསྐྱེད་ནས། ཁྱབ་ཁོངས་མང་པོའི་མཉམ་ལས་ལ་མཉམ་ཁེ་ཡོང་བར་སྐུལ་འདེད་གཏང་དགོས། 

(ལྔ)མཐུན་སྦྱོར་འཕེལ་རྒྱས་ལ་དམིགས་པ་གཏད་ནས། གྲོང་ཁྱེར་གྲོང་གསེབ་མཉམ་འདྲེས་དང་ས་ཁོངས་མཉམ་འགུལ་བྱེད་པར་སྐུལ་འདེད་གཏང་དགོས། 

ས་ཁོངས་བརྒལ་བའི་མཉམ་ལས་དང་མཁར་གྲོང་ཅན་གསར་བར་སྐུལ་འདེད་གཏང་དགོས། ཟི་ལིང་དང་མཚོ་ཤར། མཚོ་ནུབ་བཅས་ཀྱི་གདུང་འདེགས་ནུས་པ་སྔར་ལས་ལེགས་པོར་འདོན་པ་དང་། མཚོ་ལྷོ་དང་མཚོ་བྱང་གི་ས་ཁོངས་འཕེལ་རྒྱས་ཀྱི་ལེགས་ཆ་ཆེ་རུ་གཏོང་བ། མཚོ་སྔོན་ལྷོ་རྒྱུད་ས་ཁུལ་གྱི་ལྗང་མདོག་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ། “གནས་བརྒལ་དཔལ་འབྱོར”གསར་གཏོད་དང་འཕེལ་རྒྱས་སུ་བཏང་ནས། ས་ཁོངས་འཕེལ་རྒྱས་ཀྱི་གཅིག་མཐུན་ཚོགས་པ་འགྲུབ་པར་བྱ་དགོས། ཟི་ལིང་ནས་མཚོ་ཤར་གྲོང་ཁྱེར་མུ་ཁྱུད་གཞི་གཅིག་ཅན་དུ་འགྱུར་བའི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བ་དང་། ཞིང་ལས་སྤོ་སྒྱུར་མི་འབོར་གྲོང་མི་ཅན་དུ་འགྱུར་བར་ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་སྟེ། ཞིང་ཆེན་ནང་ཁུལ་གྱི་མི་འབོར་སྔོན་ལ་གྲོང་ཁྱེར་མུ་ཁྱུད་དུ་འདུས་པར་ཁྲིད་སྟོན་བྱ་དགོས། གྲོང་ཁྱེར་གྱི་ནང་རྒྱས་རྣམ་པའི་འཕེལ་རྒྱས་རྒྱུན་འཁྱོངས་དང་། གྲོང་ཁྱེར་གསར་སྒྱུར་དཔེ་སྟོན་འགུལ་སྐྱོད་ལག་བསྟར་བྱེད་པ། མཁར་གྲོང་གི་གཞིས་ཁུལ་རྙིང་བའི་ཁང་བ་ཁྲི2.7བསྒྱུར་བཀོད་དང་། ཆ་ཚང་སྡེ་ཁུལ་དང་། གྲུ་ཁུག་སྤྱི་གླིང་། “དྲོད་ཁོལ་ལས་གྲྭ”བཅས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། གྲོང་ཁྱེར་གྱི་སྤྱི་པའི་བར་སྟོང་ཆུང་ཕྲན་བསྒྱུར་བཀོད་བྱེད་པ་དང་། སྡོད་ཁང་གི་གློག་སྐས300ཡན་གསར་བར་བརྗེ་བ། གྲོང་ཁྱེར་གྱི་ཆུ་འདོན་ཆུ་འབུད་དང་། འབར་རླངས། དྲོད་འདོན་སོགས་སྦུག་ལམ་སྤྱི་ལེ600བསྒྱུར་བཀོད་བྱ་དགོས། ས་ཁང་བདག་ཁོངས་ཀྱི་ཁྲོམ་ར་བརྟན་འཇགས་ཡོང་བར་ཤུགས་བརྒྱབ་སྟེ། སྡོད་ཁང་སྤྱི་གསོག་མ་དངུལ་གྱི་ལམ་ལུགས་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་། བསགས་འབོར་འཚོང་སྒྱུར་ཁང་བ་ཉོས་ཏེ་འགན་སྲུང་རང་བཞིན་གྱི་སྡོད་ཁང་བྱེད་པ་སོགས་ལ་སྐུལ་འདེད་གཏང་དགོས། ཁང་བའི་སྤུས་ཀ་མཐོར་འདེགས་ལས་གྲྭ་ལག་བསྟར་བྱས་ཏེ། ཚ་གཡོལ་ཁང་བ་དང་ཁམས་གསོ་ཁང་བ་གསར་གཏོད་ངང་འཕེལ་རྒྱས་སུ་གཏོང་བ་དང་། “མཐོ་སྒང་གི་ཁང་བ་བཟང་པོ”འཛུགས་སྐྲུན་བྱེད་པར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏང་དགོས། རང་རང་གི་ཁྱད་ཆོས་ལྡན་པའི་རྫོང་ཁོངས་དཔལ་འབྱོར་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏོང་བ་དང་། གཙོ་ཁྲིད་ཐོན་ལས1ནས2གནད་ཁེལ་གནས་ངེས་དང་ཇེ་ཆེ་ཇེ་སྟོབས་སུ་བཏང་སྟེ། རྫོང་ཁོངས་དཔལ་འབྱོར་གྱི“གཏུབ་ཁ་ཆུང་བར”བརྟེན་ནས་ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི“རྣམ་པ་ཆེན་པོ”ཆགས་པར་སྐུལ་འདེད་གཏང་དགོས། 

