རྒྱལ་ཡོངས་དམངས་ཆེན་གྱི་རྟོག་ཞིབ་ཚན་ཆུང་མཚོ་སྔོན་དུ་ཡོང་ནས་ཆེད་དོན་རྟོག་ཞིབ་བྱས།
ཡོང་ཁུངས། གངས་ལྗོངས་མེ་ལོང་།
རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།
སྤེལ་དུས། 2023-09-21 09:45:28
ཟླ་དགུ་པའི་ཚེས་བཅུ་བཞི་ཉིན་ནས་ཚེས་བཅུ་དགུ་ཉིན་བར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་པུའུ་ཞའོ་ལིན་གྱིས་རྟོག་ཞིབ་ཚན་ཆུང་ཁྲིད་དེ་མཚོ་སྔོན་དུ་ཡོང་ནས། ཡང་བསྐྱར་བེད་སྤྱོད་བྱེད་ཆོག་པའི་ནུས་ཁུངས་འདོན་སྤྲོད་ཕྱོགས་བསྡུས་མ་ལག་འཛུགས་སྐྲུན་གནས་ཚུལ་ལ་ཆེད་དོན་རྟོག་ཞིབ་བྱས།
རྟོག་ཞིབ་ཚན་ཆུང་སྔ་གཞུག་ཏུ་ཟི་ལིང་གྲོང་ཁྱེར་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་བཅས་ལ་སོང་ནས་ཡུལ་དངོས་རྟོག་ཞིབ་བྱས་པར་མ་ཟད། སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་དང་དམངས་ཆེན་གྱི་འཐུས་མི། ཁེ་ལས་ཀྱི་འགན་ཁུར་མི་སྣ་བཅས་དང་བཞུགས་མོལ་བརྗེ་རེས་བྱས་པ་དང་། རང་ཞིང་གི་ཡང་བསྐྱར་བེད་སྤྱོད་བྱེད་ཆོག་པའི་ནུས་ཁུངས་ཀྱི་གསར་སྤེལ་བེད་སྤྱོད་དང་མཉམ་སྤྱོད་སྐྱེལ་འདྲེན། ཐོན་ཁུངས་སྤོར་སྡེབ། ཚོང་ར་ཅན་གྱི་ཉོ་ཚོང་གནས་ཚུལ། ཞིང་བཀོལ་འགན་སྲུང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྲིད་ཇུས་སྦྲེལ་མཐུད། ནུས་གསོག་སྒྲིག་ཆས་འཆར་འགོད་འཛུགས་སྐྲུན། ཐོན་ལས་ཕྲེང་འབྲེལ་གོང་འོག་མཉམ་ལས་སོགས་ཕྱོགས་སུ་གནས་པའི་དཀའ་ཁག་དང་གནད་དོན་ལ་རྒྱུས་ལོན་གསལ་བོ་བྱས།
རྟོག་ཞིབ་ཚན་ཆུང་གིས་བསྟན་དོན། ར་བའི་ཁུལ་གྱི་ལྗང་མདོག་གློག་འདོན་སོགས་ཁྱབ་གདལ་གཏོང་བ་བརྒྱུད་དེ། རང་ས་གནས་ཀྱི་ནུས་ཁུངས་གསར་བ་ཕྱོགས་བསྡུས་ནུས་པ་མཐོར་འདེགས་གཏོང་བ་དང་། གློག་གིས་རྡོ་སོལ་གྱི་ཚབ་བྱེད་པ་དང་གློག་གིས་སྣུམ་གྱི་ཚབ་བྱེད་པ། གློག་གིས་སོལ་རླངས་ཀྱི་ཚབ་བྱེད་པའི་རྫས་འགྱུར་རྡོ་སྣུམ་འཛད་སྤྱོད་ཚབ་བྱེད་དང་ཚུལ་སྒྱུར་རིམ་སྤོར་ལག་བསྟར་བྱས་ནས། དག་གཙང་ནུས་ཁུངས་དེ་རིམ་པ་བཞིན་མཚོ་སྔོན་གྱི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་འདེགས་སྐྱོར་རྒྱུ་རྐྱེན་དུ་འགྱུར་བར་བྱེད་དགོས། ཐེངས་འདིའི་རྟོག་ཞིབ་བརྒྱུད་དེ། གནད་དོན་ལ་དམིགས་ནས་བྱེད་ཐབས་ལ་ཞིབ་འཇུག་བྱེད་པ་དང་། བཀོལ་སྤྱོད་བྱེད་ཆོག་པའི་གྲོས་གཞི་འདོན་པ། ཡང་བསྐྱར་བེད་སྤྱོད་བྱེད་ཆོག་པའི་ནུས་ཁུངས་ཐོན་ལས་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བར་རོགས་འདེགས་བྱས་ཏེ། ནུས་ཁུངས་བདེ་འཇགས་ཆུ་ཚད་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་བར་སྐུལ་འདེད་གཏོང་དགོས།
རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཏིས་ཆིན་ཡུན་རྟོག་ཞིབ་ལ་ཞུགས།