ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་དཔེ་མཚོན་ཅན་བདུན་ཐེར་འདོན་བྱས།
ཡོང་ཁུངས། གཡེར་མོ་ཐང་།
རྩོམ་སྒྲིག་པ། རྟ་མགྲིན་དཔལ།
སྤེལ་དུས། 2023-09-22 14:53:00
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ9ཚེས20ཉིན་གློག་འཕྲིན་འབྱོར་གསལ། ཟླ་མཆོད་དང་རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་ཐོན་ལ་ཉེ་བའི་སྐབས་འདིར། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཅན་གྱི་དགོངས་དོན་དེ་ངེས་པར་དུ་གཙིགས་འཛིན་ནན་འཛིན་གྱིས་དོན་ཐོག་ཏུ་འཁྱོལ་དགོས་པ་ལས་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང་། ཉིན་འགའི་སྔོན་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་དཔེ་མཚོན་ཅན་བདུན་ཐེར་འདོན་བྱས་ཡོད་ལ། ནང་དོན་ཞིབ་ཕྲ་གཤམ་གསལ།
རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཚོད་སྐོར་ལྟ་སྐུལ་མཛུབ་ཁྲིད་སིའི་དེ་སྔའི་ཏང་ཀྲི་པུའི་ཧྲུའུ་ཅི། སི་ཀྲང་ཝང་ཆིང་ཡུན་གྱིས་སྒྲིག་འགལ་ངང་ལེགས་སྐྱེས་དང་གསུག་དངུལ་བླངས་ཏེ། གསོལ་སྟོན་ལ་ཞུགས་པ་སོགས་གཞུང་དོན་དྲང་གཞག་གིས་སྒྲུབ་པར་ཤུགས་རྐྱེན་ཐེབས་པའི་གནད་དོན་ཡོད་པ་རེད། 2013ལོ་ནས2021ལོའི་བར་ཝང་ཆིང་ཡུན་གྱིས་དོ་དམ་དང་ཞབས་འདེགས་ཞུ་ཡུལ་གྱིས་རིམ་པ་མཐོ་བའི་ཆང་དཀར་དང་ཡིག་གཟུགས་བརྩམས་ཆོས་སོགས་ཀྱི་ལེགས་སྐྱེས་དང་འཛད་སྤྱོད་གཱ་བླངས་པ་མ་ཟད། དོ་དམ་དང་ཞབས་ཞུ་བྱ་ཡུལ་གྱིས་བཀོད་སྒྲིག་བྱས་པའི་གསོལ་སྟོན་དུ་ཐེངས་མང་པོར་ཞུགས། དེ་ལས་གཞན་ཝང་ཆིང་ཡུན་ལ་ད་དུང་ཁྲིམས་འགལ་ལུགས་དཀྲུག་གི་གནད་དོན་གཞན་དག་གནས་ཡོད་པས་ཏང་ནང་གི་གོ་གནས་མེད་པར་བཟོ་བ་དང་སྲིད་དོན་གནས་དབྱུང་གི་ཆད་པ་ཕོག་པ་རེད།
