མཚོ་སྔོན་ཞིང་ཆེན་དང་ཀྲུང་གོ་ས་ཡོམ་ཅུའུ་ཡིས་མཉམ་ལས་གྲོས་མཐུན་བཀོད།
ཡོང་ཁུངས། གངས་ལྗོངས་མེ་ལོང་།
རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།
སྤེལ་དུས། 2023-09-22 09:56:02
ཟླ་དགུ་པའི་ཚེས་ཉི་ཤུ་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དང་ཀྲུང་གོ་ས་ཡོམ་ཅུའུ་ཡིས་ཟི་ལིང་དུ་མཉམ་ལས་གྲོས་མཐུན་བཀོད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཡོམ་འགོག་གནོད་སེལ་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་བ་དང་སྐྱོད་ལམ་གསར་བའི་ཡོམ་འགོག་གནོད་སེལ་བྱ་བའི་བླང་བྱ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་མཚོ་སྔོན་གྱི་ཡོམ་འགོག་གནོད་སེལ་གྱི་ཕྱོགས་བསྡུས་ནུས་པ་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་བར་རྨང་གཞི་བརྟན་པོ་བཏིངས།
ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཀྲུང་གོ་ས་ཡོམ་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། ཅུའུ་ཀྲང་མེན་དབྱི་རིན་སོགས་ལ་ཐུག་འཕྲད་བྱས་པ་དང་། ཝུའུ་ཞའོ་ཅུན་དང་མེན་དབྱི་རིན་གཉིས་ཀྱིས་ཕྱོགས་གཉིས་ཀྱི་ཚབ་བྱས་ཏེ་གྲོས་མཐུན་བཀོད།
ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ས་ཡོམ་ཅུའུ་ཡིས་དུས་ཡུན་རིང་བོར་མཚོ་སྔོན་ལ་རྒྱབ་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཞུས། ཁོ་ཚོས་བཤད་རྒྱུར། དུས་ཡུན་རིང་བོར། ཀྲུང་གོ་ས་ཡོམ་ཅུའུ་ཡིས་ས་ཡོམ་གྱི་གནས་ཚུལ་ཞིབ་གཅོད་དང་ཡོམ་འགོག་གནོད་སེལ་ལས་གཞི་འཛུགས་སྐྲུན་དང་འཁོར་སྐྱོད་སྲུང་སྐྱོབ། ཆེད་ལས་འཇོན་མི་གསོ་སྐྱོང་སོགས་ཀྱི་ཐད་མཚོ་སྔོན་ལ་རོགས་སྐྱོར་ཆེན་པོ་བྱས་ཏེ་མཚོ་སྔོན་གྱི་ཡོམ་འགོག་གནོད་སེལ་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཡོད་སྒོས་སྐུལ་འདེད་བཏང་། ཐེངས་འདིར་གྲོས་མཐུན་བཀོད་པ་ནི་མཚོ་སྔོན་གྱི་གནོད་འགོག་གནོད་སེལ་ལས་དོན་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་པས། ཀྲུང་གོ་ས་ཡོམ་ཅུའུ་ཡིས་ས་ཡོམ་ལྟ་ཞིབ་དང་སྔོན་དཔག སྔོན་བརྡ། ཚན་རྩལ་འདེགས་སྐྱོར་སོགས་ཕྱོགས་ནས་མཚོ་སྔོན་ལ་ཞིབ་ཕྲའི་མཛུབ་སྟོན་བྱེད་པ་དང་མཚོ་སྔོན་གྱི་དུས་རབས་གསར་བའི་ཡོམ་འགོག་གནོད་སེལ་ལས་དོན་གྱི་དེང་རབས་ཅན་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་རེ་བཞིན་ཡོད།
མེན་དབྱི་རིན་གྱིས་ཉེ་བའི་ལོ་འགའི་རིང་ལ་མཚོ་སྔོན་གྱིས་ཡོམ་འགོག་གནོད་སེལ་བྱ་བའི་ཁྲོད་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོས་བསྟན་དོན། ས་ཡོམ་བདེ་འཇགས་ནི་རྒྱལ་ཁབ་བདེ་འཇགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། མཚོ་སྔོན་གྱི་ས་ཡོམ་འགུལ་སྐྱོད་ཀྱི་ཁྱབ་རྒྱ་ཆེ་ཞིང་ཤུགས་ཚད་ཆེ་ལ། འགུལ་་ཚད་མཐོ་བར་མ་ཟད། རང་རྒྱལ་གྱི་ས་ཡོམ་འགུལ་སྐྱོད་ཀྱི་ས་ཁུལ་གཙོ་བོའི་གྲས་ཀྱི་གཅིག་ཡིན། ཀྲུང་གོ་ས་ཡོམ་ཅུའུ་ཡིས་ཡོམ་འགོག་གནོད་སེལ་དེང་རབས་ཅན་གྱི་ཞབས་ཞུས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འགན་སྲུང་བྱེད་པ་དང་། མཚོ་སྔོན་གྱིས་ཡོམ་འགོག་གནོད་སེལ་སྤྱི་བའི་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་པར་རྒྱབ་སྐྱོར་བྱེད་པ། ས་ཡོམ་གནོད་འཚེའི་ཉེན་ཁ་འགོག་བཅོས་དང་འཕྲལ་བསྟུན་གྲ་སྒྲིག་བྱེད་པ། སྤྱི་ཚོགས་ཀྱི་སྟོབས་ཤུགས་གོ་རིམ་ལྡན་པའི་སྒོ་ནས་ཡོམ་འགོག་གནོད་སེལ་སྤྱི་བའི་ཞབས་ཞུའི་ཁྲོད་ཞུགས་པར་ཁྲིད་སྟོན་བྱེད་པ་སོགས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྟོབས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱེད་ངེས་ཡིན།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ལིན་ཧུའུ་ཡིས་མཉམ་ལས་གྲོས་མཐུན་འགོད་པའི་བྱ་འགུལ་ལ་འགོ་འཛིན་བྱས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཀྲུའུ་ཞང་ཧྥིན་བྱ་འགུལ་ལ་ཞུགས།