མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ9པའི་ཚེས27ཉིན། ཀྲུང་གུང་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་དང་ཡུལ་ཤུལ་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་མཚོ་སྔོན་ཡུལ་ཤུལ་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དང་དེ་བཞིན་སྐྱེ་ཁམས་རིག་གནས་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་ཧྲང་ཧའེ་རུ་མགོ་ཚུགས།
འོས་སྦྱོར་ཚོགས་འདུ་དེས“ལས་གཉེར་དང་ངོ་སྤྲོད་དང་འགྲེམས་ཚོང་བཅས་གསུམ་གཞི་གཅིག་གི་རྣམ་པ་བརྒྱུད་ཡུལ་ཤུལ་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཟུར་གསུམ་ཁྲོམ་རར་ཞུགས་པར་སྐུལ་འདེད་བཏང་ཞིང་། དེ་ནི་ཡུལ་ཤུལ་གྱིས་ཐོན་ལས་ཁྲོམ་ར་ཅན་དང་སྤུས་རྟགས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་ཐད་གོམ་པ་གལ་ཆེན་ཞིག་སྤོས་པའི་མཚོན་རྟགས་ཡིན་པས། ཧྲང་ཧའེ་དང་ཡུལ་ཤུལ་མཉམ་ལས་ལ་སྒུལ་ཤུགས་གསར་པ་བསྣན།
ངོ་སྤྲོད་ཚོགས་འདུའི་ཐོག་ཡུལ་ཤུལ་ཁུལ་གྱི་ཐུན་མོང་མ་ཡིན་པའི་ཞིང་ཕྱུགས་ཐོན་རྫས་དང་སྐྱེ་ཁམས་ཡུལ་སྐོར་ཐོན་ཁུངས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པ་དང་། ཡུལ་ཤུལ་ཁུལ་གྱི་འབྲེལ་ཡོད་འགན་འཁུར་བས་ཡུལ་ཤུལ་གྱི་འཕེལ་རྒྱས་དགེ་མཚན་དང་མཉམ་ལས་ཀྱི་མདུན་ལམ་ཕྱོགས་ནས་ངོ་སྤྲོད་བྱས་པ་མ་ཟད། ཞིང་ཕྱུགས་ཐོན་ལས་ཀྱི་ཁྱད་ཆོས་དང་། སྤུས་ཚད་ཚད་གཞི། རིག་གནས་ཡུལ་སྐོར་གྱི་སྤུས་ལེགས་ལམ་ཐིག་སོགས་ཆེད་དོན་ངོ་སྤྲོད་བྱས།
བྱེད་སྒོ་སྤེལ་རིང་ཧྲང་ཧའེ་ཞུས་ཧུའེ་ཆུས་སུ་་ཡུལ་ཤུལ་གྱི་ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ཐོན་རྫས(ཧྲང་ཧའེ)མྱོང་རོལ་ཚོང་ཁང་ལ་ལ་སྒོ་བྱང་བཀལ་ནས་དངོས་སུ་གཉེར་སྐྱོང་བྱེད་པའི་མགོ་བརྩམས་པས། ཟུར་གསུམ་ས་ཁུལ་དུ་ཡུལ་ཤུལ་སྤུས་ལེགས་ཞིང་ཕྱུགས་ཐོན་རྫས་ཀྱི་དྲ་ཐོག་འགྲེམས་སྟོན་སྒེའུ་ཁུང་གལ་ཆེན་ཞིག་ཏུ་གྱུར་ནས་ཧྲང་ཧའེ་རུ་ཡུལ་ཤུལ་གྱི་སྐམས་ཤ་དང་། ལུག་ཤ། མཐོ་སྒང་གི་རྩིང་འབྲུ་སོགས་ཁྱད་ཆོས་ལྡན་པའི་ཐོན་རྫས་ཀྱི་སྤུས་རྟགས་སྐད་གྲགས་ཆོད་ཚད་དང་ཁྲོམ་རར་སླེབས་ཐུབ་པའི་རང་བཞིན་ནུས་ལྡན་ངང་ཆེ་རུ་གཏོང་ཐུབ་རྒྱུ་རེད།