ཧྲང་ཧའེ་དུས་བཅད་ཚོང་ཟོག་ཉོ་ཚོང་ཁང་གི་དེ་སྔའི་ཏང་ཨུ་ཧྲུའུ་ཅི་དང་ལས་འཛིན་འགོ་གཙོ་ཅང་ཡན་གྱིས་སྒྲིག་འགལ་ངང་གསུག་དངུལ་བླངས་པ། གསོལ་སྟོན་ལ་ཞུགས་ནས་དྲང་གཞག་ངང་གཞུང་དོན་སྒྲུབ་པར་ཤུགས་རྐྱེན་ཐེབས་པར་མ་ཟད། སྒྲིག་འགལ་ངང་བྱིན་པ་དང་ཁ་གསབ་ལེན་པ་སོགས་ཀྱི་གནད་དོན་ཡང་ཡོད་པ་རེད། 2017ལོ་ནས2021ལོའི་བར་ཅང་ཡན་གྱིས་ཐེངས་དུ་མར་དོ་དམ་དང་ཞབས་ཞུ་བྱ་ཡུལ་གྱིས་མྱུར་སྐྱེལ་བརྒྱུད་བསྐུར་སྐྱེལ་བྱས་པའི་ཟླ་མཆོད་བག་ལེབ་དང་ཇ་སོགས་ལེགས་སྐྱེས་བླངས་པ་མ་ཟད། སྒྲིག་འགལ་གྱི་བྱེད་སྤྱོད་ཁག་གཅིག་ཟླ་མཆོད་དུས་ཆེན་སོགས་དུས་ཆེན་གྱི་སྔ་རྗེས་སུ་ཡང་ཐེངས་དུ་མར་དོ་དམ་དང་ཞབས་འདེགས་ཞུ་ཡུལ་གྱིས་རིན་གོང་ཆེ་བའི་མགྲོན་ཁང་དང་ཀུང་སིའི་ནང་ཁུལ་གྱི་ཟ་ཁང་ལ་བཀོད་སྒྲིག་བྱས་པའི་གསོལ་སྟོན་དུ་ཐེངས་མང་ཞུགས་པ། སྒྲིག་འགལ་ངང་ས་ཆ་གཞན་དུ་སྐོང་འཐེན་བྱས་པའི་ལས་བྱེད་པར་སྡོད་ཁང་ཉོ་བའི་ཁ་གསབ་སྤྲད་པ། མི་སྒེར་གྱིས་སྒྲིག་འགལ་ངང་ཁ་གསབ་བླངས་པ་སོགས་་ཡོད། དེ་ལས་གཞན་ཅང་ཡན་ལ་ད་དུང་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་གཞན་དག་གནས་ཡོད་པས་ཏང་ནང་གི་གོ་གནས་མེད་པ་བཟོས་ཤིང་སྲིད་དོན་གནས་དབྱུང་གི་ཆད་པ་བཅད།
ཀྲུང་གོ་གཏེར་ལྔ་སྡེ་ཤོག་ཀྲུང་ཡེ་ཧྭ་ཐེན་ལས་གྲྭ་ལག་རྩལ་ཚད་ཡོད་ཀུང་སིའི་དེ་སྔའི་ཏང་ཨུའི་ཧྲུའུ་ཅི། ཏུང་ཧྲི་ཀྲང་ཐང་ཐེན་གྱིས་སྒྲིག་འགལ་ངང་གཞུང་དངུལ་ལེགས་སྐྱེས་ཕུལ་བས་དྲང་གཞག་ངང་གཞུང་དོན་སྒྲུབ་པར་ཤུགས་རྐྱེན་ཐེབས་བཟོ་ཡོད་པའི་གསོལ་སྟོན་སོགས་ཀྱི་གནད་དོན་ཡོད་པ་རེད། 2019ལོ་ནས2022ལོའི་བར་ལས་གཞི་ག་གེ་མོ་ཞིག་སྒྲུབ་འགན་འཁུར་ཆེད། ཐང་ཐེན་གྱིས་ཁོངས་གཏོགས་ལས་ཁུངས་ལ་སྒྲིག་འགལ་ངང་རིན་གོང་ཆེ་བའི་ཆང་དཀར་རིན་ཐང་སྒོར་ཁྲི3ཅན་སྤྲད་པ་དང་། དྲང་གཞག་ངང་གཞུང་དོན་སྒྲུབ་པར་ཤུགས་རྐྱེན་ཐེབས་བཟོ་ཡོད་པའི་གསོལ་སྟོན་དུ་ཕུལ་བ་འབྲེལ་རིམ་པ་མཐོ་བའི་ཆང་དཀར་གྱིས་མགྲོན་བྱས་པ། ཐེངས་དུ་མར་ཚོང་དོན་སྣེ་ལེན་བྱེད་རིང་སྒྲིག་འགལ་ངང་རིམ་པ་མཐོ་བའི་ཨ་རག་དང་ཟ་འཐུང་མཁོ་འདོན་བྱས་ཡོད། དེ་ལས་གཞན་ཐང་ཐེན་ལ་ད་དུང་ཁྲིམས་འགལ་ལུགས་དཀྲུག་གི་གནད་དོན་གཞན་དག་གནས་ཡོད་པས་ཏང་ནང་གི་གོ་གནས་མེད་པ་བཟོ་བ་དང་སྲིད་དོན་གནས་དབྱུང་གི་ཆད་པ་ཕོག་ཡོད།
ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར་སྲིད་གྲོས་མི་འབོར་ཐོན་ཁུངས་ཁོར་ཡུག་ཨུ་ལྷན་གྱི་ཀྲུའུ་རེན། རིམ་པ་གཉིས་པའི་སྐོར་གཟིགས་པ་དབྱང་ཧྲེང་ཆོན་གྱིས་གཏན་འབེབས་ལས་འགལ་ནས་ཁོངས་གཏོགས་ལས་ཁུངས་ཀྱི་རླངས་འཁོར་གཡར་སྤྱོད་བྱས་པས་དྲང་གཞག་ངང་གཞུང་དོན་སྒྲུབ་པར་ཤུགས་རྐྱེན་ཐེབས་སྲིད་པའི་གསོལ་སྟོན་སོགས་ཀྱི་གནད་དོན་ཡོད་་པ་རེད། 2018ལོ་ནས2022ལོའི་བར་དབྱང་ཧྲེང་ཆོན་གྱིས་ལན་ཀྲོའུ་གྲོང་ཁྱེར་འབྲུ་རིགས་ཅུས་ཀྱི་ཅུས་ཀྲང་དང་གྲོང་ཁྱེར་སྲིད་གྲོས་མི་འབོར་ཐོན་ཁུངས་ཁོར་ཡུག་ཨུ་ལྷན་གྱི་ཀྲུའུ་རེན་གྱི་འགན་འཁུར་རིང་། གཏན་འབེབས་ལས་འགལ་ཏེ་ཁོངས་གཏོགས་ལས་ཁུངས་ཀྱི་གཞུང་འཁོར་གཡར་ནས་ལས་ཚོགས་གྲོལ་འཚོགས་ཀྱི་འགྲོ་འདུག་ལ་སྤྱད། 2021ལོའི་ལྔ་གཅིག་དུས་ཆེན་གོང་སྒྲིག་འགལ་ངང་དོ་དམ་དང་ཞབས་འདེགས་ཞུ་ཡུལ་གྱིས་བཀོད་སྒྲིག་བྱས་པའི་གསོལ་སྟོན་དང་ལེན་བྱས། དེ་ལས་གཞན་དབྱང་ཧྲེང་ཆོན་ལ་ད་དུང་སྒྲིག་འགལ་གྱི་གནད་དོན་གཞན་དག་གནས་ཡོད་པས་ཏང་ནང་དུ་ཐ་ཚིག་དྲག་པོ་སྒྲོག་པ་དང་སྲིད་དོན་སྲིད་དོན་ཐད་ཀྱི་ཚབས་ཆེའི་སྐྱོན་ཐོ་འགོད་པའི་ཆད་པ་བཅད།
ཨན་ཧུའེ་ཞིང་ཆེན་ཕུའུ་དབྱང་གྲོང་ཨུའི་སྒྲིག་ཁོངས་གཞུང་དོན་ཁང་གི་དེ་སྔའི་ཀྲུའུ་རེན་ཀུའུ་ཀྲུང་ཝུའེ་དང་། གྲོང་ཁྱེར་ནོར་སྲིད་ཅུས་ཀྱི་ཅུས་ཀྲང་ཏ་ཧྲིན་ཧྲེང་གིས་གསོ་སྦྱོང་བྱེད་རིང་དྲང་གཞག་ངང་གཞུང་དོན་སྒྲུབ་པར་ཤུགས་རྐྱེན་ཐེབས་བཟོ་ཡོད་པའི་གསོལ་སྟོན་དང་ལེན་བྱས་པའི་གནད་དོན་ཡོད་པ་རེད། 