ཞིང་ཆེན་འཕྲལ་བསྟུན་མཁོ་སྒྲུབ་དོ་དམ་ཐིང་།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་པར་འགྲེམས་བྱས་པའི《མཚོ་སྔོན་ཞིང་ཆེན་གྱི་ལས་ཁུངས་སྒྱུར་བཅོས་ཇུས་གཞི》(ཐིན་གྱི(2018)ཡིག་ཆ་ཨང125པ)དང《ཞིང་ཆེན་སྲིད་གཞུང་གི་སྒྲིག་གཞི་འཛུགས་པའི་སྐོར་གྱི་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུད་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བརྡ་ཐོ》(མཚོ་སྔོན་ཞིང་ཆེན་གྱིས(2018)སྤེལ་པའི་ཡིག་ཆ་ཨང32པ)ཡི་དགོངས་དོན་གཞིར་བཟུང་། མཚོ་སྔོན་ཞིང་ཆེན་མཁོ་སྒྲུབ་དོ་དམ་ཐིང་ནི་ཞིང་ཆེན་སྲིད་གཞུང་གི་གྲུབ་ཆའི་སྡེ་ཚན་ཞིག་ཡིན་པ་དང་། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུད་ཀྱི་མཁོ་སྒྲུབ་ལས་དོན་སྐོར་གྱི་བྱེད་ཕྱོགས་སྲིད་ཇུས་དང་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་དང་། འགན་འཁྲི་སྒྲུབ་རིང་ཏང་གིས་མཁོ་སྒྲུབ་དོ་དམ་ལས་དོན་ལ་གཅིག་སྡུད་དང་གཅིག་གྱུར་གྱིས་འགོ་ཁྲིད་བྱ་བ་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པ་ཞིག་ཡིན།

དེའི་ལས་འགན་གཙོ་བོ་ནི།
  (གཅིག)མཁོ་སྒྲུབ་དོ་དམ་ལས་ཀའི་འགན་འཁུར་ནས་ས་ཁུལ་ཁག་དང་སྡེ་ཁག་ཁག་གིས་ཉེན་མེད་ཐོན་སྐྱེད་རིགས་དང་། རང་བྱུང་གནོད་འཚེའི་རིགས་སོགས་གློ་བུར་དུ་བྱུང་བའི་དོན་རྐྱེན་ལ་ཁ་གཏད་འཇལ་བ་དང་། གནོད་འགོག་གནོད་འཕྲི་གནོད་སྐྱོབ་བཅས་ཀྱི་ཕྱོགས་བསྡུས་ལས་ཀར་ཁྲིད་སྟོན། ཉེན་མེད་ཐོན་སྐྱེད་ལ་ཕྱོགས་བསྡུས་ཀྱིས་ལྟ་སྐུལ་དོ་དམ་དང་བཟོ་གཏེར་ཚོང་དོན་ལས་རིགས་ཀྱི་ཉེན་མེད་ཐོན་སྐྱེད་ལ་ལྟ་སྐུལ་དོ་དམ་བཅས་བྱ་བའི་འགན་འཁུར་དགོས། །
  (གཉིས)མཁོ་སྒྲུབ་དོ་དམ་དང་བདེ་འཇགས་ཐོན་སྐྱེད་ཀྱི་སྲིད་ཇུས་བཟོ་འགོད་དང་། ཞིང་ཆེན་གྱི་མཁོ་སྒྲུབ་མ་ལག་འཛུགས་སྐྲུན་དང་། བདེ་འཇགས་ཐོན་སྐྱེད། ཕྱོགས་བསྡུས་གནོད་འགོག་གེགས་སེལ་བཅས་ཀྱི་འཆར་འགོད་བཟོ་འགོད་བྱ་བ་སྒྲིག་འཛུགས། འབྲེལ་ཡོད་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་འཆར་ཟིན་དང་སྲིད་གཞུང་གི་སྒྲིག་སྲོལ་འཆར་ཟིན་བཟོ་འགོད། འབྲེལ་ཡོད་སྒྲིག་སྲོལ་དང་ཚད་གཞི་བཟོ་འགོད་སྒྲིག་འཛུགས་དང་དེའི་ལག་བསྟར་ལ་ལྟ་སྐུལ་བྱ་བའི་འགན་བཅས་འཁུར་དགོས།
