ཀྲུང་གོ་དང་ལ་ཏིང་མེ་གླིང་དང་ཅ་ལི་པིའི་རྒྱལ་ཁབ་ཀྱིས་ཀྲུང་གོ་དང་ལ་ཏིང་མེ་གླིང་དང་ཅ་ལི་པིའི་ཐུན་མོང་ཚོགས་པའི་གླེང་སྟེགས་ཀྱི་སྐབས་བཞི་པའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་འཚོགས་པ།

ཡོང་ཁུངས། མི་དམངས་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་དང་ལ་ཏིང་མེ་གླིང་དང་ཅ་ལི་པིའི་ཐུན་མོང་ཚོགས་པའི་གླེང་སྟེགས་ཀྱི་སྐབས་བཞི་པའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཚེས13ཉིན་པེ་ཅིན་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཨུ་ཡོན་ནམ་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་གྲོས་ཚོགས་ལ་མགོ་འཛིན་གནང་ཞིང་། ལ་ཏིང་མེ་གླིང་དང་ཅ་ལི་པིའི་ཐུན་མོང་ཚོགས་པའི་ཁོངས་མི་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་དང་འཐུས་མི། ས་ཁུལ་རྩ་འཛུགས་ཀྱི་འགན་ཁུར་བ་སོགས་གྲོས་ཚོགས་ལ་ཞུགས་ཡོད།

ཝང་དབྱི་ཡིས་བསྟན་དོན། དེ་རིང་སྔ་དྲོར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེངས་འདིའི་གྲོས་ཚོགས་ཀྱི་མགོ་རྩོམ་མཛད་སྒོའི་སྟེང་གསུང་བཤད་གལ་ཆེན་གནང་ནས། ཀྲུང་གོས་ལ་ཏིང་མེ་གླིང་དང་ཅ་ལི་པིའི་ཐུན་མོང་ཚོགས་པ་དང་མཉམ་དུ་ལག་གདང་སྦྲེལ་ནས་བཟོ་འགོད་ཆེན་མོ་ལྔ་ལག་བསྟར་བྱས་ཏེ། མཉམ་དུ་འཕེལ་རྒྱས་གོང་སྤེལ་ཇུས་འགོད་དང་། ཀྲུང་གོ་དང་ལ་ཏིང་མེ་གླིང་དང་ཅ་ལི་པིའི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་སྐྲུན་བྱེད་འདོད་ཡོད་པ་དང་། ལ་ཏིང་མེ་གླིང་དང་ཅ་ལི་པིའི་ཐུན་མོང་ཚོགས་པའི་མགོ་ཁྲིད་པ་དང་མཉམ་དུ་ཐུན་མོང་གི་ངོས་འཛིན་རྒྱ་ཆེར་ཆགས་པར་བྱས་ནས། ཀྲུང་གོ་དང་ལ་ཏིང་མེ་གླིང་དང་ཅ་ལི་པིའི་ཐུན་མོང་ཚོགས་པའི་འབྲེལ་བ་ཡུན་རིང་ཡོང་བར་འཕེལ་རྒྱས་ཀྱི་ཇུས་གཞི་བཀོད་པ་དང་འཐབ་ཇུས་ཀྱི་སྣེ་ཁྲིད་མཁོ་འདོན་བྱས་ཡོད། ཀྲུང་གོས་ལ་ཏིང་མེ་གླིང་དང་ཅ་ལི་པིའི་ཐུན་མོང་ཚོགས་པ་དང་མཉམ་དུ་ལས་དོན་དངོས་འབེབས་ལེགས་པོར་སྒྲུབ་འདོད་ཡོད། གཅིག་ནི་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ་དང་། གཉིས་ནི་མུ་མཐུད་དུ་དཔལ་འབྱོར་ཉོ་ཚོང་གི་དངོས་བརྩོན་མཉམ་ལས་གཏིང་ཟབ་དུ་གཏོང་བ། གསུམ་ནི་ཧུར་ཐག་གིས་ཞི་བདེ་བདེ་འཇགས་ཀྱི་མཉམ་ལས་སྤེལ་བ། བཞི་ནི་དཔལ་ཡོན་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་རྒྱུན་འཁྱོངས་བྱེད་པ། ལྔ་ནི་རྒྱལ་སྤྱིའི་དྲང་བདེན་འདྲ་མཉམ་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པ་བཅས་ཡིན།

ལ་ཏིང་མེ་གླིང་དང་ཅ་ལི་པིའི་རྒྱལ་ཁབ་ཀྱི་ཕྱི་འབྲེལ་དཔོན་རྣམས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་ལ་ཏིང་མེ་གླིང་དང་ཅ་ལི་པིའི་གཅིག་མཐུན་ཚོགས་པའི་མཉམ་ལས་དང་གོ་ལ་ཧྲིལ་བོའི་གྲོས་གཞི་རབ་དང་རིམ་པར་བསྟོད་བསྔགས་ཚད་མཐོན་པོ་གནང་བ་དང་། ཀྲུང་གོས་འདྲ་མཉམ་དང་སྒོ་འབྱེད། རོགས་ཟླའི་དགོངས་པ་སྲུང་འཛིན་བྱས་པར་བཀའ་དྲིན་ཞུས་ལ། ཀྲུང་གོ་དང་ལ་ཏིང་མེ་གླིང་དང་ཅ་ལི་པིའི་ཐུན་མོང་ཚོགས་པའི་གླེང་སྟེགས་ཀྱི་བྱེད་ནུས་བེད་སྤྱོད་གང་ལེགས་བྱས་ཏེ། ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གོ་སྐབས་གསར་བར་དམ་འཛིན་བྱས་ནས། ཕྱོགས་ཡོངས་ཀྱི་མཉམ་ལས་རྒྱ་བསྐྱེད་ཀྱིས་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱ་རྒྱུའི་རེ་བ་ཡོད། ལ་ཏིང་མེ་གླིང་དང་ཅ་ལི་པིའི་རྒྱལ་ཁབ་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བྱས་ནས། མཉམ་དུ་བདག་དབང་འདྲ་མཉམ་དང་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པ་སོགས་ཀྱི་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་རྩ་དོན་ལ་སྲུང་སྐྱོང་བྱས་ཏེ། ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་དང་། ལག་གདང་མཉམ་སྦྲེལ་གྱིས་ཞི་བདེ་དང་དྲང་བདེན། ལྗང་མདོག ཁོང་ཡངས། རྒྱུན་མཐུད་བཅས་ཀྱི་མ་འོངས་པ་བསྐྲུན་དགོས།

གྲོས་ཚོགས་ཀྱིས《ཀྲུང་གོ་དང་ལ་ཏིང་མེ་གླིང་དང་ཅ་ལི་པིའི་ཐུན་མོང་ཚོགས་པའི་གླེང་སྟེགས་ཀྱི་སྐབས་བཞི་པའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཀྱི་པེ་ཅིན་བསྒྲགས་གཏམ》དང《ཀྲུང་གོ་དང་ལ་ཏིང་མེ་གླིང་དང་ཅ་ལི་པིའི་ཐུན་མོང་ཚོགས་པའི་ཁོངས་མི་རྒྱལ་ཁབ་ཀྱི་གཙོ་གནད་ཁྱབ་ཁོངས་མཉམ་ལས་ཀྱི་ཐུན་མོང་འགུལ་སྐྱོད་འཆར་གཞི(2025—2027)》ལ་གྲོས་འཆམ་བྱུང་། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།