ཉེ་ལམ། བོད་ལྗོངས་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོང་འཕེལ་རྒྱས་མཐུན་ཚོགས་ཀྱིས་ལྷོ་ཁ་གྲོང་ཁྱེར་དུ2025ལོའི་བོད་ལྗོངས་གཟུགས་འདས་ཤུལ་བཞག་རིག་གནས་གཟའ་འཁོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་བསྡུས།
པར་འདི་ནི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཡུལ་དངོས་རྣམ་པ་རེད།
བོད་རང་སྐྱོང་ལྗོངས་རིག་གནས་ཡུལ་སྐོར་ཐིང་དང་ལྷོ་ཁ་གྲོང་ཁྱེར་སྲིད་གཞུང་། བོད་ལྗོངས་གཟུགས་འདས་ཤུལ་བཞག་རིག་གནས་་སྲུང་སྐྱོང་འཕེལ་རྒྱས་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པའི2025ལོའི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོ”དང་སྐབས་དང་པོའི་བོད་ལྗོངས་གཟུགས་འདས་ཤུལ་བཞག་རིག་གནས་གཟའ་འཁོར་བྱ་འགུལ་ཟླ6པའི་ཚེས13ཉིན་ནས་ཚེས18ཉིན་བར་ལྷོ་ཁ་གྲོང་ཁྱེར་དུ་སྤེལ་རྒྱུ་ཡིན་ལ། གཙོ་བོ་མགོ་ཚུགས་མཛད་སྒོ་དང་རིག་རྩལ་དགོང་ཚོགས། “གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཚོང་འདུས·མཁས་བརྒྱ་འགྲན་གླེང”ཞེས་པའི་གཟུགས་འདས་ཤུལ་བཞག་རིག་གནས་བཟོ་ཁང་གི་ཐོན་རྫས་འཚོང་སྐུལ་བཤམས་སྟོན་བྱ་འགུལ། གཟུགས་འདས་ཤུལ་བཞག་རིག་གནས་གྱོན་གོས་སྒེག་འགྲོ གཟུགས་འདས་ཤུལ་བཞག་རིག་གནས་རྣམ་གྲངས་ཚོང་འགུགས་དངུལ་འདྲེན་དང་རྣམ་གྲངས་གན་འཇོག་བྱ་འགུལ། ལྷ་མོའི་ཟློས་གར་ཆེད་དོན་འཁྲབ་སྟོན་སོགས་བྱ་འགུལ་བཀོད་སྒྲིག་བྱས་ཡོད།
པར་འདི་ནི་བསྟན་འཛིན་གྱིས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱེད་པའི་རྣམ་པ་རེད།
བོད་ལྗོངས་གཟུགས་འདས་ཤུལ་བཞག་རིག་གནས་་སྲུང་སྐྱོང་འཕེལ་རྒྱས་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་བསྟན་འཛིན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་འཁོར60ལོན་པའི་ལོ་རྒྱུས་ཀྱི་དུས་ཚོད་གལ་ཆེན་འདི་བསུ་མ་བྱ་ཆེད། ང་ཚོས་སྐབས་དང་པོའི“བོད་ལྗོངས་གཟུགས་འདས་ཤུལ་བཞག་རིག་གནས་གཟའ་འཁོར”གྱི་མུ་འབྲེལ་བྱ་འགུལ་ཞིབ་མོའི་བློ་ཡིས་ཇུས་འགོད་བྱས་ཏེ། སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་གྲོགས་པོ་རྣམས་ཟླ6པའི་ཚེས13ཉིན་ནས་ཚེས18ཉིན་བར་བོད་འབྱུང་ལྷོ་ཁར་ལྷན་འཛོམས་བྱུང་ནས། མཉམ་དུ་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་གསོལ་སྟོན་གཟབ་རྒྱས་འདི་རོལ་མྱོང་བྱེད་པ་དང་། སྐབས་དེར་ལྷ་ས་ནས་ལྷོ་ཁའི་བར་གྱི་ཐད་གཏོང་རླངས་འཁོར་དངོས་སུ་ཤར་གཏོང་བྱ་རྒྱུ་རེད།
མིག་སྔར། བོད་ལྗོངས་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཐོན་ཁུངས་ནང་དམངས་ཁྲོད་རྩོམ་རིག་དང་སྲོལ་རྒྱུན་རོལ་མོ། སྲོལ་རྒྱུན་ཞབས་བྲོ། སྲོལ་རྒྱུན་ཟློས་གར། སྲོལ་རྒྱུན་གསོ་རིག དམངས་སྲོལ་སོགས་རིགས་ཆེན་པོ་བཅུ་ཡོད་ལ། དེ་གར་བང་རིམ་གསལ་བོ་དང་མ་ལག་འཐུས་ཚང་གི་སྲུང་སྐྱོང་སྒྲིག་གཞི་ཆགས་ཡོད། དེའི་ཁྲོད་གེ་སར་སྒྲུང་དང་ལྷ་མོའི་ཟློས་གར། བོད་ལུགས་གསོ་རིག་གི་སྨན་ལུམས་བཅས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་མིའི་རིགས་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཚབ་མཚོན་བརྩམས་ཆོས་མིང་གཞུང་དུ་བཅུག་ཡོད་པས། བོད་ལྗོངས་རིག་གནས་ཀྱི་འཛམ་གླིང་ཤུགས་རྐྱེན་ཐེབས་ཤུགས་མངོན་ཡོད། རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་འཐུས་ཚབ་རང་བཞིན་རྣམ་གྲངས105དང་རང་སྐྱོང་ལྗོངས་རིམ་པའི460། རྒྱལ་ཁབ་རིམ་པའི་རྒྱུད་འཛིན་པ96དང་རང་སྐྱོང་ལྗོངས་རིམ་པའི522བཅས་ཡོད་ལ། སྲོལ་རྒྱུན་རིག་གནས་རྒྱུན་འཛིན་གྱི་གོ་རིམ་ལྡན་པའི་འཇོན་མིའི་སྐས་རིམ་ལྟ་བུའི་དཔུང་སྡེ་གྲུབ་ཡོད་པ་དང་། རྒྱུན་འཛིན་སྲུང་སྐྱོང་དང་གསར་གཏོད་འཕེལ་རྒྱས་ཀྱི་ལངས་གཟུགས་དྲ་རྒྱ་བསྐྲུན་ཡོད། །