  (གསུམ)མཁོ་སྒྲུབ་སྔོན་ཇུས་མ་ལག་འཛུགས་སྐྲུན་ལ་མཛུབ་ཁྲིད་དང་། དོན་རྐྱེན་གྱི་གནོད་འཚེ་དང་རང་བྱུང་གནོད་འཚེར་རིམ་པ་དབྱེ་ནས་ཁ་གཏད་གཅོག་པའི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། ཞིང་ཆེན་ཡོངས་ཀྱི་སྤྱི་ཡོངས་ཀྱི་མཁོ་སྒྲུབ་སྔོན་ཇུས་དང་བདེ་འཇགས་ཐོན་སྐྱེད་རིགས་དང་རང་བྱུང་གནོད་འཚེའི་རིགས་ཀྱི་ཆེད་དོན་སྔོན་ཇུས་བཟོ་བར་སྒྲིག་འཛུགས། མཁོ་སྒྲུབ་སྔོན་ཇུས་སྦྲེལ་མཐུད་ལས་དོན་ལ་ཕྱོགས་བསྡུས་མཐུན་སྦྱོར། སྔོན་ཇུས་ནང་སྦྱོང་སྒྲིག་འཛུགས། མཁོ་སྒྲུབ་ཉེན་གཡོལ་གྱི་སྒྲིག་ཆས་འཛུགས་སྐྲུན་ལ་སྐུལ་འདེད་བཅས་གཏང་བའི་འགན་འཁུར་དགོས།
  (བཞི)ཞིང་ཆེན་ཡོངས་ཀྱི་གཅིག་གྱུར་གྱི་མཁོ་སྒྲུབ་དོ་དམ་ཆ་འཕྲིན་མ་ལག་འཛུགས་པར་སྣེ་ཁྲིད་དང་། ཆ་འཕྲིན་བརྒྱུད་གཏོང་ཐབས་ལམ་འཆར་འགོད་དང་བཀོད་སྟངས་ཀྱི་འགན་དང་། ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་ཉེན་བརྡ། གནོད་འཚེའི་གནས་ཚུལ་བཅས་ཀྱི་སྙན་ཞུའི་ལམ་ལུགས་འཛུགས་པ། རང་བྱུང་གནོད་འཚེའི་ཆ་འཕྲིན་ཐོན་ཁུངས་ཐོབ་ལེན་དང་མཉམ་སྤྱོད་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཁྲིམས་ལྟར་གནོད་འཚེའི་གནས་ཚུལ་གཅིག་གྱུར་ངང་ཁྱབ་བསྒྲགས་བཅས་བྱ་བའི་འགན་འཁུར་དགོས།

(ལྔ)བདེ་འཇགས་ཐོན་སྐྱེད་རིགས་དང་རང་བྱུང་གནོད་འཚེའི་རིགས་སོགས་གློ་བུར་དུ་ཐོན་པའི་དོན་རྐྱེན་རིགས་ལ་འཕྲལ་བསྟུན་མཁོ་སྒྲུབ་རོགས་སྐྱོབ་བྱ་བ་སྒྲིག་འཛུགས་དང་། མཛུབ་ཁྲིད་དང་མཐུན་སྦྱོར། གློ་བུར་དུ་ཐོན་པའི་དོན་རྐྱེན་གྱི་འཕེལ་ཚུལ་ལ་ཕྱོགས་བསྡུས་ཞིབ་འཇུག་དང་བརྡར་གཅོད། ཁ་གཏད་གཅོག་ཐབས་ཀྱི་གྲོས་འགོ་འདོན་པའི་འགན་དང་། ཞིང་ཆེན་ཏང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་དམིགས་འཛུགས་བྱས་པའི་འགན་འཁུར་བློ་མཐུན་ལ་གཞོགས་འདེགས་བྱས་ནས་གནོད་འཚེ་ཚབས་ཆེ་རིགས་འཕྲལ་སྡོམ་ཐག་གཅོད་བྱ་བའི་འགན་བཅས་འཁུར་དགོས།

