ཀྲའོ་ལེ་ཅི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ནགས་ཚལ་བཅའ་ཁྲིམས་ཁྲིམས་བསྟར་ཞིབ་བཤེར་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོར་ཞུགས་པ།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

ཟླ5པའི་ཚེས6ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་པེ་ཅིན་དུ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ནགས་ཚལ་བཅའ་ཁྲིམས་ཁྲིམས་བསྟར་ཞིབ་བཤེར་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྟེང་ཞུགས་ཏེ་གཏམ་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས6ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་པེ་ཅིན་དུ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ནགས་ཚལ་བཅའ་ཁྲིམས་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོར་ཞུགས་ཏེ་གསུང་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ནགས་ལས་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་མོ་བྱེད་པ། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ལག་བསྟར་དོན་འཁྱོལ་བྱེད་པ། དམངས་ཆེན་གྱི་འགན་ནུས་དང་འགན་འཁྲི་གཞིར་བཟུང་ནས་ནགས་ཚལ་བཅའ་ཁྲིམས་ཁྱོན་ཡོངས་དང་ནུས་ལྡན་ངང་ལག་བསྟར་བྱེད་པར་སྐུལ་འདེད་བཏང་སྟེ། ནགས་ཚལ་ཐོན་ཁུངས་ལ་སྲུང་སྐྱོབ་དང་གསོ་སྐྱོང་བྱེད་པ་དང་ལུགས་མཐུན་ངང་བེད་སྤྱོད་བྱེད་པ། ནགས་ཚལ་གྱི་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ། ནགས་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་ལ་ཁྲིམས་སྐྱོང་གི་འགན་སྲུང་འདོན་སྤྲོད་བྱེད་དགོས།

ཀྲའོ་ལེ་ཅི་ཡིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རི་ཆུ་ནགས་གསུམ་དང་ཞིང་ས། མཚེའུ། རྩྭ་ཐང་། བྱེ་ཐང་བཅས་ཀྱི་གཞི་གཅིག་ཅན་གྱི་སྲུང་སྐྱོབ་བཅོས་སྐྱོང་མ་ལག་ལ་གཅིག་གྱུར་སྒོས་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ནགས་ཚལ་གྱི་ཐོན་ཁུངས་ལ་སྲུང་སྐྱོབ་དང་སྐྱེ་ཁམས་སླར་གསོའི་ཐད་གྲུབ་འབྲས་མངོན་གསལ་ཅན་བླངས་ཡོད་ལ། ནགས་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱས་ཡོད།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བསྟུད་མར་ལོ13རིང་ལ། དངོས་སུ་རྒྱལ་སའི་འོས་འགན་སྡོང་འཛུགས་བྱེད་སྒོར་ཞུགས་ཏེ་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་མྱོང་བར་མ་ཟད། ད་དུང་ནགས་ཚལ་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་པ་དང་སྡོང་འཛུགས་ནགས་སྐྲུན་བྱེད་པ། ནགས་ཚལ་གྱི་ནུས་པ་འདོན་སྤེལ་བྱེད་པ། ནགས་ལས་བཅོས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་བླང་བྱ་གསལ་པོ་རབ་དང་རིམ་པ་གནང་མྱོང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ནགས་ལས་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། ནགས་ཚལ་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་བྱེད་པ་དང་ཁྲིམས་ལྟར་ནགས་ཚལ་ཐོན་ཁུངས་གསོ་སྐྱོང་ཡག་པོ་བྱེད་པ། ནགས་ཚུལ་ཐོན་ཁུངས་ལ་སྲུང་སྐྱོང་ལེགས་པོ་དང་འཕེལ་རྒྱས་ཡག་པོ་གཏོང་བ་བཅས་ཀྱི་ཐད་རྩ་བའི་གཞི་འཛིན་ས་དང་འགུལ་སྐྱོད་ཀྱི་ཕྱོགས་སྟོན་ཡང་དག་པ་འདོན་སྤྲོད་བྱས་ཡོད།

ཀྲའོ་ལེ་ཅི་ཡིས་ནན་གྱིས་བསྟན་དོན། ནགས་ཚལ་བཅའ་ཁྲིམས་ནི་ནགས་ལས་འཕེལ་རྒྱས་ཀྱི་རྨང་གཞིའི་བཅའ་ཁྲིམས་ཤིག་ཡིན།ཐེངས་འདིའི་ཁྲིམས་བསྟར་ཞིབ་བཤེར་གྱི་ནང་དོན་གཙོ་བོ་ཁོང་དུ་ཆུད་པར་བྱ་རྒྱུ་དང་། བཅའ་ཁྲིམས་ཀྱི་གཏན་འབེབས་དམ་འཛིན་དང་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། བཅའ་ཁྲིམས་ལག་བསྟར་བྱེད་པར་ཤུགས་རྐྱེན་ཐེབས་པ་དང་ནགས་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚོད་འཛིན་བྱེད་ཀྱིན་པའི་གནད་དོན་མངོན་གསལ་ཅན་འཚོལ་ཞིབ་བྱས་ནས་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཁྲིམས་འཛིན་ཞིབ་བཤེར་བརྒྱུད། ནགས་ཚལ་ཐོན་ཁུངས་ཀྱི་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་རྒྱུ་དང་། ནགས་ས་དང་ནགས་ལས་དང་འབྲེལ་བའི་མང་ཚོགས་ཀྱི་ཁེ་དབང་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཁྲིམས་ལྟར་ནགས་ཚལ་རིགས་དབྱེ་གཉེར་སྐྱོང་དོ་དམ་ལག་བསྟར་བྱེད་པ། ནགས་ལས་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རིམ་པ་སོ་སོའི་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་ཁྲིམས་ལྟར་འགན་འཁྲི་བསྒྲུབ་པར་སྐུལ་འདེད་གཏོང་བ། ནགས་ཚལ་ཐོན་ཁུངས་ལ་གཏོར་བརླག་གཏོང་བ་དང་། ནགས་ལས་དང་འབྲེལ་བའི་ཞིང་པའི་ཁེ་དབང་ལ་གནོད་འཚེ་གཏོང་བའི་ཁྲིམས་འགལ་བྱེད་སྤྱོད་ཐག་གཅོད་ནན་མོ་བྱེད་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཧུང་ཀྲུང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧོ་ལི་ཧྥེང་གྲོས་ཚོགས་ལ་ཞུགས་ཏེ་གཏམ་བཤད་གནང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝུའུ་ཝེ་ཧྭ་དང་ཞུའེ་ཁོ་ལའེ་ཐེ་ཀྲ་ཁོ་ཨར་གྲོས་ཚོགས་ལ་ཞུགས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གིས་ནགས་ཚལ་བཅའ་ཁྲིམས་ལག་བསྟར་བྱེད་པའི་འབྲེལ་ཡོད་གནས་ཚུལ་གྱི་སྙན་ཞུ་ཕུལ། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།