མཚོ་སྔོན་གྱི་ཧུང་ཀྲུང2023ལོའི་རྒྱལ་ཡོངས་སྤྲོ་གསེང་ཞིང་ལས་ཀྱི་རྫོང་གཙོ་བོར་བདམས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ཆར། ཞིང་ལས་དང་གྲོང་གསེབ་པུའུ་ཡིས2023ལོའི་རྒྱལ་ཡོངས་སྤྲོ་གསེང་ཞིང་ལས་རྫོང་གཙོ་བོ་ཡི་མིང་ཐོ་ཁྱབ་སྒྲོག་བྱས་ཤིང་། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་ཧུང་ཀྲུང་ཆུས་མིང་ཐོ་དེར་བདམས་ཐོན་བྱུང་ཡོད་པ་རེད། མིག་སྔར། མཚོ་སྔོན་ཞིང་ཆེན་དུ་རྒྱལ་ཡོངས་སྤྲོ་གསེང་ཞིང་ལས་རྫོང་གཙོ་བོ4ཡོད་ལ། དེ་ལས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྒྱ་མདོ་ཧུའེ་རིགས་རང་སྐྱོང་རྫོང་དང་། ཟི་ལིང་གྲོང་ཁྱེར་རྟ་ཐང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་གཉིས་2021ལོར་བདམས་པ་དང་། མཚོ་ཤར་གྲོང་ཁྱེར་ཧྲོར་གྲོང་ཧོར་རིགས་རང་སྐྱོང་རྫོང2022ལོར་བདམས་པ་རེད།

ཟི་ལིང་གྲོང་ཁྱེར་ཧུང་ཀྲུང་ཆུས་ནི་རྨ་ཙོང་རིག་གནས་བྱུང་འཕེལ་གྱི་གནས་ཤིག་ཡིན་ཞིང་། ཞིང་ཆེན་ཡོངས་ཀྱི“སྐོར་བ་གཅིག་ལམ་ཐིག་གསུམ་དོག་ལམ་གསུམ་ས་ཁུལ་གསུམ”དང་“དབྱར་གནས་གྲོང་ཁྱེར་ཟི་ལིང་གི་བསྐོར་ལམ”གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། ས་ཁོངས་དེར་རང་བྱུང་ཐོན་ཁུངས་དང་གཏིང་ཟབ་པའི་རིག་གནས་ཀྱི་རྨང་གཞི་ལྡན་ཞིང་། སྤྲོ་གསེང་ཞིང་ལས་དང་གྲོང་གསེབ་ཡུལ་སྐོར་འཕེལ་སྟངས་ཧ་ཅང་ཡག་ལ། ལྷག་པར་ སྲིད་ཇུས་ཀྱི་མ་ལག་འཐུས་ཚང་ཞིང་། ལས་སྒོ་འཕེལ་སྟངས་ཕུན་སུམ་ཚོགས་པ། རྒྱ་སྐྱེད་བྱེད་ནུས་སྣ་མང་བ། རྨང་གཞིའི་སྒྲིག་བཀོད་འཐུས་ཚང་བ་བཅས་ཀྱི་ཁྱད་ཆོས་མངོན་གསལ་ལྡན་པས། སྤྲོ་གསེང་ཞིང་ལས་རྫོང་གཙོ་བོ་གཏོད་པར་ཐུན་མོང་མ་ཡིན་པའི་དགེ་མཚན་ལྡན།

སྤྲོ་གསེང་ཞིང་ལས་ཀྱི་རྫོང་གཙོ་གནད་འཛུགས་སྐྲུན་ལས་དོན་སྤེལ་བ་ནི་ཞིང་ལས་དང་གྲོང་གསེབ་པུའི་ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུའི་དགོངས་དོན་དང་།  《ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི2023ལོའི་གྲོང་གསེབ་དར་སྤེལ་གྱི་གཙོ་གནད་ལས་དོན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར》 《རྒྱལ་ཡོངས་ཀྱི་གྲོང་གསེབ་ཐོན་ལས་འཕེལ་རྒྱས་འཆར་འགོད(2020ལོ་ནས2025ལོའི་བར)》དང《ཞིང་ལས་དང་གྲོང་གསེབ་པུའི་ནུས་པ་སྣ་མང་རྒྱ་ཆེར་བཏང་ནས་གྲོང་གསེབ་ཀྱི་ཐོན་ལས་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་སྐོར་གྱི་ཁྲིད་སྟོན་བསམ་འཆར》བཅས་ཀྱི་བྱེད་ཐབས་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་པ་ཡིན་ཏེ། གཙོ་བོ་རྫོང་ཁོངས་ལས་ཁུངས་སུ་བྱས་ནས་ཐོན་ཁུངས་ཀྱི་དགེ་མཚན་མངོན་པར་གསལ་བ། སྒྲིག་བཀོད་ཆ་རྐྱེན་ལེགས་པ། ཐོན་ལས་འཕེལ་རྒྱས་སྔོན་ཐོན་ཡིན་པ། རྩ་འཛུགས་ཀྱི་འགན་ལེན་ནུས་ལྡན་ཡོད་པ། ཞིང་འབྲེལ་དང་ཞིང་པར་སྣེ་ཁྲིད་དམ་ཟབ་བཅས་ཀྱི་སྤྲོ་གསེང་ཞིང་ལས་ཀྱི་གཙོ་གནད་རྫོང་ཁག་གཅིག་འཛུགས་སྐྲུན་བྱས་ནས། ཞིང་ལས་དང་ཡུལ་སྐོར་ལས་རིགས་མཉམ་འདྲེས་གཏིང་ཟབ་ཡོང་བ་དང་།  སྤྲོ་གསེང་ཞིང་ལས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྔར་ལས་སྐུལ་འདེད་གཏང་ཆེད་རེད། 

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།