མཚོ་སྔོན་གྱིས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་དྲིན་ལན་བསམ་པ། ཏང་གི་རྗེས་སུ་འབྲངས་པའི་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་ཐད་གྲུབ་འབྲས་ལེན་པར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་།

རང་རེའི་དྲ་བའི་འཕྲིན།ཟླ11པའི་ཚེས21ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཞིང་སྡེ་བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། རང་ཞིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་གསུམ་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པ་སྣེ་ཁྲིད་དུ་བྱས་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དྲིལ་སྒྲོག་བྱེད་པ་གཙོ་སྙིང་དུ་བྱས་ནས། བསྟུད་མར་ལོ་མང་པོའི་རིང་ལ་དྲིན་གཟོ་སློབ་གསོ་སྤེལ་བའི་རྨང་གཞིའི་སྟེང་། ཤུགས་ཚད་དང་གསལ་ཚད། དྲོད་ཚད་བཅས་ཕྱོགས་གསུམ་ཐད་ནས་ཞིང་ཆེན་ཡོངས་ཀྱི་ཞིང་སྡེ་འབྲོག་ཁུལ་གྱི་ཁྱབ་ཁོངས་ནས་ཏང་གི་བཀའ་ལ་ཉན་པ་དང་དྲིན་ལན་བསམ་པ། ཏང་གི་རྗེས་སུ་འབྲངས་པའི་དྲིལ་སྒྲོག་སློབ་གསོ་བྱ་འགུལ་སྤེལ་ནས། སྐྱོད་ལམ་གསར་བར་འབད་འཐབ་ཀྱིས་བསྐྱོད་པ་དང་དུས་རབས་གསར་བར་བྱས་རྗེས་འཇོག་པའི་བསམ་པའི་སྟོབས་ཤུགས་ཆེན་པོ་གཅིག་བསྡུ་བྱས།

ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་དང་གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུའི་ཞིང་སྡེ་བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་། དྲིལ་སྒྲོག་སྡེ་ཁག གྲོང་གསེབ་དར་སྤེལ་སྡེ་ཁག་བཅས་ཀྱིས་རིམ་པ་བགོས་ནས་ཇུས་གཞི་གཏན་འབེབས་བྱས་ཏེ། འགོ་ཁྲིད་གཙོ་བོས་སྣེ་ཁྲིད་དེ་དམ་འཛིན་དང་། ཆེད་བསྐོས་འགོ་ཁྲིད་ཀྱིས་ལག་བསྟར་ནན་མོ་བྱེད་པ། འབྲེལ་ཡོད་སྡེ་ཁག་གིས་མཉམ་དུ་སྐུལ་འདེད་གཏོང་བའི་བྱ་བའི་རྣམ་པ་གྲུབ་པར་བྱས་ལ། དྲིལ་སྒྲོག་སློབ་གསོ་བྱ་འགུལ་དང་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་ཁྲི་ཕྲག་གཞི་རིམ་དུ་སོང་ནས་སྒྲོག་འགྲེལ་བྱེད་པའི་བྱ་འགུལ་གཉིས་མཉམ་དུ་བཀོད་སྒྲིག་བྱེད་པ་དང་མཉམ་དུ་སྐུལ་འདེད་གཏོང་བ། མཉམ་དུ་ལག་བསྟར་བྱེད་པ། མཉམ་འབྲེལ་སྒྲོག་འགྲེལ་བྱ་བའི་མ་ལག་བཙུགས་ཏེ། རྣམ་པ་མང་བ་དང་ནང་དོན་ཕུན་སུམ་ཚོགས་པའི་སྒྲོག་འགྲེལ་བྱ་འགུལ་སྤེལ།

ཏང་ཡོན་དང་བུད་མེད། ཞིང་བ་སོགས་ཀྱི་གནས་ཚུལ་ལ་ཆ་རྒྱུས་ཡོད་པ་དང་ཉམས་མྱོང་ཡོད་པ། སྐད་བརྡ་འཕྲོད་པའི་དགེ་མཚན་འདོན་སྤེལ་བྱེད་པ་དང་། ཆུ་བོའི་མགོ་ཁུངས་ཀྱི་གཞུང་ལུགས་སྒྲོག་འགྲེལ་རུ་ཁག་དང་རྟ་ཐོག་སྒྲོག་འགྲེལ་རུ་ཁག སྦྲ་གུར་སྒྲོག་འགྲེལ་རུ་ཁག མཚོ་སྔོན་དང་སི་ཁྲོན་མཐའ་མཚམས་ཀྱི་སྒྲོག་འགྲེལ་རུ་ཁག་སོགས་ཀྱི་ཁྱད་ལྡན་སྒྲོག་འགྲེལ་དཔུང་སྡེ་བཙུགས་ནས། ཁ་རྒྱུག་སྙན་ཚིག་དང་སྨྱུག་རོལ་མགྱོགས་གཏམ། རྡུང་ལེན་སོགས་ཀྱི་རྣམ་པ་བརྒྱུད་དེ་ཏང་གི་བཀའ་ཁྱབ་བསྒྲགས་དང་སྲིད་ཇུས་འགྲེལ་བཤད་བྱས་པ་དང་། ཡིག་སྐད་དེ་མང་ཚོགས་ཀྱི་གོ་སླ་བ་དང་གོ་བ་ལེན་ཐུབ་པའི་སྐད་ཆ་རུ་བསྒྱུར།