(དྲུག)བབ་བསྟུན་ཆེད་ལས་དཔུང་ཁག་ཁག་ལ་གཅིག་གྱུར་གྱིས་མཐུན་སྦྱོར་དང་བཀོད་འདོམས་བྱ་བ་དང་། བབ་བསྟུན་མཐུན་སྦྱོར་དང་མཉམ་འགུལ་ལམ་སྲོལ་འཛུགས་པ། བཀོད་འདོམས་ལས་སྟེགས་འབྲེལ་མཐུད་ཡོང་བར་སྐུལ་འདེད་བཅས་བྱས་ནས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེ་བབ་བསྟུན་རོགས་སྐྱོབ་ལས་དོན་ནང་ཞུགས་པར་འབྲེལ་མཐུད་དགོས་པའི་འགན་འཁུར་དགོས།
  (བདུན)འཕྲལ་མྱུར་རོགས་སྐྱོབ་སྟོབས་ཤུགས་འཛུགས་སྐྱོང་ལ་གཅིག་གྱུར་འཆར་འགོད་བྱས་ཏེ་མེ་ཟོན་དང་། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་མྱུར་སྐྱོབ། འབྲུབ་འགོག་ཉེན་སེལ། ས་ཡོམ་དང་ས་གཤིས་ཀྱི་གནོད་འཚེའི་རོགས་སྐྱོབ། ཐོན་སྐྱེད་བདེ་འཇགས་ཀྱི་ལས་འཛོལ་རོགས་སྐྱོབ་སོགས་ཆེད་ལས་ཀྱི་འཕྲལ་མྱུར་རོགས་སྐྱོབ་སྟོབས་ཤུགས་འཛུགས་སྐྱོང་བྱ་བ་སྒྲིག་འཛུགས་དང་མཐུན་སྦྱོར། ཕྱོགས་བསྡུས་རང་བཞིན་གྱི་འཕྲལ་མྱུར་རོགས་སྐྱོབ་དཔུང་ཁག་ལ་མཛུབ་ཁྲིད་དང་མཐུན་སྦྱོར། གྲོང་ཁྱེར(ཁུལ)དང་། རྫོང་། དེ་བཞིན་སྤྱི་ཚོགས་བཅས་ཀྱི་འཕྲལ་མྱུར་རོགས་སྐྱོབ་སྟོབས་ཤུགས་འཛུགས་སྐྱོང་བྱ་བར་མཛུབ་ཁྲིད་བཅས་ཀྱི་འགན་འཁུར་དགོས།
  (བརྒྱད།) མེ་གསོད་མེ་འགོག་གི་ལས་ཀ་སྒྲིག་འཛུགས་དང་མཐུན་སྦྱོར། མེ་གསོད་མེ་འགོག་ལ་ལྟ་སྐུལ། མེ་སྐྱོན་སྔོན་འགོག་དང་མེ་གསོད་མི་སྐྱོབ་སོགས་ཀྱི་ལས་ཀར་ཁྲིད་སྟོན་བཅས་བྱ་བའི་འགན་འཁུར་དགོས།

(དགུ) ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན། ཆུ་དང་ཐན་པའི་གནོད་འཚེ། ས་ཡོམ། ས་གཤིས་གནོད་འཚེ་སོགས་འགོག་བཅོས་ལས་དོན་ལ་མཛུབ་ཁྲིད་དང་མཐུན་སྦྱོར་བཅས་བྱ་བའི་འགན་དང་། རང་བྱུང་གནོད་འཚེར་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བའི་ལས་དོན་སྤེལ་འགན། རང་བྱུང་གནོད་འཚེའི་ཕྱོགས་བསྡུས་ཉེན་ཁའི་དཔྱད་དཔོག་ལས་དོན་སྤེལ་བར་མཛུབ་ཁྲིད་བྱ་བའི་འགན་བཅས་འཁུར་དགོས།
