བསམ་ཕོད། སྒྲུབ་ཕོད། བསྒྲུབས་ན་ལེཊ་པར་སྒྲུབ་མཁན་ཁོང་གི་གཏམ་རྒྱུད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

བདེ་སྐྱིད་སྒྲོལ་མ་ནི་༡༩༩༣ལོར་བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་དུད་ཁྱིམ་ཕལ་པ་ཞིག་ཏུ་འཁྲུངས་པ་དང་། ཁོང་གིས་དཀའ་སྤྱད་ཀྱི་རྔུལ་ཆུ་ལས་གཏོད་ཀྱི་ཞིང་ས་གཤིན་པོར་གཏོར་ནས་ངོ་མཚར་བའི་མི་ཚེའི་ལེའུ་བརྩམས། ཁོང་གི་ལེགས་གྲུབ་ལྡན་པའི་ལས་གཏོད་ཉམས་མྱོང་གིས་མཐོ་སྒང་གི་གཞོན་ནུ་ལས་གཏོད་པ་མང་པོར་རྩ་ཆེའི་ཉམས་མྱོང་མཁོ་འདོན་ཐུབ་ཡོད་ལ། བོད་ལྗོངས་ཀྱི་སྲོལ་རྒྱུན་ལས་རིགས་ལས་དུས་རབས་གསར་པར་བཀྲག་མདངས་གསར་པ་འཚེར་བར་བྱ་རྒྱུར་ཡང་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།

སྔ་དུས་ཕུགས་འདུན་སྙེག་པའི་མྱོང་བརྒྱུད།

བདེ་སྐྱིད་སྒྲོལ་མ་རང་ལོ་༡༣ལ་སོན་སྐབས་གཡུར་དུ་ཟ་བའི་སྦྱངས་འབྲས་ཐོག་ནས་ཅང་སུའུ་ཡི་སློབ་འབྲིང་ཞིག་ཏུ་རྒྱུགས་འཕྲོད་པ་དང་། དུས་དེ་ནས་བཟུང་ཁོང་གི་ཞུམ་མེད་སྒེར་ཚུགས་ཀྱི་མི་ཚེའི་ཤུལ་ལམ་འགྲིམ་འགོ་ཚུགས།

༢༠༡༡ལོར། ཁོང་ཧྲང་ཧའེ་དགེ་འོས་སློབ་ཆེན་འགྲིམ་བསྐལ་ཐོབ་པ་དང་། དེའི་རིང་ཁོང་གིས་ཞོར་དུ་ཧྭ་ཏུང་རང་བྱུང་བཟོ་སྐྲུན་རིག་པའི་སློབ་ཆེན་ནས་ཚོང་དོན་དོ་དམ་ཆེད་ལས་ཀྱང་སྦྱངས། སློབ་ཆེན་འགྲིམས་སྐབས་ཁོང་གིས། དྲ་བའི་ཚོང་ལས་ནི་མཐའ་ཡས་པའི་རྒྱ་མཚོ་ཞིག་དང་འདྲ་བར་ལས་དོན་སྒྲུབ་གཞི་ཆེན་པོ་ཡོད་པ་ཚོར་ཏེ། དྲ་བའི་ཐོག་གྱོན་གོས་དཔེ་གསར་འཚོང་བ་ནས་འགོ་བརྩམས་ཏེ་རང་གི་ལས་གཏོད་ཀྱི་སྒོ་འཕར་རིམ་བཞིན་ཕྱེ། སྐབས་དེ་དུས་ནས་ཁོང་གིས་བྱ་དངོས་ལ་འཛིན་པའི་དམིགས་བསལ་གྱི་ལྟ་སྟངས་དང་ཐུན་མོང་མ་ཡིན་པའི་རང་གཤིས་དེར་མི་མང་པོས་དོ་སྣང་བྱས་པ་དང་། དེ་ལྟར་ཁོང་དྲ་གྲགས་ཁག་དང་པོའི་གྲས་སུ་གྱུར།

