རང་རེའི་དྲ་བའི་འཕྲིན། ཟླ5པའི་ཚེས27ཉིན། སློབ་གསོ་པུས་བཏང་བའི་བརྡ་ཐོ་ལྟར་ན། རྨང་གཞིའི་སློབ་གསོ“དོ་དམ་ཚད་ལྡན་དུ་གཏོང་བའི་རིམ་སྤོར་ལོ”ཞེས་པའི་ལས་འགུལ་སྤེལ་ནས། 2024ལོའི་དོ་དམ་ཚད་ལྡན་དུ་གཏོང་བའི་ལོ་འཁོར་གྱི་བྱ་བའི་ཕན་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བའི་རྨང་གཞིའི་ཐོག །སློབ་གསོའི་ཆོས་ཉིད་དང་འགལ་བ་དང་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་སློབ་སྒྲུབ་སློབ་སྐྱོང་གི་བྱ་སྤྱོད་སྔར་བས་གཙང་བཤེར་དང་བཅོས་སྐྱོང་བྱ་རྒྱུ།
《བརྡ་ཐོའི》ནང་བཏོན་པའི་དོན་ཚན16ཅན་གྱི2025ལོའི་པར་གཞིའི་ལྡོག་ཕྱོགས་གསལ་ཐོ།
ཏང་དང་སྤྱི་ཚོགས་རིང་ལུགས་ལ་ངོ་རྒོལ་བྱེད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་སྣང་བརྙན་ལ་དམའ་འབེབས་གཏོང་བ། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་དམ་དཔའ་བོ་དཔེ་བཟང་ལ་དམའ་འབེབས་གཏོང་བ། རྒྱལ་ཁབ་ཁ་ཕྲལ་གཏོང་བ། ལོ་རྒྱུས་འཁྱོག་བཤད་བྱེད་པ། བཙན་འཛུལ་ལ་མཛེས་བཟོ་བྱེད་པ་སོགས་ནོར་འཁྲུལ་གྱི་གཏམ་སྤྱོད་གཏན་འགོག་བྱེད་དགོས། དེ་མིན་དྲ་རྒྱའི་སྨྱན་སྦྱོར་དང་གླེང་སྟེགས་འཆད་ཁྲིད། རྒྱུགས་ཤོག་དང་སྤྱི་བསྒྲགས་འདུ་ར་གཞན་དག་ནས་ནོར་འཁྲུལ་གྱི་ལྟ་བ་བརྒྱུད་བསྒྲགས་བྱེད་པར་གཏན་འགོག་བྱེད་དགོས།
རྒྱལ་ཁབ་ཀྱི་སློབ་ཚན་ཇུས་གཞིའི་གཏན་འབེབས་ལས་འགལ་ཏེ་སློབ་ཚན་གྱི་ནང་དོན་གང་འདོད་དུ་ལེགས་སྒྲིག་དང་སྣོན་འཕྲི་བྱེད་པ། ཚད་བརྒལ་སྔོན་བརྒལ་གྱི་སློབ་ཁྲིད་བྱེད་པ། ཀུན་སྤྱོད་དང་ལུས་རྩལ། མཛེས་རིས། ངལ་རྩོལ་སློབ་གསོ། ཕྱོགས་བསྡུས་ལག་ལེན་བྱ་འགུལ་བཅས་ཀྱི་དུས་ཚོད་ཚོད་འཛིན་བྱེད་པར་གཏན་འགོག་བྱེད་དགོས།
སློབ་གསོ་སྲིད་འཛིན་སྡེ་ཁག་གིས་གཏན་འབེབས་བྱས་པའི་ལས་བྱའི་སྤྱི་འབོར་དང་དུས་ཚོད་ལས་བརྒལ་བའི་ལས་བྱ་བཀོད་སྒྲིག་གམ་བསྐྱར་ཟློས་རང་བཞིན་དང་ཆད་གཅོད་རང་བཞིན་གྱི་ལས་བྱ་བཀོད་སྒྲིག་བྱེད་པར་གཏན་འགོག་བྱེད་དགོས།
དུས་རྒྱུན་གྱི་རྒྱུགས་ལེན་དོ་དམ་སྐོར་གྱི་འབྲེལ་ཡོད་གཏན་འབེབས་དང་འགལ་ཏེ་རྒྱུགས་གཞི་གང་མང་རྩ་འཛུགས་དང་སློབ་མའི་སློབ་སྦྱོང་གི་ཁུར་པོ་ཇེ་ལྗིད་དུ་གཏོང་བར་གཏན་འགོག་བྱ་དགོས།
རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་སློབ་གསོ་སྲིད་འཛིན་སྡེ་ཁག་གིས་གཏན་འབེབས་བྱས་པའི་སློབ་མའི་ངལ་གསོའི་དུས་ཚོད་དང་འགལ་ནས་སློབ་མའི་སློབ་སྦྱོང་གི་དུས་ཚོད་རིང་དྲགས་པའི་གནད་དོན་དང་བྱེད་ཐབས་སྣ་ཚོགས་སྤྱད་དེ་སློབ་མའི“སློབ་གསེང་སྐར་མ་བཅུ”ཡི་ངལ་གསོ་དུས་ཚོད་ཚོད་འཛིན་བྱེད་པར་གཏན་འགོག་བྱེད་དགོས།
སློབ་གྲྭས་སློབ་གསོ་སྲིད་འཛིན་སྡེ་ཁག་གིས་གཅིག་གྱུར་གཏན་འབེབས་བྱས་པའི་རྒྱུགས་ལེན་ལི་ཐོ་ལས་འགལ་ཏེ་སློབ་འགོ་སྔོན་ལ་ཚུགས་པ་དང་གནང་བ་ཕྱིར་འགྱངས་བྱེད་པ། གུང་གསེང་དུས་ཚོད་དང་དབྱར་དགུན་གནང་གི་སྐབས་སུ་སློབ་མ་ཡོངས་རྩ་འཛུགས་བྱས་ནས་སློབ་ཁྲིད་དང་གསབ་ཁྲིད་བྱེད་པར་གཏན་འགོག་བྱེད་དགོས།
སློབ་གྲྭ་ཆུང་འབྲིང་གིས་སློབ་ཁུངས་འདེམས་སྒྲུག་བྱ་རྒྱུར་དམིགས་ཏེ་རྒྱུགས་གཞི་ཅི་རིགས་རྩ་འཛུགས་བྱེད་པའམ་འགྲན་སྡུར་དཔང་ཡིག་དང་།སྤྱི་ཚོགས་གསོ་སྦྱོང་གི་སྦྱངས་འབྲས། རྒྱུགས་སྤྲོད་དཔང་ཡིག་སྣ་ཚོགས་སློབ་བསྡུའི་གཞི་འཛིན་སར་བརྩི་རྒྱུར་གཏན་འགོག་བྱེད་དགོས།
སློབ་རིམ་འཕར་ཚད་དམ་རྒྱུགས་འབྲས་ཐོག་ནས་སློབ་གྲྭའི་དཔྱད་ཞིབ་ཨང་རིམ་བསྒྲིག་པ་དང་དགེ་རྒན་གྱི་ཨང་རིམ་བསྒྲིག་པ་དང་བྱ་དགའ་ཆད་གཅོད་བྱ་རྒྱུ་གཏན་འགོག་བྱེད་དགོས།
དགེ་རྒན་གྱིས་སློབ་མར་ཁྱད་གསོད་བྱས་ཏེ་སློབ་མར་ལུས་ཆད་གཅོད་པ་དང་། རྣམ་པ་འགྱུར་བའི་ལུས་ཆད་གཅོད་པ། དམའ་འབེབས་ཉེས་རྡུང་གཏོང་བ། འཆལ་སྤྱོད་དམ་མིའི་ཐོབ་ཐང་དང་ལ་རྒྱར་མཐོང་ཆུང་གི་སྦྱོར་བ་གཞན་དག་སྤེལ་པར་གཏན་འགོག་བྱ་དགོས།
སློབ་གྲྭས་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་བླང་བྱ་དང་རྒྱབ་འགལ་བྱས་ཏེ་སློབ་གྲྭའི་དོ་དམ་ཁྲོད་རྒྱུན་གཏན་གྱི་ཤེས་རྟོགས་ལས་འགལ་བ་དང་།སྤྱི་པའི་སྒྲིག་ལམ་བཟང་པོ་ལས་འགལ་བ།འབྲེལ་ཡོད་གཞི་འཛིན་ཡུལ་མེད་པའི་སློབ་གྲྭའི་སྒྲིག་སྲོལ་དང་སློབ་གྲྭའི་སྒྲིག་ཁྲིམས་ཀྱི་དོན་ཚན་བཟོས་ནས་སློབ་མར་འདྲ་མཉམ་མིན་པའི་ལྟ་སྟངས་འཛིན་པ་དང་།སློབ་མ་དང་ཁྱིམ་བདག་གི་བརྩེ་དུང་ལ་གནོད་འཚེ་གཏོང་བ་སོགས་ཀྱི་དོ་དམ་བྱ་སྤྱོད་གཏན་འགོག་བྱེད་དགོས།