སྐྱེ་ཁམས་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་ཁེ་ཇེ་མཐོར་གཏང་དགོས། ལྷོད་གཡེང་སྤུ་ཙམ་མེད་པའི་སྒོ་ནས་འབྲུ་རིགས་ཐོན་སྐྱེད་དམ་འཛིན་བྱེད་པ་དང་། འབྲུ་སྣུམ་ལོ་ཏོག་རྒྱ་ཆེན་པོར་བཏབ་པའི་མུའུ་རེའི་ཐོན་ཚད་ཇེ་མཐོར་གཏོང་བའི་འགུལ་སྐྱོད་ལག་བསྟར་བྱེད་པར་ཤུགས་བསྣན་ཏེ། འབྲུ་རིགས་དང་སྣུམ་རྒྱུ་འདེབས་འཛུགས་རྒྱ་ཁྱོན་བརྟན་ཐོག་འཕར་སྣོན་ཡོང་བར་ཁག་ཐེག་བྱ་དགོས། རྨོ་ཞིང་སྲུང་སྐྱོབ་དང་སྤུས་ཚད་མཐོར་འདེགས་གཏོང་བར་ཤུགས་སྣོན་པ་དང་། རྨོ་ཞིང་དམར་ཐིག་སྲུང་འཛིན་ནན་པོ་བྱེད་པ། ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ལ་སྤུས་ཚད་མཐོན་པོའི་སྒོ་ནས་སྐུལ་འདེད་གཏོང་བ། ཚྭ་བུལ་ས་ཞིང་གི་བཅོས་སྐྱོང་ལས་གྲྭ་ལག་ཏུ་བསྟར་བ་བཅས་བྱ་དགོས། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་སོན་ལས་དར་སྤེལ་འགུལ་སྐྱོད་གཏིང་ཟབ་དུ་སྤེལ་བ་དང་། སྒྲིག་བཀོད་ཞིང་ལས་གསར་སྒྱུར་དང་བསྒྱུར་བཀོད་གཏོང་བར་རྒྱབ་སྐྱོར་བྱེད་པ། རྩྭ་ཐང་གི་ཕྱུགས་ལས་རིགས་སྒྱུར་རིམ་སྤོར་བྱེད་པའི་ཚོད་ལྟའི་གནས་མགྱོགས་པོར་སྐྲུན་པ། ཞིང་ལས་འཕྲུལ་ཆས་ཅན་དང་རིག་གྲངས་ཅན་དུ་བསྒྱུར་བའི་ཆུ་ཚད་ཇེ་མཐོར་གཏོང་བ་བཅས་བྱ་དགོས། ཞིང་ཕྱུགས་ལས་ཀྱི་ཕྱོགས་བསྡུས་གནོད་འགོག་གནོད་སྙུང་གི་ནུས་པ་ཇེ་མཐོར་གཏང་དགོས། རེས་སྐོར་གཉིས་པའི་ས་ཞིང་འགན་གཙང་ལེན་གྱི་དུས་ཐིམ་རྗེས་ད་དུང་ལོ་ངོ་སུམ་ཅུ་ཇེ་རིང་དུ་གཏོང་བའི་ཞིང་ཆེན་ཧྲིལ་བོའི་ཚོད་ལྟའི་གནས་ཕྱོགས་ཡོངས་ནས་སྤེལ་བ་དང་། ཞིང་སྡེའི་ཐུན་མོང་དཔལ་འབྱོར་གསར་བ་བརྟན་བརླིང་ངང་འཕེལ་རྒྱས་སུ་གཏོང་བ། དེང་རབས་སོ་ནམ་གྱི་ཕྱོགས་བསྡུས་ཞབས་ཕྱིའི་ལྟེ་གནས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། ཞིང་དུད་ཆུང་གྲས་དང་དེང་རབས་ཞིང་ལས་འཕེལ་རྒྱས་ཀྱི་འབྲེལ་མཐུད་ལུགས་མཐུན་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱ་དགོས། 

མཐོ་སྒང་གི་གནས་འཚམ་ལས་འཚམ་དང་འཆམ་མཛེས་གྲོང་གསེབ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏང་དགོས། “ཁྲི་སྟོང་ལས་གྲྭའི”ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་གཏིང་ཟབ་བྱས་ཏེ། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་ཏན་ཏིག་གིས་སྐུལ་འདེད་བྱ་དགོས། རྒྱུན་རྣམ་ལྟར་དབུལ་ལོག་དབུལ་འགྱུར་སྔོན་འགོག་བྱེད་པའི་རྐྱེན་སྲོལ་གཅིག་འདོམས་ཀྱིས་འཛུགས་པ་དང་། གུད་ཚབ་ལས་སྤྲོད་བྱེད་པར་ཤུགས་སྣོན་པ་དང་། གནད་ཁེལ་རོགས་སྐྱོར་དང་གསར་སྤེལ་ཅན་གྱི་རོགས་སྐྱོར་བྱེད་ཤུགས་ཇེ་དྲག་ཏུ་གཏང་དགོས། གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་ཁྱུ་ཚོགས་ཅན་དང་ཁྱད་པར་ཅན་དང་ཟོང་རྟགས་ཅན་དུ་འཕེལ་བར་སྐུལ་འདེད་གཏོང་བ་དང་། ཞིང་འབྲེལ་ཞིང་ཁྲིད་ཀྱི་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས། རོང་འབྲོག་མང་ཚོགས་བདེ་སྡོད་ཀྱི་ལས་གྲྭ་ལག་ཏུ་བསྟར་བ་དང་། ཞིང་སྡེ་དང་འབྲོག་ཁུལ་གྱི་ཆུ་འདོན་ལེགས་སྒྱུར་དང་མཐོར་འདེགས་གཏོང་བའི་འགག་སྒྲོལ་འགུལ་སྐྱོད་རྒྱུན་མཐུད་ངང་སྤེལ་བ་དང་། ཡུལ་ཤུལ་གྱི་སྡོམ་པ་དང་། ཀ་གཞུང་། ལྕི་ཆུ་བཅས་ཤང་གསུམ་གྱི་གློག་དྲ་ཆེན་མོའི་མུ་སྲིང་ལས་གྲྭ་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱ་དགོས་ལ། ཞིང་ཆེན་གྱི་གཞུང་ལམ་དཀྱུས་མ་དང་ཞིང་སྡེའི་གཞུང་ལམ་སྤྱི་ལེ5000ཡན་གསར་སྐྲུན་དང་བསྐྱར་སྐྲུན་བྱས་ནས། ཞིང་སྡེ་རུ་གཞུང་ལམ་ཉམས་ཞན་ཕལ་ཆེར་མེད་པར་བཟོས་ཐོག་དམངས་བདེ་ཟམ་པ500བསྐྲུན་དགོས། རོང་འབྲོག་ཁུལ་གྱི་འཚོ་སྡོད་ཁོར་ཡུག་སྒྲིག་བཅོས་དང་མཐོར་འདེགས་གཏོང་བའི་ལོ་ལྔའི་འགུལ་སྐྱོད་རེས་སྐོར་གསར་བ་སྤེལ་མགོ་རྩོམ་པ་དང་། འཚོ་བའི་བཙོག་ཆུ་བཅོས་སྐྱོང་དང་འཚོ་བའི་གད་སྙིགས་གཙང་སེལ་བྱེད་པར་མགྱོགས་མྱུར་གྱིས་སྐུལ་འདེད་གཏོང་བ་དང་། དཔལ་ཡོན་ལྡན་པའི་ཡུལ་སྲོལ་འཛུགས་སྐྲུན་ལས་གྲྭ་ལག་བསྟར་གཏིང་ཟབ་བྱེད་པ། འཆམ་མཛེས་གྲོང་གསེབ150བསྐྲུན་པ་བཅས་བྱས་ནས། རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་འཚོ་བ་སྔར་ལས་སྐྱིད་པ། གྲོང་གསེབ་ལ་སྔར་ལས་སྐྱེ་སྟོབས་འབར་བ་བཅས་བྱ་དགོས། 