2022ལོའི་ཟླ12པར། ཀུའུ་ཀྲུང་ཝུའེ་དང་ཏ་ཧྲེང་ཧྲིན་གྱིས་གྲོང་ཨུ་ཏང་གི་སློབ་གྲྭར་གཉེར་བའི་འགོ་ཁྲིད་ལས་བྱེད་པའི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་བསྟར་བའི་གསོ་སྦྱོང་འཛིན་གྲྭར་ཞུགས་རིང་ཆོག་མཆན་མ་ཐོབ་པར། རང་དགར་ཕྱིར་བསྐྱོད་ནས་དྲང་གཞག་ངང་གཞུང་དོན་སྒྲུབ་པར་ཤུགས་རྐྱེན་བཟོ་སྲིད་པའི་གསོལ་སྟོན་དང་ལེན་བྱས་པ་དང་འབྲེལ། རིམ་པ་མཐོ་བའི་ཆང་རག་འཐུང་བ་མ་ཟད། ཀུའུ་ཀྲུང་ཝུའེ་ཡིས་ད་དུང་གཞུང་ལས་མི་སྣ་གཞན་དག་གསོལ་སྟོན་ནང་གདན་ཞུ་བྱས་པ་རེད། ཀུའུ་ཀྲུང་ཝུའེ་ལ་ཏང་ནང་ཁུལ་གྱི་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་དང་གོ་གནས་ལེགས་སྒྲིག་གི་ཆད་པ་ཕོག་པ་དང་། ཏ་ཧྲིན་ཧྲེང་ལ་ཏང་ནང་ཁུལ་གྱི་ཐ་ཚིག་སྒྲོག་པའི་ཆད་པ་ཕོག་པ། མི་སྣ་གཞན་དག་ལ་དེ་མཚུངས་ཀྱི་ཆད་པ་ཕོག་ཡོད་པ་རེད།
དེ་སྔའི་ཅང་སུའུ་ཞིང་ཆེན་ཧོའེ་ཧའེ་ཟློས་གར་ཚོགས་པའི་ཏང་ཀྲི་པུའི་ཧྲུའུ་ཅི། ཚོགས་གཙོ་ཁྲེན་དབན་ཧུང་ལ་སྒྲིག་འགལ་ངང་གཞུང་དངུལ་སྤྱད་དེ་ཟ་འཐུང་དང་ལེགས་སྐྱེས་ཕུལ་བ་སོགས་ཀྱི་གནད་དོན་ཡོད་པ། 2016ལོ་ནས2021ལོའི་བར་ཁྲེན་དབན་ཧུང་གིས་ཁོངས་གཏོགས་ལས་ཁུངས་ལ་བཀོད་སྒྲིག་སྒོས་འཛིན་ཤོག་རྫུན་འབྲི་དང་། ཕན་བདེའི་གྲོན་དངུལ་རྫུན་སྣོན། ལས་གཞིའི་མ་དངུལ་གཡོ་ལེན་སོགས་ཀྱི་བྱེད་ཐབས་སྤྱད་དེ་གཞུང་དངུལ་གཡོ་ལེན་བྱས་ནས་སྒྲིག་འགལ་ཐོག་ཁྱོན་སྒོར་ཁྲི་40.36ཡིས་ཐ་མག་དང་ཆང་རག་ཉོས་པ་དང་། ཁྲེན་དབན་ཧུང་མི་སྒེར་ནས་ཐ་མག་བསྡམ་ཐོ20བཀོལ་སྤྱོད་བྱས། སྣེ་ལེན་གྱི་མི་གྲངས་ཚད་ལས་བརྒལ་བའི་གཞུང་དོན་སྣེ་ལེན་བྱས་པ་རྫུན་བཟོ་བྱས་པ་དང་། ཟླ་མཆོད་དུས་ཆེན་རིང་གཞུང་དངུལ་གྱིས་ཉོ་སྒྲུབ་བྱས་པམ་ཟད།འབྲེལ་ཡོད་ལས་ཁུངས་ལ་ཉོ་སྒྲུབ་གཱ་དང་། སྣུམ་སྣོན་གཱ་སོགས་བྱིན། ཁྲེན་དབན་ཧུང་ལ་ད་དུང་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་གཞན་དག་གནས་ཡོད་པས་ཏང་ནང་ཐ་ཚིག་ནན་པོ་སྒྲོག་པ་དང་སྲིད་དོན་རིམ་པ་གཅོག་པའི་ཆད་པ་ཕོག །
