གཏན་འབེབས་གསར་པ་འདི་དག2023ལོ་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།
ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
རྩོམ་སྒྲིག་པ། སུང་ཆི།
སྤེལ་དུས། 2022-12-26 14:34:00
ཁ་པར་ནང་གི་གཞི་རྩའི་མ་ལག་ཕུདAppགཞན་དག་རང་མོས་ལྟར་གསུབ་ཆོག
《སྤོ་སྒུལ་རིག་ནུས་མཉེན་ཆས་མ་ལག་སྔར་ལས་ཚད་ལྡན་དུ་གཏོང་བའི་སྐོར་གྱི་བརྡ་ཐོ》2023ལོའི་ཟླ1པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་ཞིང་། ཁ་པར་ནང་གི་གཞི་རྩའི་མ་ལག་ཕུདAppགཞན་དག་རང་མོས་ལྟར་གསུབ་ཆོག་པར་མ་ཟད། བདེ་འཇགས་དང་སྟབས་བདེ་ཡི་མ་ལག་གསུབ་སྟངས་འདོན་སྤྲོད་བྱ་རྒྱུ།
སྒྲིག་ཁྲིམས་དང་འགལ་བའི་སྨན་བཅོས་དངུལ་རྩ་སྤྱོད་མཁན་ཐེར་འདོན་བྱས་ན་སྒོར་ཁྲི20ཡི་བྱ་དགའ་ཡོད།
《སྒྲིག་ཁྲིམས་དང་འགལ་བའི་སྨན་བཅོས་དངུལ་རྩ་སྤྱོད་མཁན་ཐེར་འདོན་བྱེད་པའི་བྱ་དགའ་སྤྲོད་ཐབས》2023ལོའི་ཟླ1པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་ཞིང་། སྒྲིག་ཁྲིམས་དང་འགལ་བའི་སྨན་བཅོས་དངུལ་རྩ་སྤྱོད་པའི་བྱ་སྤྱོད་ཚང་མ་ཐེར་འདོན་བྱ་དགའི་ཁྱབ་ཁོངས་སུ་བཞག་ནས། ས་གནས་དེ་གའི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་སྒོས། གྱོད་གཞིའི་རིན་ཐང་གི་བསྡུར་ཚད་ལྟར་ཐེར་འདོན་མཁན་ལ་བྱ་དགའ་སྤྲོད་རྒྱུ། དེ་དང་མཉམ་དུ་བྱ་དགའི་སྒོར་ཁྲི10ནས་ཁྲི20ཡིས་ཇེ་མཐོར་གཏང་རྒྱུ། དེ་མིན་ཆེས་དམའ་བའི་བྱ་དགའ་སྒོར200ལ་གཏན་འབེབས་བྱས་ཏེ། བྱ་དགའི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ་རེད།
བྱིས་པའི་མེ་འཁོར་སྤ་སེ་ལ་འགྱུར་ལྡོག་བཏང་འདུག
གསར་དུ་བཟོ་བཅོས་གཏན་འབེབས་བྱས་པའི《མེ་འཁོར་གྱི་འགྲུལ་སྐྱེལ་སྒྲིག་སྲོལ》2023ལོའི་ཟླ1པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ།
དངོས་མིང་སྤྱད་ནས་སྤ་སེ་མངགས་ཉོ་བྱེད་པའི་གནས་ཚུལ་འོག བྱིས་པའི་ལོ་ཚད་ལྟར་གཟིགས་སྐྱོང་ཚད་གཞི་གཏན་འཁེལ་བྱས་ཏེ། ལོ6ནས14མན་གྱི་བྱིས་པས་གཟིགས་སྐྱོང་སྤ་སེ་མངགས་ཉོ་བྱས་ཆོག་ཅིང་། ལོ14ཅན་གྱི་བྱིས་པས་རིན་གོང་ཆ་ཚང་ཅན་གྱི་སྤ་སེ་མངགས་ཉོ་བྱ་དགོས།
དེ་མིན། མིག་དབང་སྐྱོན་ཅན་གྱི་འགྲུལ་པས་ལོང་ཁྲིད་ཁྱི་ཁྲིད་ནས་མེ་འཁོར་ལ་བསྡད་ཆོག
ལྕགས་ལམ་འགྲུལ་སྐྱེལ་ཁེ་ལས་ཀྱིས་རྒ་རྒས་དང་བྱིས་པ། སྦྲུམ་མ། དབང་བོ་སྐྱོན་ཅན་གྱི་འགྲུལ་པ་སོགས་ལ་སྔོན་ལ་སྤ་སེ་ཉོ་བ་དང་སྔོན་ལ་མེ་འཁོར་དུ་སྡོད་པ་སོགས་ཀྱི་དམིགས་བསལ་ཞབས་ཞུ་འདོན་སྤྲོད་བྱ་རྒྱུ་དང་། རྒ་རྒས་དང་རོགས་རམ་མཁོ་བའི་འགྲུལ་པར་ལས་བཟོ་པའི་ཞབས་ཞུ་འདོན་སྤྲོད་བྱ་རྒྱུ།
སྨན་རྫས་ཐོ་འགོད་རེ་ཞུ་གློག་རྡུལ་ལམ་ནས་སྙན་སེང་བྱ་ཆོག
རྒྱལ་ཁབ་སྨན་རྫས་ལྟ་སྐུལ་ཅུའུ་ཡི་སྨན་རྫས་ཐོ་འགོད་རེ་ཞུའི་གློག་རྡུལ་སྙན་སེང་ལག་བསྟར་ཐད་ཀྱི་སྤྱི་བསྒྲགས་གཞིར་བཟུང་སྟེ། 2023ལོའི་ཟླ1པའི་ཚེས1ཉིན་ནས་བཟུང་། རེ་ཞུ་མི་སྣས་སྤྲད་པའི་རྒྱལ་ཁབ་སྨན་རྫས་ལྟ་སྐུལ་ཅུའུ་ཡིས་དཔྱད་ཞིབ་ཆོག་མཆན་འགོད་པའི་སྨན་རྫས་ཐོ་འགོད་རེ་ཞུ་དང་དཔྱད་ཞིབ་གོ་རིམ་ཁྲོད་ཁ་གསབ་བྱེད་པའི་རྒྱུ་ཆ་སོགས། གློག་རྡུལ་ལམ་ནས་འདོན་སྤྲོད་བྱ་ཆོག་ཅིང་། ཤོག་རིགས་ཀྱི་རེ་ཞུའི་རྒྱུ་ཆ་གདོན་སྤྲོད་བྱ་མི་དགོས་སོ། །
ལོ་ཙཱ་བ། ལྷ་ཆེན་རྒྱལ།