ངོ་སྤྲོད་ཚོགས་འདུའི་ཡུལ་དངོས་སུ་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་འགྲེམས་སྟོན་ཁུལ་གྱིས་སྐམས་ཤ་དང་ཞོ་སོགས་ཚོད་ལྟ་དང་ཉམས་མྱོང་མཁོ་འདོན་བྱས་པ་དང་། གཟུགས་འདས་ཤུལ་བཞག་རིག་གནས་གསར་གཏོད་འགྲེམས་སྟོན་ཁུལ་དུ་སྤུས་ལེགས་བོད་ལུགས་ཀྱི་བཟོ་རྩལ་ཐོན་རྫས་འགྲེམས་སྟོན་བྱས་པ། མཉམ་འགུལ་ཉམས་ལེན་ཁུལ་གྱི་སྲོལ་རྒྱུན་གྱི་གླུ་གཞས་ཞབས་བྲོ། རོལ་ཆས་འཁྲབ་སྟོན་བཅས་བྱས་ནས་ལྟད་མོ་བས་ཡུལ་ཤུལ་གྱི་ཐུན་མོང་མ་ཡིན་པའི་རིག་གནས་ལ་ཉེ་བར་བཅར་ནས་ནས་མྱོང་རོལ་བྱས་པ་མ་ཟད། ཧྲང་ཧའེ་ཡི་ཉོ་སྒྲུབ་ཚོང་པ་དང་གྲོང་མི་མང་པོ་ཞིག་བྱེད་སྒོའི་ཁྲོད་ཞུགས།
ཉེ་བའི་ལོ་ཤས་རིང་ཡུལ་ཤུལ་ཁུལ་གྱིས་འབྲོག་ལས་རིགས་བསྒྱུར་རིམ་སྤོར་ལ་མགྱོགས་པོར་སྐུལ་འདེད་བཏང་སྟེ། སྲོལ་རྒྱུན་གྱི་ཡུལ་སྐོར་འབྲོག་ལས་དེ་འཚོ་སྐྱོང་ནས་ཕྱེད་ཙམ་ར་གསོ་ཡི་ཕྱོགས་སུ་བསྒྱུར་ནས་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་ཇེ་ཆེར་བཏང་། མིག་སྔར་ཁུལ་ཡོངས་ཀྱི་ཕྱུགས་ཟོག་ཉར་ཚགས་བྱེད་ཚད་མགོ་གྲངས་ཁྲི200ཡས་མས་སུ་གཏན་འཇགས་ཡིན་པ་དང་། འབྲི་ི་ཕྱུགས་ཀྱི་སྡུར་ཚད55%ཟིན། རྒྱུད་བཟང་ཅན་དུ་འགྱུར་ཚད་90%ལས་བརྒལ་བ་དང་། ཞིང་ཕྱུགས་ཐོན་རྫས་ལས་སྣོན་བསྒྱུར་ཚད་60%ཡན་ལ་བསླེབས། དེ་དང་ཆབས་ཅིག་ཡུལ་ཤུལ་གྱིས་སྐྱེ་ཁམས་ལེགས་ཆར་བརྟེན་ནས་རྒྱལ་སྤྱིའི་སྐྱེ་ཁམསཡུལ་སྐོར་བྱ་ཡུལ་བསྐྲུན་ནས་ད་ལོའི་ཟླ1པ་ནས་ཟླ8པའི་བར་ཡུལ་སྐོར་བ་མི་ཐེངས་ཁྲི227ལྷག་སྣེ་ལེན་བྱས་པ་དང་། ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར15.68ཟིན་ནས་སོ་སོ་དུས་མཚུངས་ལས25%དང32%འཕར།