  (བཅུ) གནོད་འཚེའི་རོགས་སྐྱོབ་ལས་དོན་སྒྲིག་འཛུགས་དང་མཐུན་སྦྱོར། གནོད་འཚེའི་གནས་ཚུལ་ཞིབ་དཔྱད་དང་། གྱོང་གུན་ཚོད་དཔག  གེགས་སེལ་ཞལ་འདེབས་བཅས་ཀྱི་ལས་དོན་སྒྲིག་འཛུགས་དང་དེར་མཛུབ་ཁྲིད། ཀྲུང་དབྱང་གིས་གཤམ་སྤྲོད་དང་ཞིང་ཆེན་རིམ་པའི་གེགས་སེལ་དངུལ་དང་དངོས་རྫས་དོ་དམ་དང་བགོ་བཤའ་རྒྱག་པ། དེ་བཞིན་བེད་སྤྱོད་གཏོང་བར་ལྟ་སྐུལ་བཅས་བྱ་བའི་འགན་འཁུར་དགོས།
  (བཅུ་གཅིག) ཁྲིམས་ལྟར་ཉེན་མེད་ཐོན་སྐྱེད་ཀྱི་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་འགན་དབང་སྤྱོད་པ་དང་། ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་དང་གྲོང་ཁྱེར(ཁུལ)སྲིད་གཞུང་གི་ཉེན་མེད་ཐོན་སྐྱེད་ལས་དོན་ལ་མཛུབ་ཁྲིད་མཐུན་སྦྱོར་དང་ལྟ་སྐུལ་ཞིབ་བཤེར། ཉེན་མེད་ཐོན་སྐྱེད་ཀྱི་སྐོར་ཞིབ་དང་དཔྱད་ཞིབ་ལས་དོན་སྒྲིག་འཛུགས་བྱ་བའི་འགན་བཅས་འཁུར་དགོས།
  (བཅུ་གཉིས) རིམ་དབྱེ་དང་ས་ཁོངས་ཀྱི་རྩ་དོན་གཞིར་བཟུང་བཟོ་གཏེར་ཚོང་དོན་ཐོན་སྐྱེད་གཉེར་སྐྱོང་ཚན་པས་བདེ་འཇགས་ཐོན་སྐྱེད་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་ལག་བསྟར་བྱས་ཚུལ་དང་དེ་བཞིན་བདེ་འཇགས་ཐོན་སྐྱེད་ཀྱི་ཆ་རྐྱེན་དང་འབྲེལ་ཡོད་སྒྲིག་ཆས(དམིགས་བསལ་སྒྲིག་ཆས་ཕུད) དང་། རྒྱུ་ཆ། ངལ་རྩོལ་འགོག་སྲུང་སྤྱོད་ཆས་བཅས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་དོ་དམ་ལས་དོན་ལ་ཁྲིམས་ལྟར་ལྟ་སྐུལ་ཞིབ་བཤེར། ཉེན་མེད་ཐོན་སྐྱེད་བྱས་འཐུས་ལམ་ལུགས་ལག་ལེན་བསྟར་བར་ཁྲིམས་ལྟར་སྒྲིག་འཛུགས་དང་དེར་ཁྲིད་སྟོན་བྱ་བའི་འགན།  ཉེན་ཡོད་རྫས་འགྱུར་དངོས་རྫས་ཀྱི་བདེ་འཇགས་ལྟ་སྐུལ་དོ་དམ་གྱི་ཕྱོགས་བསྡུས་ལས་དོན་དང་ཤོག་སྦག་ཚོན་ཁྲ་ཅན་གྱི་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་གྱི་འགན། རྡོ་སོལ་གཏེར་ཁ་དང་རྡོ་སོལ་གཏེར་ཁ་མིན་པའི་རི་བོ་ཉེན་མེད་ངང་ཐོན་སྐྱེད་བྱ་བར་ལྟ་སྐུལ་དོ་དམ་བྱ་བའི་འགན་བཅས་འཁུར་དགོས།
