ཁྱུང་ཐར་རྒྱལ།
རྩེ་ཁོག་ན་རླུང་ལྡང་གིན་འདུག་ཟེར།
ཡིན་ན་ཐང་། ང་རང་རྩེ་ཁོག་གི་རླུང་ལ་སྐྲག་དོན་མེད།
ཤོག་བུ་ལྟ་བུའི་མི་རྣམས་རྩེ་ཁོག་གི་རླུང་གིས་འཁུར་སྲིད་ཀྱང་།
ང་རང་ག་ནས་འཁུར་འགྲོ
རྩེ་ཁོག་གི་གྲང་ངར་རྒོད་ཟེར།
ཡིན་ན་ཐང་། ང་རང་རྩེ་ཁོག་གི་གྲང་ངར་ལ་སྐྲག་དོན་མེད།
མི་སེམས་བཅོས་མ་དག་རྩེ་ཁོག་གི་འཁྱག་ལ་འབྱར་སྲིད་ཀྱང་།
ང་རང་ག་ནས་ཕྱིད་འགྲོ།
རྩེ་ཁོག་ལ་ཁ་བ་འབབ་ཀྱིན་འདུག་ཟེར།
ཡིན་ན་ཐང་། ང་རང་རྩེ་ཁོག་གི་ཁ་བར་སྐྲག་དོན་མེད།
རི་རབ་དང་གཙང་པོ་རྩེ་ཁོག་གི་ཁ་བས་གནོན་སྲིད་ཀྱང་།
ང་རང་ག་ནས་མནན་འགྲོ།
མི་འགའ་རེས་ད་དུང་།
རྩེ་ཁོག་གི་ཁང་རྩེག་དག་ལ་སེར་ཁ་གས་ཀྱིན་འདུག་ཟེར།
ཡིན་ན་ཐང་།
དེ་ང་ལ་འབྲེལ་བ་ཅི་ཡང་མེད།
མི་རེ་འགས་ད་དུང་།
རྩེ་ཁོག་གི་ལུག་ཤ་ངོ་མ་རེག་ཐུབ་ཀྱིན་མི་འདུག་ཟེར།
ཡིན་ན་ཐང་།
དེ་ཡང་ང་ལ་འབྲེལ་བ་དེ་ཙམ་མེད།