ཁ་བའི་ཚོར་འདུ།(ཞར་བཀོད་གཅིག)

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

ཀན་ལྷོ། རྫས་ལུང་ཚེ་དར།

 

མདང་ནུབ་ཁ་ཆར་བབས་པས། །

ལུས་སེམས་ཕྱི་རློན་ནང་རློན། །

ཟིམ་ཟིམ་ཆུ་ཡི་ཐིགས་པ། །

མིག་གི་ལྷས་མཐར་འཁྱིལ་སོང་། །

ད་ནངས་ཉི་གཞོན་བཞད་པས། །

ཡིད་ཀྱི་པདྨ་གྲོལ་སོང་། །

སྙིང་གི་ན་ཟུག་ལྕི་མོ། །

ཚིག་གསུམ་གཏམ་གྱིས་གསོས་སོང་། །

དྲན་པ་དྲན་པའི་གསེང་གི། །

ཀླུ་ཆབ་གསེར་མིག་ཉ་ཆུང་། །

བདུད་རྩི་ཆང་རག་སེར་པོ། །

སྐྱོ་བའི་སེམས་གསོར་བཏུང་རོགས། །

ཕྱི་ནང་འདུར་རྒྱུག་རྒོད་པོ། །

ལྷམ་ཆུང་ཟད་པའི་གཞི་མ། །

འདུར་ན་དཀའ་ཚེགས་ཆེ་བ། །

མ་འདུར་འཐུས་ཤོར་ཚ་པོ། །

མི་ཁོམ་འཇིག་རྟེན་བྱ་ལས། །

ལུས་ཀྱི་འདོགས་ཐག་སྦོམ་པོ། །

མཇལ་འཛོམས་ན་གཞུང་སྐྱ་བོར། །

ངང་ཆུང་སེམས་རྩ་གཉོམ་པ། །

ཁ་བ་གཅིག་འབབ་གཉིས་འབབ། །

གངས་ཀྱི་ལྷུན་པོའི་རྒྱན་གཅིག །

སྙིང་སྡུག་མཚོ་ཆུང་ནོར་བུ། །

གངས་ཀྱི་མེ་ལོང་དྭངས་མོ། །

སེམས་པ་གངས་ལ་ཆགས་ཆགས། །

སྙིང་སྡུག་སྙིང་ལ་སྒོམ་པ། །

དུངས་པའི་གཞས་ཆུང་ཕྲ་མོ། །

རྒྱུད་དྲུག་དབྱངས་ལ་བརྒྱུས་འགྲོ། །

ང་ནི་ཕར་ལ་འགྲོ་འགྲོ། །

ཕར་ཕྱོགས་རྒྱ་རྫོང་ནགས་རེད། །

ཁྱོད་ནི་ཚུར་ལ་བསུ་བསུ། །

གསུང་སྐད་ཡིད་ལ་སིམ་པ། །

བརྩེ་བའི་ཐང་གཞུང་ཡངས་མོ། །

མཛོད་དགེ་གླིང་ཐང་འདྲ་བ། །

ཡིད་འོང་འབྲོག་མོའི་འཛུམ་མདངས། །

རུས་པའི་རྐང་གི་མེ་ཏོག །

པྲ་ཚག་ལང་ཤོར་འདྲ་ལེ། །

གཅེས་པའི་འབོད་བརྡ་འདྲ་ལེ། །

ནམ་ཟླ་དབྱར་གཞུང་ཞིག་ལ། །

མེ་ཏོག་གསོལ་སྟོན་རོལ་ཤོག །

སྣང་བ་ཞིག་ལ།

འུ་ཅག་ཚང་མ་རྒྱུག་ལམ་ཞིག་གི་སྣེ་མོ་ན། །

ལེགས་ཉེས་གང་གི་ལས་བྱ་མང་པོའི་སྣེ་མོ་ན། །

དཀར་ནག་གཉིས་ཀྱི་ས་བོན་འདེབས་པའི་ལས་སྣེ་ན། །

གདམ་ཀ་གང་དེའི་དབུ་ཁྱུད་སྦོམ་པོ་འདི་ནས་འབྲི། །

རྩལ་དྲུག་དཔའ་མཛངས་ཀུན་ནས་རྒྱས་ན་སྐྱིད་པ་ལ། །

བདག་པོ་དགའ་བའི་གསོས་སུ་སྨིན་ན་སྐྱིད་པ་ལ། །

ཁེ་ཕན་གོར་མོའི་ཅ་ནེ་བསྲུངས་ན་ཕངས་པ་ལ། །

སྤྱི་དོན་རིན་ཆེན་ཁུར་དུ་བླངས་ན་དགེ་བ་ལ། །

དོན་ལྡན་ལས་ཀྱི་རྔུལ་ཆུ་འབྱིན་པ་མ་མཐོང་ཡང་། །

ནག་ནོག་གྲིབ་མའི་གོ་འཛོལ་དེ་ཉིད་མཐོ་རུ་སྒྲོག །

རང་རང་ལས་ཀྱི་ལམ་ཕྲན་དེད་ན་ལེགས་པ་ལ། །

ཁོ་འདྲས་སྟོང་རུང་འཁོར་ཆེན་སྔར་བཞིན་འཁོར་བར་སྙམ། །

རང་གི་སེམས་བྱུང་རང་མདོག་རྫོད་པའི་གཤེད་དུ་གྱུར། །

ཚོར་བ་རེ་རེ་སྨྲེ་ངག་ལྟ་བུར་ཡི་གེར་ཕབ། །

སྣང་བ་ཞིག་ལ་རང་ཉིད་ཀུན་གྱིས་བསྐྱུར་ཉེན་ཞིག །

གཉུག་མར་གནས་པའི་གཤིས་སྤྱོད་འདི་ཉིད་རོལ་རྩེད་འདྲ། །

འབྲི་རྒྱུ་མང་ན་སྐོར་རྒྱག་རྒན་མོའི་ལབ་རྡོལ་འདྲ། །

ཚིག་ལོག་བརྡ་ལོག་མི་མང་སྡང་བའི་གཞི་རུ་འགུག །

ཁ་ཁོག་སྦུ་གུར་ཡ་ཡོ་མེད་པའི་གསོང་གཏམ་འདི། །

སྣང་བ་ཞིག་ལ་ལུས་སེམས་བདེ་བའི་དབུགས་དབྱུང་ཞིག །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།