དྲིལ་སྒྲོག་སློབ་གསོ་བྱ་འགུལ་དང་གྲོང་གསེབ་དར་སྤེལ་གྱི་གཙོ་གནད་བྱ་བའི་ལས་འགན་གཉིས་མཉམ་དུ་སྤེལ་བ་དང་། སྲིད་ཇུས་ཀྱི་གསལ་ཁྲ་དང་ལས་འགན་གྱི་གསལ་ཁྲ། གནད་དོན་གྱི་གསལ་ཁྲ་བཅས་ཀྱི་གསལ་ཁྲ་གསུམ་དང་གཞི་རིམ་དུ་བསྐྱོད་པའི་བྱ་འགུལ་བརྟག་དཔྱད་རེའུ་མིག་སྒྲིག་བཟོ་བྱས་ལ། མང་ཚོགས་ཀྱི་འདོད་བློ་དང་མཐུན་པའི་རྣམ་པ་སྤྱད་དེ་བྱ་བ་སྣ་ཚོགས་ལག་བསྟར་བྱེད་པའི་ཐད་སྤོབས་པའི་གདེངས་བསྩལ། དཔུང་སྡེ་གསུམ་གཞི་རིམ་དུ་བསྐྱོད་པ་དང་ཞབས་ཞུ་ཇེ་དྲག་ཏུ་གཏོང་བ། མང་ཚོགས་སེམས་ཁྲལ་བྱེད་པའི་གནད་དོན་ཐག་གཅོད་པའི་བརྗོད་དོན་གྱི་ལས་དོན་སྤེལ་བ་དང་། ཞིང་གསུམ་ལ་ཞབས་འདེགས་ཞུ་བའི་དཔུང་སྡེ་གསུམ་པ་བཙུགས་ལ། ཆེད་མཁས་པ་དང་ཞིང་ལས་ཚན་རྩལ་མི་སྣ་བརྒྱ་དང་ཉི་ཤུ་ཡིས་གྲུབ་པའི་ཚན་རྩལ་ཞབས་ཞུ་ཚན་ཆུང་བཞི་བཅུ་བཙུགས་ནས་རྫོང་དང་ཡུལ་ཚོ། སྡེ་བ་རུ་སོང་ནས། ཞིང་ཕྱུགས་ཚན་རྩལ་ཁྱབ་གདལ་གྱི་ཆེས་མཐའ་མཇུག་གི་སྤྱི་ལེ་གཅིག་གི་དཀའ་གནད་ཐག་བཅད། དེ་དང་མཉམ་དུ། དཔལ་ཡོན་ཁྱིམ་ཚང་འཛུགས་སྐྲུན་བྱས་པ་དང་། སྐར་ལྔ་རིམ་བའི་དཔལ་ཡོན་ལྡན་པའི་ཁྱིམ་ཚང་བཙུགས་ཏེ། སྐར་རིམ་བསྐྲུན་པ་དང་སྐར་རིམ་བརྩོན་ལེན་བྱེད་པའི་སྣང་ཚུལ་བཟང་པོ་གྲུབ་པར་བྱས། མིག་སྔའི་བར་དུ། མཚོ་སྔོན་གྱིས་སྐར་ལྔའི་རིམ་པའི་དཔལ་ཡོན་ཁྱིམ་ཚང་འབུམ་བརྒྱད་དང་ཁྲི་གཅིག་འཛུགས་སྐྲུན་བྱས་པ་དང་། འཛུགས་སྐྲུན་བྱེད་ཚད་བརྒྱ་ཆའི་ཞེ་དགུ་ལྷག་ལ་སླེབས།

ལོ་ཙཱ་བ། ཤ་མོ་འཚོ།