(དྲུག)དམངས་སེམས་འཁྲེང་སར་དམིགས་པ་གཏད་ནས། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་ཤུགས་ཆེ་རུ་གཏང་དགོས། 

སྤུས་ཚད་མཐོན་པོའི་སྒོ་ནས་ལས་ཞུགས་གང་ལེགས་ཡོང་བར་སྐུལ་འདེད་གཏང་དགོས། ལས་ཞུགས་སྔོན་འཇོག་གི་སྲིད་ཇུས་ཀྱི་ཁྲིད་སྟོན་ནུས་པ་ཇེ་དྲག་ཏུ་བཏང་སྟེ།  ཐོན་ལས་དང་ལས་ཞུགས་མཐུན་སྦྱོར་ལ་ཤུགས་སྣོན་པ། ལས་བརྟན་ཤོང་སྐྱེད་སྤུས་འདེགས་འགུལ་སྐྱོད་ལག་བསྟར་བྱེད་པ། ལས་ཞུགས་རྒྱབ་སྐྱོར་དང་སྤྱི་པའི་ཞབས་ཕྱིའི་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དང་། གླ་རྒྱག་ཞིང་པ། ཁོལ་འཁྱུར་དམག་མི་སོགས་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་བརྟན་འཇགས་ལ་ཤུགས་བརྒྱག་དགོས། “རྩལ་ནུས་ཀྱིས་མདུན་ལམ་གསལ་སྟོན་བྱེད་པའི”གསོ་སྦྱོང་འགུལ་སྐྱོད་ལག་བསྟར་བྱས་ཏེ། ལོ་ཧྲིལ་བོར་ལས་རིགས་རྩལ་ནུས་གསོ་སྦྱོང་མི་ཐེངས་ཁྲི10ཡན་སྤེལ་བ་དང་། རྩ་འཛུགས་ཡོད་པ་དང་གཞི་ཁྱོན་ལྡན་པའི་སྒོ་ནས་མི་ཐེངས་ཁྲི25ཡན་ཡུལ་གཞན་དུ་ལས་ཞུགས་ཐུབ་པ་བརྩོན་ལེན་བྱ་དགོས། ཁྱད་ལྡན་ངལ་ལས་ཟོང་རྟགས་ཀྱི་ལེགས་སྐྱོང་ནུས་སྩོལ་ལས་གྲྭ་ལག་བསྟར་བྱས་ཏེ། ཡུལ་སྐོར་པར་ལེན་མངག་བཟོ་པ་དང་ཡུན་རིང་ལྟ་སྐྱོང་པ་སོགས་ལས་རིགས་གསར་བ་དང་ལས་གནས་གསར་བ་ཧུར་ཐག་གིས་གསོ་སྐྱོང་བྱ་དགོས། ལས་ཞུགས་ཚོགས་སྤྱིའི་མཛའ་མཐུན་རྣམ་པ་གསར་བའི་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། གྲོང་ཁྱེར་ཁྲོམ་གཞུང་དུ་རྒྱུག་བཞིན་པའི“མྱུར་སྐྱེལ་པ”སོགས་ཚོགས་སྤྱིར་ངེས་པ་དོན་གྱིས་དྲོད་ཁོལ་དང་གཏོགས་སེམས་ཚོར་དུ་འཇུག་དགོས། 

སློབ་གསོའི་སྤྱི་པའི་ཞབས་ཕྱིའི་སྤུས་ཚད་དང་ཆུ་ཚད་མཐོར་འདེགས་གཏང་དགོས། དུས་རབས་གསར་བའི་དཔེ་འཛུགས་མི་སྐྱོང་ལས་གྲྭ་ལག་བསྟར་བྱས་ཏེ།  བསམ་བློ་ཆབ་སྲིད་ཀྱི་སློབ་གསོའི“སློབ་ཐུན་ཆུང་བ”དང་སྤྱི་ཚོགས་ཀྱི“སློབ་ཐུན་ཆེ་བ”མགྱོགས་མྱུར་གྱིས་མཉམ་འདྲེས་ནུས་ལྡན་ཡོང་བ་བྱ་དགོས། སློབ་གསོའི་ཐོན་ཁུངས་བཀོད་པའི་གྲུབ་ཚུལ་ལེགས་སྒྲིག་བྱེད་པར་སྐུལ་འདེད་གཏོང་བ་དང་། རྨང་གཞི་སློབ་གསོའི་སྤུས་འདེགས་ལེགས་སྐྱེད་འགུལ་སྐྱོད་སྤེལ་ནས།  དམའ་འབྲིང་དང་མཐོ་འབྲིང་གི་སློབ་གནས་ཁྲི1.4ཡན་རྒྱ་བསྐྱེད་དགོས། མགོ་ལོག་མཚོ་ཤར་སློབ་འབྲིང་བསྐྲུན་ནས་སློབ་མ་སྡུད་པར་སྐུལ་འདེད་གཏོང་བ་དང་། མཚོ་འཕགས་མཐོ་བའི་ས་ཁུལ་གྱིས་ཡུལ་གཞན་དུ་སློབ་གྲྭ་དང་འཛིན་གྲྭ་གཉེར་བའི་གཞི་ཁྱོན་དང་སྤུས་ཚད་རིམ་བཞིན་ཇེ་མཐོར་གཏང་དགོས། “རྩེ་གྲ་གཉིས”ཀྱི་སློབ་ཆེན་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཏེ། མཐོ་རིམ་སློབ་གསོའི་དངོས་གཞིའི་ཚན་ཁག་གི་ཆེད་ལས་འཛུགས་སྐྲུན་དང་མིའི་ཐབས་རིག་ནུས་ཀྱི་ནུས་པ་འདོན་སྤྲོད་སོགས་ཀྱི་འགུལ་སྐྱོད་ལག་བསྟར་བྱེད་པ་དང་། སྤུས་ལེགས་དངོས་གཞིའི་ཚན་ཁག་དང་ཞིབ་འཇུག་སློབ་མ་བསྡུ་བའི་གཞི་ཁྱོན་རྒྱ་སྐྱེད་དེ། མཐོ་རིམ་སློབ་གསོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་གཏང་དགོས། ལས་རིགས་སློབ་གསོའི་འབྲེལ་མཐུད་གསོ་སྐྱོང་ལ་ཤུགས་སྣོན་པ་དང་།  