  (བཅུ་གསུམ) ཐོན་སྐྱེད་བདེ་འཇགས་ཐད་ཀྱི་ལས་འཛོལ་ལ་བརྟག་དཔྱད་དང་ཐག་གཅོད་བྱ་བ་ཁྲིམས་ལྟར་སྒྲིག་འཛུགས་དང་མཛུབ་ཁྲིད་དང་། ལས་འཛོལ་རྩད་ཞིབ་ཐག་གཅོད་དང་འགན་འཁྲི་བདའ་འདེད་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་བྱ་བའི་འགན།  རང་བྱུང་གནོད་འཚེའི་རིགས་ཀྱི་གློ་བུར་དུ་བྱུང་བའི་དོན་རྐྱེན་བརྟག་དཔྱད་དང་དཔྱད་དཔོག་ལས་ཀ་སྤེལ་བའི་སྒྲིག་འཛུགས་བྱ་བའི་འགན་བཅས་འཁུར་དགོས།
  (བཅུ་བཞི།) བབ་བསྟུན་དངོས་ཟོག་གྲབས་གསོག་དང་བབ་བསྟུན་རོགས་སྐྱོབ་སྒྲིག་ཆས་འཆར་འགོད་བཟོ་བ་མ་ཟད་ལག་བསྟར་སྒྲིག་འཛུགས་བྱ་བའི་འགན་དང་། འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་བབ་བསྟུན་དངོས་ཟོག་གི་ཆ་འཕྲིན་སྟེགས་བུ་དང་གཏོང་སྤྲོད་ལམ་ལུགས་འཛུགས་པ་དང་དེའི་འཐུས་སྒོ་ཚང་དུ་བཏང་ནས་རྒུད་སྐྱོབ་བྱེད་སྐབས་གཅིག་གྱུར་གྱིས་བཀོད་གཏོང་བྱ་བའི་འགན་འཁུར་དགོས།
  (བཅོ་ལྔ) འཕྲལ་བསྟུན་མཁོ་སྒྲུབ་དོ་དམ་དང་། ཉེན་མེད་ཐོན་སྐྱེད་ཀྱི་དྲིལ་བསྒྲགས་སློབ་གསོ། སྦྱོང་བརྡར་བཅས་ཀྱི་ལས་ཀ་བྱེད་འགན་དང་། འཕྲལ་བསྟུན་མཁོ་སྒྲུབ་དོ་དམ་དང་། ཉེན་མེད་ཐོན་སྐྱེད་ཀྱི་ཚན་རིག་ལག་རྩལ་ཞིབ་འཇུག ཁྱབ་སྤེལ་བེད་སྤྱོད། ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་བཅས་ཀྱི་ལས་ཀ་སྒྲིག་འཛུགས་ཀྱི་འགན་འཁུར་དགོས།
  (བཅུ་དྲུག) ཞིང་ཆེན་ས་ཡོམ་ཅུའུ་དང་མཚོ་སྔོན་རྡོ་སོལ་གཏེར་ཁུངས་བདེ་འཇགས་ལྟ་ཞིབ་ཅུའུ་ལ་འབྲེལ་གཏུག་བྱ་བའི་འགན་ཡོད།
  (བཅུ་བདུན། ) ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྲད་པའི་ལས་འགན་གཞན་དག་ལེགས་འགྲུབ་བྱ་དགོས།
 

གཤམ་གྱི་རྩ་གཉིས་ཨང་རྟགས་བཤེར་དང་དྲ་ངོས་ལ་གཟིགས་ཐུབ། 

རྩོམ་སྒྲིག་པ། : ཁོན་ཐར་འཚོ།