ད་ལྟའི་བྱ་གཞག་བཏོད་པའི་ཀུན་སློང་བྱུང་ཚུལ།

སློབ་གྲྭ་ཆེན་མོ་ཐོན་པའི་རྗེས། བདེ་སྐྱིད་སྒྲོལ་མས་ག་བཏང་གོ་ཆོད་ཀྱི་འཇོན་ཐང་གི་ཐོག སློབ་གྲྭ་འགྲིམ་སྐབས་ནས་ལས་གཏོད་བྱས་པའི་ཉམས་མྱོང་། དེ་བས་བསམ་ཕོད་པ་དང་། སྒྲུབ་ཕོད་པ། བསྒྲུབས་ན་མཐར་ཕྱིན་པ་སྒྲུབ་པའི་བློ་གཤོགས་ཆེན་པོ་དེ་ཁྱེར་ནས་ཕ་ཡུལ་ལྷ་སར་ལོག ཕ་ཡུལ་དུ་འབྱོར་རྗེས། ས་མཐོའི་མི་རྣམས་ཀྱི་སྐྱི་པགས་ལ་དེ་བས་འཕྲོད་པའི་མཛེས་བཟོའི་བྱུག་རྫས་ཤིག་བཏོན་ནས། ས་མཐོའི་བུད་མེད་རྣམས་དེ་བས་མཛེས་པར་འགྱུར་བ་བྱ་རྒྱུའི་བསམ་བློ་འཁོར། 

དེ་ནས་ཁོང་གིས་དཀའ་བ་སྣ་ཚོགས་ཁྱད་དུ་བསད་མཐར། ༢༠༡༤ལོར་བོད་ལྗོངས་ལྷ་ས་རུ་དྷ་ལི་སི་ཚོང་རྟགས་ཞེས་པའི་ཀུང་སི་ཞིག་གསར་བཙུགས་གནང་ནས། ས་མཐོའི་བུད་མེད་ལ་འཚམ་པའི་མཛེས་བཟོའི་བྱུག་རྫས་ཁག་ཅིག་བཏོན། བདེ་སྐྱིད་སྒྲོལ་མས། སྐབས་དེར་བཏོན་པའི་བྱུག་རྫས་དེ་དག་དྲ་འོག་དང་དྲ་ཐོག་ཟུང་འབྲེལ་གྱི་རྣམ་པའི་སྒོ་ནས་འཚོང་བས་བྲིན་ཁ་རྒྱུག་པོ་བྱུང་ལ། འཛད་སྤྱོད་པའི་གདེང་འཇོག་ཀྱང་ཡག་པོ་ཐོབ་བྱུང་ཞེས་གསུངས། དེ་བས་ཀྱང་གླེང་རིན་ཡོད་པ་ཞིག་ནི་བརྒྱུད་རིམ་དེའི་ཁྲོད་ཁོང་ནི་མི་རིགས་ཀྱི་ཁྱད་ལྡན་ཐོན་རྫས་སྲོལ་རྒྱུན་གྱི་དྲ་འོག་ཚོང་ལམ་ནས་དེང་རབས་ཀྱི་དྲ་ཐོག་ཚོང་ལམ་དུ་འདྲེན་མཁན་དང་། འདྲེན་མཁས་པོ་བསྒྱུར་མཁས་པོ་བྱུང་བའི་དཔེ་མཚོན་ལྟ་བུར་གྱུར་བ་དང་། ཁོང་གི་དྲ་ཐོག་གི་ཚོང་རྒྱག་སྟངས་དང་དྲ་ཐོག་ནས་ཐོན་རྫས་དྲིལ་བསྒྲགས་བྱེད་སྟངས་དེ་ཡང་མི་རིགས་ས་ཁུལ་གྱི་ན་གཞོན་མང་པོས་དཔེ་བལྟ་སར་གྱུར།