སློབ་གྲྭས་མང་པོས་ཉུང་ངུར་བརྙས་བཅོས་དང་།བཙན་པོས་གཉོམ་ཆུང་ལ་བརྙས་བཅོས།ཆེ་བས་ཆུང་བར་བརྙས་བཅོས་སོགས་སློབ་མའི་བརྙས་བཅོས་བྱ་སྤྱོད་སྣང་མེད་དང་རྒྱ་ཡན་དུ་གཏོང་བར་གཏན་འགོག་བྱེད་དགོས།
སློབ་གྲྭའི་བདེ་འཇགས་ཐད་ཕྱི་ཚུལ་རིང་ལུགས་ཀྱིས་གྲལ་བཤེར་དང་དག་ཐེར་བྱས་ཏེ། ཉེན་ཁ་གྲལ་བཤེར་དོ་དམ་ཚོད་འཛིན་དང་འཕྲལ་སྡོམ་ཐག་གཅོད་བྱེད་ཐབས་སོགས་ཀྱི་ལམ་སྲོལ་འཐུས་ཚང་མིན་པ། སློབ་གྲྭའི་བདེ་འཇགས་ཀྱི་ཉེན་ཁ་ཚབས་ཆེན་རྒྱ་ཡན་དུ་གཏོང་བ། ལས་འཛོལ་ཚབས་ཆེན་བྱུང་རྗེས་སྦ་གསང་དང་རྫུན་ཞུ། ཐག་གཅོད་འོས་འཚམ་མི་བྱེད་པ་བཅས་ཀྱི་བྱ་སྤྱོད་གཏན་འགོག་བྱེད་དགོས།
སློབ་གྲྭས་བཟའ་བཅའི་བདེ་འཇགས་དོ་དམ་འགན་འཁྲི་མི་འཁུར་བ་དང་།སློབ་གྲྭའི་ཟ་ཁང་འཁོར་སྐྱོད་དང་བཟའ་བཅའི་འཕྲོད་བསྟེན་བདེ་འཇགས་སོགས་ལ་ལྟ་སྐུལ་དོ་དམ་མི་བྱེད་པ།སློབ་མར་རུལ་སྐྱོན་དང་ངོ་བོ་འགྱུར་བའམ་འཕྲོད་བསྟེན་བདེ་ཐང་བདེ་འཇགས་ཀྱི་ཚད་གཞི་མ་ལོན་པའི་ཟས་རིགས་ཟ་རུ་བཅུག་ནས། ཟས་དུག་ཕོག་པའམ་ཟས་ཀྱི་རྐྱེན་ལས་བྱུང་བའི་ནད་ཡམས་གཞན་དག་གི་གནད་དོན་ཐོན་པར་གཏན་འགོག་བྱེད་དགོས།
སྒྲིག་འགལ་ངང་སློབ་དེབ་འདེམས་སྤྱོད་དང་ཟུར་ཁྲིད་བསྡུ་བའམ་རྣམ་པ་གང་རུང་གི་ཐོག་ནས་སློབ་མར་གཏན་འཁེལ་གྱི་ཐབས་ལམ་བརྒྱུད་དཔེ་དེབ་དང་གློག་རྡུལ་ཐོན་རྫས། སློབ་ཁྲིད་རམ་འདེགས་རྒྱུ་ཆ།ཡིག་ཆས་སོགས་བཙན་ཤེད་དང་བསླུ་ཉོ་བྱེད་པར་གཏན་འགོག་བྱེད་དགོས།
སློབ་ལྭ་འདེམས་ཉོ་བྱེད་པའི་འབྲེལ་ཡོད་གཏན་འབེབས་ལས་འགལ་ཏེ་བཙན་ཤེད་ཀྱིས་སློབ་གྲྭའི་ལྭ་བ་མངག་ཉོ་དང་།སློབ་གྲྭའི་ལྭ་བ་ཉོས་ནས་ཁེ་བཟང་ལེན་པ།མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བར་གཏན་འགོག་བྱེད་དགོས།
སློབ་གྲྭས་གྲོན་བསྡུའི་དོ་དམ་གཏན་འབེབས་ལས་འགལ་ཏེ་རང་དགར་གྱིས་གྲོན་བསྡུའི་རྣམ་གྲངས་མང་དུ་གཏོང་བ་དང་།གྲོན་བསྡུའི་ཚད་གཞི་མཐོ་རུ་གཏོང་བ། གྲོན་བསྡུའི་ཁྱབ་ཁོངས་ཆེ་རུ་གཏོང་བ། སློབ་མར་སྤྲད་པའི་རོགས་དངུལ་སྣ་ཚོགས་འཐེན་འཕྲི་དང་གཞན་སྤྱོད་བྱེད་པ་སོགས་གཏན་འགོག་བྱེད་དགོས་སོ། །