ཧྲན་ཤིས་ཞིང་ཆེན་ལིན་ཧྥུན་གྲོང་ཁྱེར་ཨན་ཙེ་རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལི་རོན་ཕིང་གིས“ཁང་སྟོན”གཉེར་སྐབས་སྒྲིག་འགལ་ངང་སྐྱེས་དངུལ་བླངས་པའི་གནད་དོན་ཡོད་པ་རེད། 2022ལོའི་ཟླ10པར་ལི་རོན་ཕིང་གིས་མི་སྒེར་གྱི“ཁང་སྟོན”སྐབས་སྒྲིག་འགལ་ངང་དོ་དམ་དང་ཞབས་འདེགས་ཞུ་ཡུལ་སོགས་ཀྱི་མི་སྣའི་དངུལ་སྒོར་ཁྲི5.01བླངས་ཡོད། ལི་རོན་ཕིང་ལ་ཏང་ནང་ཁུལ་གྱིས་ཐ་ཚིག་ནན་པོ་བསྒྲགས་ཏེ་ཆད་པ་ཕོག་པ་རེད།
ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་གཏན་ལ་ཕབ་ནས་ལག་བསྟར་བྱ་བ་ནི་ང་ཚོའི་ཏང་གིས་དུས་རབས་གསར་པར་མང་ཚོགས་ལ་ཡིད་ཆེས་བརྟན་པོ་འཛུགས་ཐབས་ཤིག་ཡིན་ལ། “ལོ་ངོ་བཅུའི་རིང་འབད་འཐབ”བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་མོད། འོན་ཀྱང་ཡ་ང་བའི་སྒྲིག་འགལ་གྱི་སྣང་ཚུལ་ཡང་ཡང་ཐོན་པ་དང་། ངོ་བོ་གཞན་འགྱུར་གྱི་མི་མངོན་སྟོབས་ཤུགས་ངན་པ་ཇེ་ཆེར་འགྲོ་བཞིན་ཡོད་པས། ངེས་པར་དུ་ཐོག་མཐའ་བར་གསུམ་དུ་རིག་པ་དྭངས་གསལ་རྒྱུན་འཁྱོངས་བྱས་ཏེ་དམ་འཛིན་ལྷོད་མེད་བྱེད་དགོས། གོང་གསལ་བརྡ་ཁྱབ་བཏང་བའི་གྱོད་དཔེ་བདུན་ནི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་ཞིང་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་གྱི་ཆད་པ་ཕོག་པའི་གནད་དོན་ཞིག་ཡིན་པས། དེ་ནི་གོམས་གཤིས་ངན་པ་དང་འདོད་རྔམ་ལ་ཚད་མེད་པའི་དཔེ་མཚོན་ཞིག་རེད། འགན་འཁྲི་ཡོད་མཁན་མང་ཆེ་བ་ནི་ལས་ཁུངས་དེའི་འགོ་ཁྲིད་དང་པོ་རེད། གནད་དོན་དེ་དག་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་པ་དེས་ཏང་ཀྲུང་དབྱང་གིས་སྔ་ཕྱི་བར་གསུམ་དུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱ་བར་སྐུལ་འདེད་ནན་པོ་གཏོང་བའི་བློ་བརྟན་འགྱུར་མེད་ཀྱི་བློ་སྟོབས་གང་ལེགས་མངོན་ཡོད། རིམ་པ་ཁག་གི་ཏང་རྩ་འཛུགས་དང་འགོ་ཁྲིད་ལས་བྱེད་པས་རང་རྟོགས་ཀྱིས་ཚད་གཞིའི་ཐོག་ནས་སྤྱོད་ཚུལ་ལེགས་སྐྱོང་དམ་འཛིན་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་གཏིང་ཟབ་བྱས་ཏེ། སྤྱོད་ཚུལ་ནན་པོ་གསལ་སྟོན་དང་། ཚད་གཞི་ནན་པོ། སྒྲིག་ཁྲིམས་ནན་པོ་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ། རང་ཉིད་ཀྱི་གསར་བརྗེའི་སྙིང་སྟོབས་ལ་བརྟེན་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་ཆུ་རགས་བརྟན་པོ་སྲུང་དགོས། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སེམས་ཐག་གཙང་མར་བཅད་དེ་གྱོད་གཞི་ཞིབ་བཤེར་ཐག་གཅོད་བྱ་རྒྱུ་དེ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་བྱེད་སྤྱོད་ལ་བཟོད་སྒོམ་གཏན་ནས་མི་བྱེད་པ་དང་། གོ་གནས་མཐོ་དམན་ལ་མ་བལྟོས་པར་སུས་གཏན་འབེབས་ལས་འགལ་ཚེ་དེ་ཐག་གཅོད་ནན་པོ་བྱེད་པ། སྐྱིད་འདོད་དང་བག་མེད་ཆུད་ཟོས་ཀྱི་བྱེད་སྤྱོད་ཐོན་ཚེ་དེ་ལ་རྡུང་རྡེག་གཏོང་བ། མངོན་མེད་གཞན་འགྱུར་གྱི་འགུལ་ཕྱོགས་གསར་པར་དུས་དང་རྣམ་པ་ཀུན་ཏུ་དོགས་ཟོན་བྱེད་པ། བསམ་གཟས་སྒྲིག་འགལ་གྱི་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ་བཅས་བྱས་ཏེ་ཉེན་བརྡ་དང་ཟིལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། གནས་བབ་གསར་པའི་འོག་གི་སྤྱོད་ཚུལ་ལེགས་སྐྱོང་གི་ཆོས་ཉིད་དང་ཁྱད་ཆོས་ཁོང་དུ་ཆུད་པ་དང་། ཡོངས་ཁྱབ་ཏུ་ཐོན་ཞིང་ཡང་ཡང་ཐོན་པའི་སྤྱོད་ཚུལ་གྱི་གནད་དོན་ལ་དམ་པོར་དམིགས་པ། གནད་དོན་མངོན་གསལ་ཆེ་བ་དང་ལས་ཀ་སྒྲུབ་ནུས་ཞན་པའི་ཁྱབ་ཁོངས་དང་ས་ཁུལ་ལ་དམ་པོར་དམིགས་པ། འབེན་ལ་ཕོག་པ་དང་གཙོ་གནད་འགག་སྒྲོལ་བཅས་བྱ་དགོས། སྒྲིག་ཁྲིམས་བརྩི་སྲུང་ཞུ་བ། སྒྲིག་ཁྲིམས་ནན་དུ་གཏོང་བ། དོན་གཉེར་གྱི་སྤྱོད་ཚུལ་དར་སྤེལ་ཤུགས་ཆེན་གཏོང་བ། སྤྱོད་གཙང་གི་སྤྱོད་ཚུལ་དར་སྤེལ་གཏོང་བ། བབ་ཆགས་ཀྱི་སྤྱོད་ཚུལ་ཆགས་པ་བཅས་བྱེད་དགོས་པའི་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས།
ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་དུས་ཆེན་སྐབས་ནི“སྤྱོད་ཚུལ་བཞིའི”གནད་དོན་བྱུང་བ་མང་བའི་དུས་ཤིག་ཡིན་པས་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཟླ་མཆོད་དང་རྒྱལ་སྟོན་ས་ཚིགས་བརྟན་སྲུང་བྱས་ཏེ། མགྱོགས་མྱུར་བྱ་སྤྱོད་སྤེལ་ནས་ལྟ་སྐུལ་སྒྲིག་བསྟར་ལ་ཤུགས་སྣོན་རྒྱག་པ་དང་དུས་ཆེན་གྱི་གོམས་སྲོལ་མུ་མཐུད་ལེགས་སུ་གཏོང་དགོས། “དུས་ཆེན་གྱི་ནད་གཞིར”དམིགས་ཏེ་གཞུང་དངུལ་སྤྱད་དེ་རྒྱས་ཟ་རྒྱས་འཐུང་དང་། གསང་བའི་ཁུལ་དུ་སྒྲིག་འགལ་ངང་གསོལ་སྟོན་དང་ལེན་བྱེད་པ། སྒྲིག་འགལ་ངང་ལག་སྐྱེས་ལེན་པ། གཉེན་སྒྲིག་དང་། འདས་མཆོད། དགའ་སྟོན་རྟེན་འབྲེལ་སོགས་ཀྱི་གོ་སྐབས་དང་བསྟུན་ནས་རྒྱུ་ནོར་གཉེར་བ། གཞུང་དངུལ་སྤྱད་དེ་ཡུལ་སྐོར་བྱེད་པ། གཞུང་འཁོར་སྒེར་སྤྱོད་སོགས་དུས་ཆེན་སྐབས་བྱུང་བ་མང་པའི་གནད་དོན་ཞིབ་བཤེར་ཐག་གཅོད་ནན་པོ་བཅས་བྱས་ནས“སྤྱོད་ཚུལ་བཞིའི”གནད་དོན་བསྐྱར་དུ་མི་འབྱུང་བམཐའ་གཅིག་ཏུ་བྱེད་དགོས། དུས་ཆེན་གྱི་ཁྱད་ཆོས་ལ་དམ་འཛིན་བྱས་ཏེ་རིན་གོང་མཐོ་བའི་ཟླ་མཆོད་བག་ལེབ་སོགས་ཀྱི་གནད་དོན་དང་འབྲེལ་བ་ཡོད་པའི་བག་མེད་ཆུད་ཟོས་ཀྱི་སྣང་ཚུལ་ཡོ་བསྲང་ཤུགས་ཆེན་བྱས་ནས་སྔ་ཙམ་ནས་དམ་འཛིན་དང་ཆུང་ས་ནས་དམ་འཛིན་དང་ཆུང་ས་ནས་སྔོན་འགོག་བྱས་ཏེ་གོམས་སྲོལ་བཟང་པོ་འཇགས་རྒྱུར་སྔོན་འགོག་བྱེད་དགོས། ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལྟ་སྐུལ་ཞིབ་བཤེར་དང་མངོན་ཞིབ་ལྐོག་འདྲི་བྱེད་ཤུགས་ཆེ་རུ་གཏོང་བ། དུས་ཆེན་གྱི“སྤྱོད་ཚུལ་བཞིའི”གནད་དོན་ཞིབ་བཤེར་ནན་པོ་བྱེད་པ། དཔེ་མཚོན་གྱོད་གཞི་དུས་ཐོག་ཏུ་ཡོངས་སྒྲོག་བྱེད་པ། བརྡ་རྟགས་ནན་པོ་རྒྱུན་མཐུད་ངང་གཏོང་བ་བཅས་བྱེད་དགོས།
ལོ་ཙཱ་བ།རྟ་མགྲིན་དཔལ།