བྱ་གཞག་གོང་འཕེལ་བྱུང་བའི་བརྒྱུད་རིམ།

༢༠༢༣ལོར། དྷ་ལི་སི་ཀུང་སིས་ཁྲེང་ཏུའུ་གྲོང་ཁྱེར་དུ་ཡན་ལག་ལས་སྒྲུབ་ཁང་ཞིག་བཙུགས་ནས་ལས་སྒོ་རྒྱ་སྐྱེད་བཏང་། ལོ་བཅུ་ལྷག་ཙམ་རིང་གོང་འཕེལ་བྱུང་བ་བརྒྱུད་དྷ་ལི་སིའི་ལས་གཉེར་ཁྱབ་ཁོངས་ཀྱང་བྱུག་རྫས་ཀྱི་ཐོན་རྫས་སྣ་ཚོགས་འདོན་འཚོང་བྱེད་པ་ནས་ཚོང་ལས་སློབ་གསོ་དང་། གློག་རྡུལ་ཚོང་དོན། ཚོང་རྟགས་གསོ་སྤེལ། མ་དངུལ་བསྡུ་གཏོང་སོགས་ཁྱབ་ཁོངས་སུ་རྒྱ་སྐྱེད་བཏང་། དེང་གི་ཆར་ཀུང་སི་དེར་ལས་མི་༦༠ལྷག་ཙམ་ཡོད་པ་དང་། ཁོང་ཚོ་ནི་རྒྱལ་ཡོངས་ས་ཆ་གང་ནས་ཡོང་བའི་གཞོན་ནུ་ཤ་སྟག་རེད། བོད་ལྗོངས་ལྷ་ས་ནས་ཡིན་པའི་ལས་མི་སྒྲོལ་མ་ཚེ་རིང་གིས། ང་རང་ཀུང་སིའི་ནང་སླེབས་ནས་ལོ་གཅིག་ལྷག་ཙམ་ཕྱིན་སོང་། ད་ལྟ་ང་རང་ལ་འགན་བཅོལ་ལྔ་དང་མ་དངུལ་གཅིག་ཡོད་པ་མ་ཟད། ད་དུང་ཟླ་རེའི་གླ་ཕོགས་ཀྱང་ལས་ཕྱོད་གྲུབ་འབྲས་ལ་གཞིགས་ནས་སྤྲོད་པས་ལས་ཀའི་གྲུབ་འབྲས་ལེགས་པ་བྱུང་ན་གླ་ཕོགས་ཀྱང་དེ་ཚད་ཀྱིས་མཐོ་བ་རག་གི་འདུག གཞན་ཡང་འདི་གར་སློབ་སྦྱོང་ཡག་པོ་ཐུབ་ཀྱི་འདུག གཅིག་ནས་ཀུང་སིའི་འགན་ཁུར་བ་བདེ་སྐྱིད་སྒྲོལ་མའི་ཐོག་ནས་ལས་ཀའི་ཤེས་བྱ་མང་པོ་ཤེས་ཀྱི་འདུག་ལ། གཞན་ཀུང་སིའི་ནང་ལས་སྒོའི་སྦྱོང་བརྡར་བྱེད་སྒོ་སྣ་ཚོགས་སྤེལ་གྱི་འདུག་པས། དེ་དག་གིས་ཀྱང་ང་རང་གི་འཚར་ལོངས་ལ་ཕན་ཆེན་པོ་ཐོགས་ཀྱི་འདུག དེས་ན་རང་ཉིད་ཀྱི་མ་འོངས་པར་རེ་བ་དང་ཡིད་ཆེས་ཆེན་པོ་བཅངས་ཡོད་ཅེས་གསུངས། 

བདེ་སྐྱིད་སྒྲོལ་མས། ང་ཚོའི་ཀུང་སིའི་ལོ་རེའི་གཏོང་སྒོ་ཆེ་ཤོས་དེ་ལས་མིའི་སྦྱོང་བརྡར་ཐད་འགྲོ་གི་འདུག ང་ཚོས་ལོ་ལྟར་སྒོར་ཁྲི་༡༠༠ལྷག་ཙམ་ལས་མིའི་གསོ་སྦྱོང་ཐད་གཏོང་གི་ཡོད། གསོ་སྦྱོང་མང་པོ་བྱུང་བའི་རྐྱེན་གྱིས་ལས་མི་རྣམས་གཅིག་ལས་གཅིག་འཇོན་པ་ཤ་སྟག་ཡོད་ཅེས་གསུངས། 

