མཚོ་བྱང་། ལྷ་མགོན།
དགེ་རྒན་ལགས།
ཉི་ཟླའི་ཕོ་བྲང་ན་འཚེར་བའི་ཤེས་རིག་གི་གཟི་བྱིན།
ཡངས་པའི་ས་ཆེན་ན་གསལ་བའི་གསེར་མདོག་གི་སྐར་ཆེན།
གངས་རི་དང་རྩྭ་ཐང་གི་ཕང་བ་རུ་འཚེར་བའི་ཉི་འོད།
མེ་ཏོག་དང་རྩྭ་ཕྲན་གྱི་སེམས་ཁོང་དུ་འབབ་པའི་ཆར་ཟིམ།
ཁྱེད་ནི་ཞོགས་པའི་སྐྱ་རེངས། ཁྱེད་ནི་མུན་པའི་སྒྲོན་མེ།
དགེ་རྒན་ལགས།
ཁྱེད་ཀྱི་ཞབས་རྗེས་རེ་རེ་ན།
དུས་རབས་ཤིག་གི་མདུན་སྐྱོད་ཀྱི་གོམ་སྒྲ་ཡོད་ལ།
ཁྱེད་ཀྱི་ཞབས་རྗེས་རེ་རེ་ན།
རིགས་རྒྱུད་ཅིག་གི་བླ་མེད་ཀྱི་སྙིང་སྟོབས་ཡོད།
དགེ་རྒན་ལགས།
ཁྱེད་ཀྱི་ཞལ་གསུང་རེ་རེ་ན།
གཟུར་གནས་བློ་ལྡན་དག་གི་འཛད་མེད་ཀྱི་ལམ་བྲོ་ཡོད་ལ།
ཁྱེད་ཀྱི་ཞལ་གསུང་རེ་རེ་ན།
སྐལ་ལྡན་དོན་གཉེར་ཚོགས་ལ་ཞུམ་པ་མེད་པའི་སྙིང་ཕུར་གྱི་བློ་གཤོག་ཡོད།
དགེ་རྒན་ལགས།
ཁྱེད་ཀྱི་ཐུགས་དགོངས་རེ་རེ་ན།
མི་རབས་གསར་པའི་མཚར་སྡུག་གི་མདུན་ལྗོངས་ཡོད་ལ།
ཁྱེད་ཀྱི་ཐུགས་དགོངས་རེ་རེ་ན།
འོད་སྟོང་འབར་བའི་བློ་འབྱེད་ཀྱི་ལྡེ་མིག་ཡོད།
ཁྱེད་ནི་གླེང་མི་ཚར་བའི་གཟི་བརྗིད་ལྡན་པའི་དེད་དཔོན་དེ་ཡིན་ལ།
ཁྱེད་ནི་བྲིས་མི་ཚར་བའི་བག་ཆགས་ཟབ་པའི་དྲན་ཤིང་དེ་ཡིན་འདུག