ལིས་ཞི་ཡིས་ཁུ་པ་རྒྱལ་ཁབ་ལ་འཚམས་འདྲི་གནང་།
ཡོང་ཁུངས། གངས་ལྗོངས་མེ་ལོང་།
རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།
སྤེལ་དུས། 2023-09-21 09:47:37
ཁུ་པ་གུང་ཁྲན་ཏང་གིས་གདན་དྲངས་པ་ལྟར་དུ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིས་ཞི་ཡིས། ཟླ་དགུ་པའི་ཚེས་བཅུ་དྲུག་ཉིན་ནས་ཚེས་བཅོ་བརྒྱད་ཉིན་བར་ཁུ་པ་རྒྱལ་ཁབ་ལ་འཚམས་འདྲི་གནང་།
ལིས་ཞི་ཡིས་ཁུ་པ་གུང་ཁྲན་ཏང་ཀྲུང་དབྱང་གི་ཧྲུའུ་ཅི་དང་པོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏིས་ཡ་ཟི-ཁཱ་ནེའར་ལ་མཇལ་འཕྲད་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བྱམས་བརྩེའི་འཚམས་འདྲི་བརྒྱུད་སྤྲོད་གནང་། ལིས་ཞི་ཡིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོགས་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྱེད་དང་ཐུག་འཕྲད་ཐེངས་གཉིས་གནང་ནས། ཀྲུང་གོ་དང་ཁུ་པ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀའི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁུ་པ་ཕྱོགས་དང་མཉམ་དུ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀའི་ཆེས་མཐོའི་མགོ་ཁྲིད་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཏང་དང་རྒྱལ་ཁབ་སྐྱོང་བའི་ཉམས་མྱོང་བརྗེ་རེས་དང་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་བྱེད་པ། ཕྱོགས་གཉིས་ཀའི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་མུ་མཐུད་ཕན་ཚུན་རྒྱབ་སྐྱོར་བྱེད་པ། རང་སོ་སོའི་ཏང་འཛུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁུ་པ་ཕྱོགས་དང་མཉམ་དུ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོ གོ་ལ་ཧྲིལ་པོའི་དཔལ་ཡོན་གྲོས་འགོ་བཅས་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་ནས། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།
ཏིས་ཡ་ཟི-ཁཱ་ནེའར་གྱིས་ཀྲུང་གོས“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”རྒྱལ་ཁབ་དང་མཉམ་དུ་བློ་བརྟན་འགྱུར་མེད་ངང་ལངས་ནས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོབ་ནུས་ལྡན་བྱས་ཡོད། ཁུ་པ་ཕྱོགས་ཀྱིས་ཀྲུང་གོས་ཁུ་པའི་མི་དམངས་ཀྱིས་ཕྱོགས་རྐྱང་པའི་བཀག་སྡོམ་ལ་ངོ་རྒོལ་བྱེད་པའི་དྲང་བདེན་འཐབ་རྩོད་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་པ་ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་པོའི་གྲོས་འགོ་གལ་ཆེན་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན། “རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པ་བདེ་ལེགས་ཡོང་བའི་སྨོན་འདུན་ཞུས་པ་ཡིན་ཞེས་གསུངས།
ལིས་ཞི་ཡིས་ཁུ་པ་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་རྩ་འཛུགས་ཀྱི་ཧྲུའུ་ཅི་མོ་ལ་ལའེ་ཟི་དང་གྲོས་མོལ་གནང་སྐབས། ཕྱོགས་གཉིས་ཀས་ཆབ་སྲིད་ཀྱི་ཐད་ནས་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་འཐབ་ཇུས་མཉམ་ལས་ལ་ཤུགས་སྣོན་པ། ཁྱབ་ཁོངས་སོ་སོའི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཉམས་མྱོང་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་མོས་མཐུན་གནང་། ཕྱོགས་གཉིས་ཀས་ད་དུང་ཀྲུང་གོའི་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་ཁུ་པའི་སྤྱི་ཁྱབ་རྩིས་བཤེར་ཧྲུའུ་བར་གྱི་མཉམ་ལས་བསམ་ཤེས་བརྗེད་ཐོར་མིང་རྟགས་བཀོད་པར་མཉམ་དུ་བདེན་དཔང་གནང་།
ལིས་ཞི་ཡིས་ཁུ་པའི་གསར་བརྗེའི་མགོ་ཁྲིད་ལའོ་ཨར·ཁཱ་ཟི་ཐི་ལའོ་ལ་འཚམས་འདྲི་གནང་སྐབས། བློ་མཐུན་ལའོ་ཨར་ནི་ཀྲུང་གོའི་ཏང་དང་མི་དམངས་ཀྱི་མཛའ་མཐུན་གྲོགས་པོ་ཞིག་ཡིན་པ་དང་། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་ཆེད་ལོ་རྒྱུས་རང་བཞིན་གྱི་བྱས་རྗེས་བཞག་མྱོང་། མིག་སྔའི་རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་བའི་རྒྱལ་སྤྱིའི་གནས་བབ་ཀྱི་མདུན་དུ། ཀྲུང་གོ་ཕྱོགས་ཀྱིས་ཁུ་པ་ཕྱོགས་དང་མཉམ་དུ། ཀྲུང་གོ་དང་ཁུ་པའི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་སྐྲུན་བྱེད་འདོད་ཡོད་ཅེས་གསུངས།