བདེ་སྐྱིད་སྒྲོལ་མས། ཤུགས་རྐྱེན་ཆེན་པོ་ལྡན་པའི་མི་རིགས་ཁེ་ལས་ཤིག་ཏུ་འགྱུར་བ་བྱ་རྒྱུ་ནི་དྷ་ལི་སི་ཀུང་སིའི་འདུན་པ་ཡིན། ང་ཚོས་ཐོན་རྫས་ཇུས་འགོད་དང་། ཐོན་སྐྱེད། ཕྱིར་འཚོང་བཅས་བྱེད་པའི་བརྒྱུད་རིམ་ཁྲོད་མི་རིགས་ཀྱི་ཐུན་མིན་ཁྱད་ཆོས་ལྡན་པའི་གྲུབ་ཆ་དེ་དག་བཀོལ་སྤྱོད་གང་ལེགས་བྱས་ཐོག འཛམ་གླིང་ནས་ས་མཐོའི་མི་རིགས་ཐོན་རྫས་ཀྱི་དམིགས་བསལ་རིན་ཐང་ལོངས་སུ་སྤྱོད་ཐུབ་པར་བྱེད་པ་ཕུད། ད་དུང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་སྔར་བས་ཤེས་རྟོགས་དང་རྒྱུས་ལོན་ཐུབ་པ་ཡང་བྱེད་བཞིན་ཡོད། དཔེར་ན། མཛེས་འཆོས་བྱུག་རྫས་ཀྱི་གྲུབ་ཆའི་ཁ་དོག་འདེམ་སྐབས། བོད་ཀྱི་རིག་གནས་ཁྲོད་དམིགས་བསལ་དུ་མངའ་བའི་ཚོས་གཞི་སྟེ། དམར་པོ་དང་། སེར་པོ། སྔོན་པོ། དཀར་པོ། ལྗང་ཁུ་སོགས་གཙོ་བོར་སྤྱོད་པ་དང་། ཡང་ཐོན་རྫས་བླུགས་སྣོད་འཆར་འགོད་བྱེད་སྐབས། འགའ་རེར་བཀྲ་ཤིས་རྟགས་བརྒྱད་དང་འབྲི་གཡག་སོགས་ཀྱི་པར་རིས་འགོད་པ་དང་། ཡང་འགའ་རེར་རིན་ཆེན་གཡུ་བྱུར་སོགས་ཀྱི་གཞི་མདངས་བཀོལ་སྤྱོད་བྱེད་པས་འཛད་སྤྱོད་པས་མཉེས་པོ་གནང་གི་འདུག་ཅེས་གསུངས། 

དུས་རྒྱུན་གྱི་ལས་ཀ་དང་འཚོ་བའི་ཁྲོད་བདེ་སྐྱིད་སྒྲོལ་མ་ནི་ཚང་མར་འཆར་གཞི་འགོད་པ་དང་། འཆར་གཞི་དེ་གཞིར་བཟུང་སྒྲུབ་མཁན་ཞིག་ཡིན་པས།  ཁོང་གིས་དུས་ཚོད་ནི་གསེར་ལས་ལྷག་པར་ངོས་འཛིན་བྱེད། ཁོང་གིས། ངའི་ཟླ་བ་རྗེས་མའི་ལས་ཀ་དང་འཚོ་བའི་འཆར་གཞི་ཚང་མ་ད་ལྟ་ནས་བཀོད་ཟིན་ཡོད། དེ་ལྟར་བྱས་ན་སོ་སོའི་ལས་ཀའི་དམིགས་ཡུལ་ཁ་གསལ་པོ་ཡོང་གི་འདུག་ལ། ལས་ཀ་སྒྲུབ་སྐབས་ལས་ཕྱོད་ཀྱང་ཆེན་པོ་ཡོང་གི་འདུག ད་ཆ་ཀུང་སིའི་ལས་དོན་མང་ཆེ་བ་སྔོན་ཚུད་ནས་གྲོས་བསྡུར་དང་། སྔོན་ཚུད་ནས་བཀོད་སྒྲིག སྔོན་ཚུད་ནས་གཏན་འཁེལ་བཅས་བྱེད་པས། ལས་མི་ཚོའི་ཁྲོད་དུ་ཡང་ལས་དོན་གང་ཞིག་བསྒྲུབ་པར་སྔོན་ཚུད་ནས་བསམ་བློ་གཏོང་བའི་གོམས་གཤིས་བཟང་པོ་ཞིག་འཇགས་ཡོད་ཅེས་གསུངས། 

