མཚོ་བྱང་ཁུལ་གྱིས་རྫོང་ཁོངས་ཚོང་ལས་མ་ལག་གི་འཛུགས་སྐྲུན་གོམ་སྟབས་ཇེ་བརྟན་དུ་བཏང་བ།
ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།
རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།
སྤེལ་དུས། 2023-09-22 14:31:38
ཉེ་ཆར། གསར་འགོད་པས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུས་ནས་རྒྱུས་ལོན་པ་ལྟར་ན། ཅུས་དེས་ཞང་དང་གྲོང་རྡལ་གྱི་ཉོ་ཚོང་ལྟེ་གནས་བསྒྱུར་བཅོས་མཐོར་འདེགས་གཏོང་བ་དང་རིམ་གསུམ་ཟོང་སྐྱེལ་མ་ལག་འཛུགས་སྐྲུན་བྱེད་པ། འཛད་སྤྱོད་ཐབས་ལམ་ལེགས་བསྒྱུར་བྱེད་པ་བཅས་གཙོ་གནད་དུ་བཟུང་སྟེ། རོང་འབྲོག་ཁུལ་གྱི་ཚོང་རྫས་དང་ཞབས་ཞུ་མཁོ་འདོན་ཆུ་ཚད་རྒྱུན་ཆད་མེད་པར་ལེགས་བསྒྱུར་བྱེད་པ་དང་། ཟོང་སྐྱེལ་སྡེབ་སྐྱེལ་མ་ལག་ཕྱོགས་ཡོངས་ནས་འཐུས་ཚང་དུ་གཏོང་བ། ཁུལ་ཡོངས་ཀྱི་ཚོང་ལས་ཐེག་ནུས་དང་འཕེལ་རྒྱས་ཀྱི་གསོན་ཤུགས་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་བ་བཅས་བྱས།
ལས་གཞིས་སྣེ་ཁྲིད་པར་བརྟེན་ནས། རང་ས་གནས་ཀྱི་ཉོ་ཚོང་འཁོར་རྒྱུག་ཁེ་ལས་གསོ་སྐྱོང་དང་སྟོབས་ལྡན་དུ་གཏོང་བ་དང་། རྫོང་མཁར་ལྟེ་གནས་སུ་འཛིན་པ་དང་ཞང་དང་གྲོང་རྡལ་གཙོ་གནད་དུ་འཛིན་པ། སྡེ་བ་རྨང་གཞི་བྱེད་པ་བཅས་ཀྱི་ཚོང་ལས་མ་ལག་བཙུགས་ཤིང་། ཁུལ་ཡོངས་ཀྱི“ལྔ་བཅུ་བཞི”ཉོ་ཚོང་འཁོར་རྒྱུག་འཕེལ་རྒྱས་ཀྱི་འཆར་འགོད་དང་ཟུང་འབྲེལ་བྱས་ནས། མཇུག་མཐར་རྫོང་ཁོངས་ཀྱི་ཚོང་ལས་ཕྱོགས་བསྡུས་ཞབས་ཞུ་བསྒྱུར་བཅོས་མཐོར་འདེགས་དང་རིམ་གསུམ་ཟོང་འགྲུལ་མ་ལག་འཛུགས་སྐྲུན། འཛད་སྤྱོད་ཐབས་ལམ་ལེགས་སྒྱུར། ཞིང་ཕྱུགས་ཐོན་རྫས་གང་སར་སྐྱོད་པ་དང་རོང་འབྲོག་ཁུལ་གྱི་འཛད་སྤྱོད་སྤུས་ཚད་མཐོར་འདེགས་གཏོང་བ་སོགས་ཀྱི་ཐད་ནས་རྫོང་ཁོངས་ཀྱི་ཚོང་ལས་མ་ལག་འཛུགས་སྐྲུན་གཙོ་གནད་ལས་གཞི7འཆར་འགོད་བྱས་པར། བསྡོམས་པས་མ་དངུལ་སྒོར་ཁྲི2294.8བཏང་ཞིང་། ད་སྔ་ལས་གཞི5ལེགས་འགྲུབ་བྱུང་ཡོད་ལ། ལས་གཞི2འཛུགས་སྐྲུན་བྱེད་བཞིན་པའི་སྒང་རེད།