དམིགས་བསལ་སློབ་གསོ་དང་ཆེད་དམིགས་སློབ་གསོ་ལེགས་པོར་བསྒྲུབ་དགོས། དགེ་རྒན་གྱི་ཀུན་སྤྱོད་དང་གོམས་སྲོལ་འཛུགས་སྐྲུན་ལ་ཤུགས་བསྣན་དགོས། སློབ་གྲྭ་དང་ཁྱིམ་ཚང་དང་སྤྱི་ཚོགས་གསུམ་གྱིས་མཉམ་སྡེབ་ངང་མི་གསོ་སྐྱོང་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས། དུས་རབས་གསར་བའི་སློབ་གསོའི་གདེང་འཇོག་བཅོས་སྒྱུར་ཟབ་སྤེལ་བྱས་ཏེ། “སྙུང་གཉིས”དང་མཐོ་རྒྱུགས་ཀྱི་ཕྱོགས་བསྡུས་བཅོས་སྒྱུར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། བྱིས་པ་དང་གཞོན་ནུ་ལོ་ཆུང་གི“བདེ་ཐང་ལྔ”ཡར་སྐུལ་འགུལ་སྐྱོད་འཆར་གཞི་ལག་བསྟར་བྱས་ཏེ། སློབ་མ་རེ་རེའི་སེམས་སུ་ཕུགས་འདུན་ཡོད་པ་དང་། མིག་ཏུ་འོད་སྣང་ཡོད་པ། རྐང་ལ་ཤེད་ཤུགས་ཡོད་པ་བཅས་བྱ་དགོས། 

བདེ་ཐང་མཚོ་སྔོན་འཛུགས་སྐྲུན་ཟབ་སྤེལ་བྱ་དགོས། ལུས་པོའི་ལྗིད་ཚད་དོ་དམ་དང་གཅོང་ནད་ཕྱོགས་བསྡུས་འགོག་སྡོམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འགོག་བཅོས་བདེ་སྡོམ་བཞིའི་སྦྲེལ་ཕྲེང་ཧྲིལ་བོའི་ཞབས་ཕྱི་འཕེལ་རྒྱས་སུ་གཏོང་བ་དང་། རེས་སྐོར་གསར་བའི་ཐུམ་འབུའི་ནད་འགོག་བཅོས་ཀྱི་འགག་སྒྲོལ་འགུལ་སྐྱོད་སྤེལ་དགོས། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གྱི་ཕན་འབྲས་ཇེ་མཐོར་གཏང་དགོས། གཞུང་བཙུགས་སྨན་ཁང་གི་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ས་ཁོངས་སྨན་བཅོས་ལྟེ་གནས་བེད་སྤྱོད་ལེགས་པོ་བྱ་དགོས། རྒྱལ་ཁབ་རིམ་པའི་ཀྲུང་ལུགས་གསོ་རིག་གི་ས་ཁོངས་སྨན་བཅོས་ལྟེ་གནས་ཀྱིས་ལས་གཉེར་བྱེད་མགོ་རྩོམ་པ་དང་། མཐོ་སྒང་གི་གསོ་རིག་ཞིབ་འཇུག་ལྟེ་གནས་ཀྱི་ལས་སྐབས་གཉིས་པ་བསྐྲུན་དགོས། འབྱུང་རྩའི་ཕྲ་ཕུང་དང་བསྐྱར་སྐྱེས་གསོ་རིག་ཚོད་ལྟ་ཁང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། ཀྲུང་བོད་ལུགས་གསོ་སྨན་གྱི་ཁྱད་ལྡན་ཆེད་ལས་ཚན་ཁག་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་དགོས། གྲོང་ཁྱེར་དང་ཁུལ་རིམ་པའི་སྨན་ཁང་གིས་རིམ་གསུམ་ཀ་པའི་སྨན་ཁང་འཛུགས་པར་ཧུར་ཐག་གིས་སྐུལ་འདེད་གཏོང་བ་དང་། སྨན་བཅོས་འཕྲོད་བསྟེན་གྱི་རྨང་གཞི་སྟོབས་ཆེར་གཏོང་བའི་ལས་གྲྭ་ལག་བསྟར་ཡག་པོ་བྱ་དགོས་ལ། གཞི་རིམ་གྱི་རིམ་དབྱེ་བརྟག་བཅོས་མ་ལག་མགྱོགས་མྱུར་ངང་བཙུགས་ཏེ། ཞབས་ཕྱི་ནུས་པའི་ཚད་གཞིར་སླེབས་པའི་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་སྨན་ཁང་དང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཕྱི་ལྟེ་གནས་ཀྱི་བསྡུར་ཚད90%ཡན་དུ་ཇེ་མཐོར་གཏང་དགོས། མི་རེའི་ཆ་སྙོམས་ཀྱི་སྔོན་དཔག་ཚེ་ཚད་སྲིང་བའི་ཆེད་དམིགས་འགུལ་སྐྱོད་སྤེལ་ནས། སྦྲུམ་མ་དང་ཕྲུ་གུ་དང་ལོ5མན་གྱི་བྱིས་པ་ཤི་ཚད་ཚོད་འཛིན་བྱ་དགོས། གཅིག་བསྡུས་ཉོ་སྒྲུབ་ཀྱི་སྨན་རྫས་གཞི་རིམ་གྱི་སྨན་བཅོས་ལས་ཁུངས་དང་སྨན་ཁང་དུ་སླེབས་པར་སྐུལ་འདེད་གཏོང་བ་དང་། སྨན་བཅོས་འགན་བཅོལ་གྱི་གྲོན་དངུལ་སྤྲོད་སྟངས་བཅོས་སྒྱུར་དང་སྨན་རྫས་རིན་གོང་བཅོས་སྐྱོང་ཟབ་སྤེལ་བྱེད་པ་དང་། ལས་བཟོ་པའི་སྨན་བཅོས་འགན་བཅོལ་ཞིང་ཆེན་རིམ་པས་གཅིག་འདོམས་བྱེད་པར་གོམ་ཁ་བརྟན་པོར་སྐུལ་འདེད་གཏང་དགོས། མིའི་ཐབས་རིག་ནུས་དང་རྒྱང་བརྟེན་སྨན་བཅོས་ཀྱི་ཉེར་སྤྱོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྐོར་སྐྱོད་སྨན་བཅོས་དང་སྤོ་སྒུལ་སྨན་བཅོས་སྤེལ་ནས་སྤུས་ལེགས་སྨན་བཅོས་ཐོན་ཁུངས་མང་ཚོགས་ཀྱི་སྒོ་ཁར་སྐྱེལ་ཐུབ་པ་བྱ་དགོས། 