དྲིན་གཟོའི་སེམས་ཀྱིས་བསྐུལ་ཏེ་དགེ་ལས་ལ་གཞོལ་བ།

བདེ་སྐྱིད་སྒྲོལ་མ་ནི་བྱས་པ་ཅན་གྱི་ཁེ་ལས་པ་ཞིག་ཡིན་པ་ཕུད། ད་དུང་ཁོང་ནི་སྤྱི་ཚོགས་ཀྱི་འགན་སེམས་ཆེ་བའི་ལས་གཏོད་པ་ཞིག་ཀྱང་ཡིན། ཁོང་གིས། ང་ཚོའི་ཀུང་སིས་ཞར་དང་ཞོར་ལ་རང་ནུས་ལ་དཔག་པའི་སྤྱི་ཕན་དགེ་སྒྲུབ་ལས་ཀ་བྱེད་ཀྱི་ཡོད། དགེ་སྒྲུབ་བྱ་གཞག་ཐད་གཏོང་བའི་འགྲོ་གྲོན་ཡང་ཁོང་ཚོའི་ཀུང་སིའི་ལོ་རེའི་གཏོང་སྒོའི་ནང་ནས་མང་ཤོས་ཀྱི་གྲས་སུ་གྱུར་ཡོད་ཅེས་གསུངས། དེ་ཡང་ཁོང་ཚོས་གཙོ་བོ་ཕྱོགས་གསུམ་གྱི་ཐད་ནས་དགེ་སྒྲུབ་ལས་དོན་སྒྲུབ་པ་སྟེ། གཅིག་ནི། ཁྱིམ་ཚང་གི་ཆ་རྐྱེན་ཞན་པའི་སློབ་ཆེན་སློབ་མར་དཔལ་འབྱོར་ཐད་ཀྱི་རོགས་རམ་བྱེད་པ་དང་། གཉིས་ནི། མེས་རྒྱལ་ནུབ་རྒྱུད་བུད་མེད་ཀྱི་བདེ་ཐང་གཞིར་བྱས་པའི་དགེ་ལས་སྒྲུབ་པ། གསུམ་ནི། མི་རིགས་ས་ཁུལ་གྱི་གཞོན་ནུ་ལས་གཏོད་པར་ཚོང་རྟགས་བཏོད་རོགས་བྱེད་པ་བཅས་རེད། དེའི་ཐད་བདེ་སྐྱིད་སྒྲོལ་མས། དུས་རྒྱུན་ང་རང་གིས་ཚོང་ལས་སྒྲུབ་ནས་ཐོབ་པའི་བདེ་བ་ལས་དགེ་ལས་སྒྲུབ་ནས་ཐོབ་པའི་བདེ་བ་དེ་དེ་བས་རྒྱུན་རིང་བ་དང་རྩ་ཆེ་བ་ཞིག་ཏུ་མཐོང་གི་འདུག་ཅེས་གསུངས།

བདེ་སྐྱིད་སྒྲོལ་མས། དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུ་གསར་པར་ང་ཚོ་དམངས་གཉེར་ཁེ་ལས་ལ་རེ་བ་ཆེན་པོ་ཡོད། དེས་ན་ང་རང་ནས་དཀའ་སྤྱད་ཀྱི་རྔུལ་ཆུ་གཏོར་བའི་ཞིང་སར་རེ་བའི་འབྲས་བཟང་སྨིན་ངེས་རེད་སྙམ་པའི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ནས་རང་ཉིད་ཀྱི་མི་ཚེའི་རིན་ཐང་མངོན་འགྱུར་ཐུབ་པ་བྱ་རྒྱུ་ཡིན་ལ། དེ་དང་ཆབས་ཅིག་སོ་སོའི་ནུས་པས་དཔག་ཚོད་ཀྱི་སྤྱི་ཕན་དགེ་སྒྲུབ་ལས་ཀར་ཞུགས་ནས་སྤྱི་ཚོགས་ལ་ལེགས་སྐྱེས་མང་ཙམ་འབུལ་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས།།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།