མཚོ་བྱང་གིས་ཚོང་ལས་འཕེལ་རྒྱས་ཀྱི་གསོན་ཤུགས་བསླང་བ་དང་མཁོ་འདོན་སྦྲེལ་ཐག་དང་ཟོང་སྐྱེལ་སྡེབ་སྐྱེལ། ཚོང་རྫས་ཞབས་ཞུ་སོགས་གཞི་རིམ་དུ་བསྐྱོད་པར་སྐུལ་འདེད་བཏང་སྟེ། དེང་རབས་ཉོ་ཚོང་འཁོར་རྒྱུག་མ་ལག་སྔར་ལས་སྒྲིག་འཛུགས་ལེགས་པོ་བྱས། སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་ཞབས་ཞུའི་འགན་སྲུང་ལ་བརྟེན་ནས། མིན་ཡོན་རྫོང་གི་མཛའ་མཐུན་ཉོ་ཚོང་ཀུང་སི་དང་ཆི་ལེན་རྫོང་གི་ཅིའུ་ཆི་ཉོ་ཚོང་ཚད་ཡོད་ཀུང་སི། ཆི་ལེན་ཧྭ་ཏུང་ཉོ་ཚོང་ཚད་ཡོད་ཀུང་སི་སོགས་ཉོ་ཚོང་འཁོར་རྒྱུག་ཁེ་ལས6གིས་འཛད་སྤྱོད་ཐབས་ལམ་ལེགས་སྒྱུར་བྱེད་པར་སྐུལ་ལྕག་བཏང་བ་དང་། རྫོང་དང་ཞང་གི་འཛད་སྤྱོད་ཁྲོམ་རའི་མཁོ་འདོན་དང་འཛད་སྤྱོད་སྟབས་བདེ་ཡོང་བའི་ཚད་སྔར་ལས་ཕུན་སུམ་ཚོགས་པར་བཏང་། མིན་ཡོན་ཞུས་ཧུང་ཉོ་ཚོང་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱིས་བསྒྱུར་བཅོས་རིམ་སྤར་བྱས་པར་རྒྱབ་སྐྱོར་གནང་སྟེ། ཉོ་སྒྲུབ་དང་རོལ་རྩེད། སྤྲོ་གསེང་བཅས་ཀྱི་ལས་རྣམ་སྔར་ལས་མཉམ་འདྲེས་ཡོང་བར་སྐུལ་འདེད་བཏང་། ཆི་ལེན་དག་ཞིང་བག་ཆགས་ཉོ་ཚོང་རྐང་ཐང་ཁྲོམ་ལམ་དེ་ཞིང་ཆེན་རིམ་པའི་ཁྱད་ལྡན་རྐང་ཐང་ཁྲོམ་ལམ་དུ་ངོས་འཛིན་བྱས། མཚོ་བྱང་ཁུལ་ཞིང་ཧྲེང་ཉོ་ཚོང་ཚད་ཡོད་ཀུང་སིས་མཁོ་འདོན་སྦྲེལ་ཐག་དང་ཚོང་རྫས་ཞབས་ཞུ་གཞི་རིམ་དུ་སྐྱེལ་བར་སྣེ་ཁྲིད་དེ། རོང་འབྲོག་པར་ཐོན་རྫས་ལེགས་པོ་དང་ཐོན་རྫས་གསར་པ་ཐད་ཀར་དུ་ཉོ་རུ་བཅུག
གློག་རྡུལ་ཚོང་དོན་སྡེ་བར་བསྐྱོད་པའི་ཕྱོགས་བསྡུས་དཔེ་སྟོན་རྫོང་གི་ལས་གཞི་ལག་བསྟར་བྱས་པ་བརྒྱུད་དེ། ཁུལ་ཡོངས་ཀྱི་རྫོང་དང་ཞང་། སྡེ་བ་བཅས་རིམ་གསུམ་ཟོང་སྐྱེལ་ཞབས་ཞུའི་མ་ལག་གྲུབ་ཡོད་ལ། རྫོང་རིམ་པའི“མཛོད་ཁང་གཅིག་གྱུར་དང་དངོས་ཟོག་མཉམ་སྡེབ”བྱེད་པའི་མཛོད་ཉར་ཟོང་སྐྱེལ་འགྲེམ་གཏོང་ལྟེ་གནས4དང་། ཞང་དང་གྲོང་རྡལ་གྱི་ཟོང་སྐྱེལ་བར་བརྒྱུད་ཞབས་ཞུ་ལྟེ་གནས32། སྡེ་བ་རིམ་པའི་ཞབས་ཞུ་ས་ཚིགས152བཅས་ལེགས་འགྲུབ་བྱུང་བ་དང་། ཁུལ་ཡོངས་ཀྱི་ཁོངས་སུ་ཧྲེན་ཐུང་དང་ཡོན་ཐུང་། ཀྲུང་ཐུང་། ཡུན་ཏ། སྦྲག་སྲིད། ཅི་ཐུའུ་སོགས་བསྐུར་སྐྱེལ་ཁེ་ལས་མང་པོ་ཧྲག་སྡེབ་བྱས་ནས་རྫོང་ཁོངས་ཀྱི“མཛོད་ཁང་གཅིག་གྱུར་དང་དངོས་ཟོག་མཉམ་སྡེབ”ལྟེ་གནས་སུ་བསྡུས་ཡོད་ལ། ནུས་ལྡན་གྱི་ཞབས་ཞུའི་ནུས་པ་ཁུལ་ཡོངས་ཀྱི་ཞང་དང་གྲོང་རྡལ། སྡེ་བ་བཅས100%ལ་ཁེབས་ཡོད་ཅིང་། བཟོ་ལས་ཐོན་རྫས་གྲོང་གསེབ་ཏུ་བསྐྱོད་པ་དང་། ཞིང་ཕྱུགས་ཐོན་རྫས་གྲོང་ཁྱེར་དུ་བསྐྱོད་པའི་ཕྱོགས་གཉིས་ཟུང་སྦྲེལ་འཁོར་རྒྱུག་བྱེད་པའི“ས་ཚིགས་ཆུང་ཆུང་དང་དྲ་བ་ཆེན་པོ”ཡི་དེང་རབས་འཁོར་རྒྱུག་དྲ་བ་རིམ་གྱིས་གྲུབ་ཡོད། །