སྤྱི་ཚོགས་འགན་སྲུང་གི་ཆུ་ཚད་ཇེ་མཐོར་གཏང་དགོས། སྤུས་ཚད་མཐོ་བའི་འགན་ཞུགས་འགུལ་སྐྱོད་གཏིང་ཟབ་ཏུ་ལག་བསྟར་བྱེད་པ་དང་། སྟབས་བསྟུན་ལས་ཞུགས་མི་སྣ་དང་ལས་ཞུགས་རྣམ་པ་གསར་བའི་མི་སྣ་ལས་བཟོ་པའི་འགན་བཅོལ་ནང་ཞུགས་པར་སྐུལ་ལྕག་དང་རྒྱབ་སྐྱོར་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོ་འགན་བཅོལ་གསོལ་ཐོབ་གཏན་ཁེལ་དང་ལེགས་སྒྲིག་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས། དགེ་མཚན་ལྡན་པའི་གཉེན་སྒྲིག་དང་བུ་བཙའི་ལྟ་བ་དར་སྤེལ་གཏོང་བ་དང་། བུ་བཙའི་འགན་བཅོལ་དང་བུ་བཙའི་གུང་གསེང་། སྐྱེས་སྐྱོན་འགོག་བཅོས་སོགས་ཀྱི་སྲིད་ཇུས་དོན་འཁྱོལ་བྱས་ཏེ། ཕྲུ་གུ་སྐྱེས་ན་ཕལ་ཆེར་དངུལ་གཏོང་མི་དགོས་པ་མངོན་འགྱུར་ཐུབ་པར་འབད་ནས། བཅོལ་གསོ་གཞི་གཅིག་ཅན་གྱི་ཞབས་ཕྱི་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏོང་བ་དང་། བཅོལ་སྐྱོང་ཕྱོགས་བསྡུས་ཞབས་ཕྱིའི་ལྟེ་གནས་དང་སྡེ་ཁུལ་གྱི་ཀུན་ཕན་བཅོལ་སྐྱོང་ཞབས་ཕྱིའི་སྒྲིག་བཀོད་སོགས་མང་ཚོགས་ཀྱི་སྒོ་ཁའི་བཅོལ་སྐྱོང་ལས་ཁུངས་ཡག་པོ་བསྐྲུན་ཏེ། ཕྲུ་གུ་གཉོར་བའི་ཁྱིམ་ཚང་གི་ཁུར་པོ་ཇེ་ཡང་དུ་གཏང་དགོས། ཁམས་གསོ་བདག་སྐྱོང་གི་ཤོང་སྐྱེད་མཐོར་འདེགས་ལས་གྲྭ་ལག་བསྟར་བྱེད་པ་དང་། ཡུན་རིང་བདག་སྐྱོང་གི་འགན་བཅོལ་ལམ་ལུགས་ཁྱབ་སྤེལ་བྱ་དགོས་ལ། ཞིང་སྡེའི་རྒན་གསོ་ཞབས་ཕྱིའི་སྒྲིག་བཀོད100སྐྲུན་པར་རྒྱབ་སྐྱོར་བྱེད་པ་དང་། གྲོང་ཁྱེར་དང་གཞིས་ཁུལ་གྱི་རྒན་པར་ཟས་རིགས་འདོན་སྤྲོད་བྱེད་པའི་ཞབས་ཕྱི་ཡོངས་ལ་ཁྱབ་ཐུབ་པ་བྱ་དགོས། ཁྲིམས་བཀོད་ཀྱི་ལས་འཁྱུར་ངལ་གསོའི་ལོ་ཚོད་རིམ་གྱིས་ཕྱིར་འགྱངས་བྱེད་པའི་བཅོས་སྒྱུར་བརྟན་འཇགས་ངང་ལག་བསྟར་བྱ་དགོས། པུར་འཇུག་ཞབས་ཕྱིའི་དོ་དམ་ལེགས་བཅོས་བྱ་དགོས། སྤྱི་ཚོགས་རོགས་སྐྱོབ་ལ་འགུལ་རྣམ་ལྟར་བརྟག་འཇལ་དང་གནད་ཁེལ་སྐྱོབ་རོགས་བྱེད་པར་ཤུགས་སྣོན་པ་དང་། ཁྱིམ་སྟོང་རྒན་རྒོན་དང་དཀའ་ངལ་ཡོད་པའི་བྱིས་པ། དབང་བོ་སྐྱོན་ཅན་སོགས་ཚོགས་སྤྱིའི་ཞབས་ཕྱི་འགན་སྲུང་མ་ལག་འཐུས་ཚང་དུ་གཏང་དགོས་ལ། བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་པ་དང་། དམག་མིའི་ཁྱིམ་མི་དང་ཁོལ་འཁྱུར་དམག་མི། གཟིགས་སྐྱོང་བྱ་ཡུལ་གཞན་དག་གི་ཞབས་ཕྱིའི་འགན་སྲུང་ལ་ཤུགས་བསྣན་དགོས། 

ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འཛུགས་སྐྲུན་ལ་སྐུལ་འདེད་གཏང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བའི་སྣེ་ཁྲིད་ནུས་པ་དང་གསར་བཟོ་ནུས་པ་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྱོང་བྱ་དགོས་ལ། རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་དང་བེད་སྤྱོད་ཡག་པོ་བྱེད་པ་དང་། ཁུ་ནུ་རིག་གནས་ཞིབ་འཇུག་དྲིལ་སྒྲོག་ཟབ་སྤེལ་བྱེད་ཅིང་། སྒར་ཐང་གི་ཆིན་རྒྱལ་རབས་ཀྱི་རྡོ་བརྐོས་སོགས་རིག་གནས་ཤུལ་བཞག་ལ་ཕྱོགས་ཡོངས་རང་བཞིན་དང་མ་ལག་རང་བཞིན་གྱིས་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་པ་དང་། རྨ་ཆུའི་མགོ་ཁུངས་སུ་གནའ་རྫས་རྟོག་ཞིབ་བྱ་དགོས། སྤྱི་པའི་རིག་གནས་ཞབས་ཕྱིའི་སྤུས་འདེགས་ནུས་སྐྱེད་འགུལ་སྐྱོད་ལག་བསྟར་བྱས་ནས། གསར་འགྱུར་པར་སྐྲུན་དང་། རླུང་འཕྲིན་གློག་བརྙན་བརྙན་འཕྲིན། རྩོམ་རིག་སྒྱུ་རྩལ་སོགས་ཁྱབ་ཁོངས་ཀྱི་བརྩམས་ཆོས་སྤུས་ལེགས་གསར་རྩོམ་བྱེད་པར་སྐུལ་འདེད་གཏོང་བ་དང་། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་དར་རྒྱས་གོང་འཕེལ་དུ་གཏོང་བ། ཚན་ཧྲི་དང་རྩོམ་རིག་ལོ་རྒྱུས། ཡིག་ཚགས་དང་ས་གནས་ལོ་རྒྱུས་སོགས་ཀྱི་བྱ་བ་ལེགས་པོར་བསྒྲུབ་པ་བཅས་བྱ་དགོས། རིག་གནས་ཐོན་ལས་མ་ལག་དང་ཁྲོམ་རའི་མ་ལག་ཆ་ཚང་བཟོ་བ་དང་། ལས་རྣམ་སྣ་མང་གི་རིག་གནས་བར་སྟོང་གསར་བ་གཏོད་དགོས། འགྲན་སྡུར་ཟོང་རྟགས་ཅན་དང་མང་ཚོགས་ལུས་རྩལ། མི་རིགས་སྲོལ་རྒྱུན་ལུས་རྩལ། རྩལ་འགྲན་ལུས་རྩལ་བཅས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་བ་དང་། སློབ་གླིང་རྐང་གྲུག་དང་ན་གཞོན་སྦྱོང་བརྡར་མ་ལག་བརྒྱུད་རིམ་ལྡན་པའི་སྒོ་ནས་འཛུགས་སྐྲུན་བྱེད་པ་དང་། ཞིང་ཆེན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་དགུ་བ་ལེགས་པོར་བསྒྲུབ་དགོས། མི་རིགས་ཀྱི་ལག་ཤེས་བཟོ་ལས་ཟོང་རྟགས་གསོ་སྐྱོང་དང་། མི་རིགས་ཚོང་དོན་དང་མི་རིགས་ཚོང་རྫས་ཀྱི་ཐོན་ལས་མཐོར་འདེགས་འགུལ་སྐྱོད། གཞིས་ཁུལ་གྱི“སེ་འབྲུ་ཁྱིམ་གཞིས”རིམ་སྤར་ལས་གྲྭ་བཅས་ལག་བསྟར་བྱེད་པ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་ཡིག་རིགས་ཁྱབ་གདལ་གཏང་དགོས་ལ། ཆོས་ལུགས་ལས་དོན་བཅོས་སྐྱོང་གི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པའི་དཔེ་སྟོན་ཞིང་ཆེན་ཚད་གཞི་མཐོན་པོར་འཛུགས་སྐྲུན་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་སྔར་བས་མཛེས་སྡུག་ལྡན་པར་བྱ་དགོས། 

སྤྱི་ཚོགས་ཀྱི་བདེ་འཇགས་དང་བརྟན་འཇགས་ལ་སྲུང་སྐྱོང་བྱ་དགོས། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ལ་ཤུགས་ཆེན་པོས་རྒྱབ་སྐྱོར་བྱེད་པ་དང་། རྒྱལ་སྲུང་སྐུལ་སློང་མ་ལག་དང་རྗེས་གྲབས་སྟོབས་ཤུགས་འཛུགས་སྐྲུན། དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོ་བཅས་ཟབ་སྤེལ་བྱ་དགོས་ལ། མི་དམངས་མཁའ་ཟོན་གྱི་ལས་གྲྭ་འཛུགས་སྐྲུན་ལ་གཏིང་ཟབ་ཏུ་སྐུལ་འདེད་གཏོང་བ་དང་། གཉིས་བཀུར་བྱ་བའི་ཆུ་ཚད་ཇེ་མཐོར་གཏོང་བར་ཤུགས་བརྒྱག་དགོས། རེས་སྐོར་གསར་བའི་གཏེར་འཚོལ་ཐོད་བརྒལ་གྱི་འཐབ་ཇུས་འགུལ་སྐྱོད་ལ་སྐུལ་འདེད་གཏོང་བ་དང་། ནུས་ཁུངས་ཀྱི་ཐོན་སྐྱེད་དང་མཁོ་སྤྲོད། གྲབས་གསོག ཕྱིར་འཚོང་བཅས་ཀྱི་མ་ལག་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། སྣུམ་རླངས་གསོག་འཕར་ཐོན་འཕེལ་ཡོང་བར་སྐུལ་འདེད་གཏང་དགོས། ཉེན་མེད་ཐོན་སྐྱེད་ལ་རྩ་བཅོས་འགག་སྒྲོལ་བྱེད་པའི་ལོ་གསུམ་འགུལ་སྐྱོད་ཀྱི་ལས་འགན་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱས་ཏེ། དོན་རྐྱེན་ཚབས་ཆེན་དང་ཧ་ཅང་ཚབས་ཆེན་ཅན་འབྱུང་བར་མཐའ་གཅིག་ཏུ་སྔོན་ཟོན་དང་གཏན་འགོག་བྱ་དགོས། གནམ་གཤིས་དང་ཆུ་དཔྱད། ས་གཤིས་བཅས་ཀྱི་གནོད་འཚེ་བརྟག་འཇལ་དང་སྔོན་བརྡ་ཉེན་ཟོན་མ་ལག་དང་ས་ཡོམ་འགོག་སྲུང་མ་ལག་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ་དང་། ནམ་ཟླའི་འགྱུར་ལྡོག་དང་ཐལ་དྲགས་གནམ་གཤིས། རང་བྱུང་གནོད་འཚེ་བཅས་ལ་ཁ་གཏད་འཇལ་བའི་ནུས་པ་ཆེ་རུ་གཏང་དགོས། མཚོ་སྔོན་པོའི་ཆུ་གནས་རྒྱས་ནས་བསྣུབས་པའི་ས་ཁུལ་གྱི་རོང་འབྲོག་མང་ཚོགས་གནས་སྤོ་བདེ་འགོད་བྱས་ཚར་དགོས་པ་དང་། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་གྱི་ས་གཤིས་གནོད་འཚེའི་ཉེན་གཡོལ་གནས་སྤོ་ལས་གྲྭའི་ལས་སྐབས་གཉིས་པར་སྐུལ་འདེད་གཏོང་བ་དང་། མཁར་གྲོང་གི་ལུགས་པང་ཁང་བ་བཅོས་སྐྱོང་དང་བསྒྱུར་བཀོད་བྱེད་པའི་འགུལ་སྐྱོད་དང་ཁང་བའི་ཡོམ་ཟོམ་བརྟན་སྐྱོར་ལས་གྲྭ་གོ་རིམ་ལྡན་པའི་སྒོ་ནས་ལག་བསྟར་བྱ་དགོས། འཛུགས་སྐྲུན་ལས་གྲྭའི་མེ་གསོད་ཇུས་འགོད་ལ་ཞིབ་བཤེར་བྱེད་པའི་ཆེད་དམིགས་སྒྲིག་བཅོས་ལ་ཏན་ཏིག་གིས་སྐུལ་འདེད་གཏོང་བ་དང་། རིམ་མཐོ་བཟོ་བཀོད་ཀྱི་མེ་སྐྱོན་འགོག་ཟོན་དང་རོགས་སྐྱོབ་ནུས་པ་ཇེ་མཐོར་གཏང་དགོས། ཟས་རིགས་དང་སྨན་རྫས་ཀྱི་སྦྲེལ་ཕྲེང་ཡོངས་ཀྱི་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་བསྣན་དགོས། དུས་རབས་གསར་བའི“ཧྥེང་ཆའོ་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བ་དང་། གཞི་རིམ་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏང་དགོས། སྤྱི་ཚོགས་ཀྱི་སེམས་ཁམས་ཞབས་ཕྱིའི་མ་ལག་དང་ཉམས་ཉེན་ལ་ཐེ་གཏོགས་བྱེད་པའི་རྐྱེན་སྲོལ་ཆ་ཚང་བཟོ་དགོས། “དགུ་ལྔའི”ཁྲིམས་ལུགས་ཁྱབ་གདལ་ལག་བསྟར་བྱེད་པ་དང་། ཡིག་སྐུར་ངོ་བཅར་གྱི་བྱ་བ་ཁྲིམས་སྐྱོང་ཅན་དུ་འགྱུར་བར་སྐུལ་འདེད་ཟབ་མོ་གཏང་དགོས། སྤྱི་པའི་བཅའ་ཁྲིམས་ཞབས་ཕྱི་ཚད་ལྡན་དང་མཐོར་འདེགས་གཏོང་བའི་ལོ་གསུམ་འགུལ་སྐྱོད་སྤེལ་དགོས། སྤྱི་ཚོགས་བདེ་སྐྱོང་གི་སྤྱི་ཁོག་འགོག་སྡོམ་མ་ལག་དང་ནུས་པ་འཛུགས་སྐྲུན་ཟབ་སྤེལ་བྱེད་པ་དང་། གློག་འཕྲིན་དྲ་རྒྱའི་གཡོ་བསླུ་སོགས་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་སྣ་ཚོགས་ལ་མཐའ་གཅིག་ཏུ་འགོག་ཟོན་དང་རྡུང་རྡེག་བྱ་དགོས། མང་ཚོགས་ཆིག་སྒྲིལ་བྱེད་པ་དང་མང་ཚོགས་ལ་ཞབས་ཕྱི་སྒྲུབ་པའི་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། མང་ཚོགས་ཚོགས་པ་དང་། སྤྱི་ཚོགས་རྩ་འཛུགས། དང་བླངས་ཞབས་ཕྱི་བཅས་ཀྱི་ནུས་པ་སྔར་ལས་འདོན་སྤེལ་ལེགས་པོ་བྱས་ཏེ། བདེ་ཞིང་སྐྱིད་པའི་ཁྱིམ་གཞིས་མཉམ་སྐྲུན་མཉམ་སྐྱོང་མཉམ་སྤྱོད་བྱ་དགོས། 

ད་ལོར། ང་ཚོས་མི་དམངས་སྲིད་གཞུང་གིས་མི་དམངས་ཀྱི་ཆེད་དུ་བྱ་བ་སྒྲུབ་པ་རྒྱུན་འཁྱོངས་བྱས་ཏེ། 2026ལོའི་དམངས་འཚོ་དོན་དངོས་ལས་གྲྭ་རིགས་ཆེན་པོ་བཅུའི་དོན་ཚན46ངེས་པ་དོན་གྱིས་དམ་འཛིན་བྱས་ཏེ། སྲིད་གཞུང་གིས་ཁས་བླངས་པ་དག་མི་དམངས་མང་ཚོགས་ཀྱིས་ཚོར་ཐུབ་པ་དང་མྱོང་ཐུབ་པའི་འགྱུར་ལྡོག་ཏུ་བསྒྱུར་དགོས། 

འཐུས་མི་རྣམ་པ། “ལོ་ལྔ་ཚན་བཅོ་ལྔ་བར”མགོ་ལེགས་པོ་རྩོམ་པ་ཁག་ཐེག་བྱ་རྒྱུ་ནི། སྲིད་གཞུང་གི་འགན་སྒྲུབ་ནུས་པའི་ཉམས་སད་ཆེན་པོ་ཞིག་ཡིན། ང་ཚོས་རྒྱུན་འཁྱོངས་ལྷོད་མེད་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བློ་སྒྲིལ་སེམས་སྐྱེད་བྱས་ཏེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། “འདུ་ཤེས་བཞི”ཇེ་ཟབ་དང་། “རང་རྟོན་བཞི”ཇེ་བརྟན། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ཐོག། ཡིད་ཆེས་བརྟན་པོ་དང་དངོས་གཉེར། ཁུར་ཕོད། རང་གཅུན་བཅས་ཀྱི་བླང་བྱ་གལ་ཆེན་ལག་བསྟར་ནན་མོ་བྱས་ཤིང་། ཐོག་མཐའ་བར་གསུམ་དུ་བཀའ་དྲིན་ཤེས་པ་དང་། དུངས་ཞེན་ཡོད་པ། དངོས་སྒྲུབ་གཙོ་བ་བཅས་བྱས་ཏེ། སྔར་ལས་ཚད་གཞི་མཐོན་པོའི་སྒོ་ནས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་མཐར་ཕྱིན་བྱེད་པའི་ལག་བསྟར་པ་དང་འགུལ་སྐྱོད་པ། དངོས་སྒྲུབ་མཁན་བཅས་བྱ་དགོས། ནན་ཏན་གྱིས་ཁྲིམས་ལྟར་སྲིད་འཛིན་པ་དང་། རང་རྟོགས་ངང་དམངས་ཆེན་གྱི་ལྟ་སྐུལ་དང་སྲིད་གྲོས་ཀྱི་དམངས་གཙོ་ལྟ་སྐུལ། ཕྱོགས་སོ་སོའི་ལྟ་སྐུལ་བཅས་དང་ལེན་བྱ་དགོས་ལ། དམངས་ཆེན་འཐུས་མིའི་གྲོས་མགོ་དང་སྲིད་གྲོས་ཀྱི་གྲོས་གཞི་དག་སྤུས་ཚད་དང་ལས་ཆོད་མཐོ་བའི་སྒོ་ནས་བསྒྲུབ་དགོས། རྩིས་བཤེར་ལྟ་སྐུལ་དང་བསྡོམས་རྩིས་ལྟ་སྐུལ་ལ་ཤུགས་སྣོན་པ་དང་། སྲིད་གཞུང་དང་ཁྲིམས་ཁང་བར་དང་། སྲིད་གཞུང་དང་ཞིབ་དཔྱོད་ཁང་བར་གྱི་མཉམ་འགུལ་ཟབ་སྤེལ་བྱས་ཏེ། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་ལ་བརྟེན་ནས་ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་སྐྲུན་ལ་སྐུལ་འདེད་གཏང་དགོས། ཡང་དག་པའི་སྲིད་འབྲས་ལྟ་བ་བརྟན་པོར་འཛུགས་པ་དང་ལག་ལེན་དུ་བསྟར་ཞིང་། མི་དམངས་ཀྱི་ཆེད་དུ་སྲིད་འབྲས་སྐྲུན་པ་དང་། དོན་དངོས་བསྒྲུབས་ནས་སྲིད་འབྲས་སྐྲུན་པ་རྒྱུན་འཁྱོངས་བྱས་ཏེ། རང་རྟོགས་ཀྱིས་ཆོས་ཉིད་ལྟར་དོན་དག་བསྒྲུབ་དགོས་པ་དང་། ཞབས་ཕྱིའི་ཕན་ནུས་དངོས་གནས་མཐོ་རུ་བཏང་སྟེ། སེམས་དང་བརྩེ་བས་ཤུགས་བཏོན་ནས་དམངས་འཚོའི་བསོད་སྐལ་འཕེལ་བར་བྱ་དགོས། ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས། སྤྱོད་ལམ་འཛུགས་སྐྲུན་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་འགྱུར་བར་རྒྱུད་ཆད་མེད་པར་སྐུལ་འདེད་གཏོང་བ་དང་། གཞི་རིམ་ཁུར་འཕྲི་དང་ནུས་གནང་ཕན་སྐྱེད་ལ་གཅིག་འདོམས་བྱ་དགོས་ཤིང་། སྐོར་ཞིབ་དང་རྩིས་བཤེར་སོགས་ལས་བཏོན་པའི་གནད་དོན་སྒྱུར་བཅོས་ལ་དམ་འཛིན་བྱེད་པ་དང་། མང་ཚོགས་གམ་གྱི་ཚུལ་མིན་སྤྱོད་ལམ་དང་རུལ་སུངས་གནད་དོན་གཅིག་བསྡུས་སྒོས་སྒྲིག་བཅོས་བྱེད་པ་གཏིང་ཟབ་ཏུ་སྤེལ་ཞིང་། གཞུང་དྲང་སྤྱོད་གཙང་དམ་སྲུང་དང་ནོར་སྲིད་དཔལ་འབྱོར་གྱི་སྒྲིག་ཁྲིམས་ནན་འཛིན་བྱེད་པ་དང་། གྲོན་ཆུང་སྒོས་འཚོ་བ་རོལ་བར་གོམས་པ་བཅས་བྱས་ནས། དུས་རབས་དང་མི་དམངས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བའི་ལས་འབྲས་གསར་བ་འབད་པས་བསྐྲུན་དགོས། 

འཐུས་མི་རྣམ་པ། དུས་རབས་ཀྱི་རླབས་རྒྱུན་མདུན་དུ་འཕྱོ་ཞིང་། འཕེལ་རྒྱས་ཀྱི་འཆར་གཞིས་སྙིང་སྟོབས་སྐྱེད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་ཅིང་། ཞིང་ཆེན་ཏང་ཨུའི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག་ཏུ། དམངས་སེམས་གཅིག་མཐུན་དང་ཞུམ་མེད་མདུན་སྐྱོད་ཀྱིས་ད་ལོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་སྟོབས་ཤུགས་ཡོད་རྒུས་མངོན་འགྱུར་བྱེད་པ་དང་། “ལོ་ལྔ་ཚན་བཅོ་ལྔ་བར”མགོ་ལེགས་པོ་རྩོམ་པ་དང་གོམ་པ་ལེགས་པོ་སྤོ་བར་ཁག་ཐེག་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་བསྐྲུན་པར་མཚོ་སྔོན་གྱི་ལེའུ་བརྩོན་པས་བྲི་དགོས།། །།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།