མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རང་བྱུང་སློབ་གསོའི་སློབ་ཚན་ལ་བདེ་བླགས་ངང་ཆེད་མཁས་པས་ཞིབ་དཔྱད་བྱས།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུའུ་ཡིས་ཧྥུའུ་ཏན་སློབ་ཆེན་དང་། ཀྲུང་གོ་ཚན་རིག་ཁང་མདོ་དབུས་མཐོ་སྒང་ཞིབ་འཇུག་སུའོ། མཚོ་སྔོན་རང་བྱུང་སྲུང་སྐྱོང་ཁུལ་གྱི་རང་བྱུང་སློབ་གསོའི་ཆེད་མཁས་པའི་ཨུ་ཡོན་ལྷན་ཁང་སོགས་འབྲེལ་ཡོད་ཚན་པ་དང་སུའོ་ཡི་ཆེད་མཁས་པ་གདན་འདྲེན་ཞུས་ནས་དྲ་ཐོག་ཏུ་ཞིབ་དཔྱད་བྱེད་སྟངས་ལ་བརྟེན་ནས། མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་རྣམ་གྲངས་ཀྱི་རང་བྱུང་སློབ་གསོའི་སློབ་ཚན(གཤམ་དུ《རང་བྱུང་སློབ་གསོའི་སློབ་ཚན》ཞེས་བརྗོད་རྒྱུ)པ་ལ་ཞིབ་དཔྱད་བྱ་རྒྱུར་མོས་མཐུན་བྱུང་།

2021ལོའི་ནགས་ལས་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་མ་དངུལ་ཁག་དང་པོའི་འདམ་ར་སྲུང་སྐྱོང་དང་སླར་གསོ་རྣམ་གྲངས་ཤིག་ཡིན་པའི《རང་བྱུང་སློབ་གསོའི་སློབ་ཚན》ནང《ཆུ་བྱའི་ཕ་ཡུལ》དང་། 《ཚེ་སྲོག་སྦྲུམ་ཕྱིར་རྒྱུ་བ》《ཁྱིམ་དུ་ལོག་པའི་ཡུལ་སྐོར》《ཉིན་གཅིག་གི་སྐོར་གཡེང་བ》སོགས་སློབ་ཚན་བཞི་ཚུད་ཡོད་པ་དང་། མཚོ་སྔོན་པོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དང་གསར་སྤེལ་ལ་དམིགས་པའི་མཚོ་སྔོན་པོའི་ཁྱད་ཆོས་ལྡན་པའི་རང་བྱུང་སློབ་གསོའི་སློབ་ཚན་ཞིག་རེད། དེའི་དམིགས་ཡུལ་ནི་མཚོ་སྔོན་པོའི་ཆུ་བྱ། མཚོ་སྔོན་པོའི་གསེར་ཉ། སྐོར་ཞིབ་སྲུང་སྐྱོང་བཅས་ཀྱི་བྱ་བ་གཙོ་བོར་འཛིན་པའི་རང་བྱུང་སློབ་གསོ་དང་སྐྱེ་ཁམས་ཉམས་ལེན་གྱི་བྱེད་སྒོ་སྤེལ་བ་བརྒྱུད། ཕུན་སུམ་ཚོགས་པའི་སློབ་ཁྲིད་བྱེད་སྟངས་ལ་གཞོགས་འདེགས་བྱས་ནས་ཡུལ་སྐོར་དང་སྤྲོ་གསེང་ལྟ་སྐོར་བྱེད་པ་དང་ཆབས་ཅིག་སྤྱི་དམངས་རང་བྱུང་ཁམས་ཀྱི་ཉེ་སར་བཅར་བ་དང་། རང་བྱུང་ཁམས་ལ་རྒྱུས་ལོན་པ། རང་བྱུང་ཁམས་སྲུང་སྐྱོང་བཅས་བྱ་རྒྱུར་ཁྲིད་སྟོན་བྱས་ནས་སྤྱི་ཚོགས་དང་སྤྱི་དམངས་ཀྱིས་མཚོ་སྔོན་པོའི་སྐྱེ་དངོས་སྣ་མང་རང་བཞིན་དང་སྐྱེ་ཁམས་སྲུང་སྐྱོང་བྱ་བར་ངོས་འཛིན་བྱེད་ཚད་སྔར་བས་གཏིང་ཟབ་ཏུ་བཏང་སྟེ། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་ལ་ཚད་གཞི་མཐོ་སར་གཏོད་པ་དང་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་ཆུ་ཚད་མཐོ་བའི་སྲུང་སྐྱོང་བྱ་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་།

ཆེད་མཁས་སྡེས་ཞིབ་བཤེར་དང་གྲོས་བསྡུར་ནན་མོ་བྱས་ནས། 《རང་བྱུང་སློབ་གསོའི་སློབ་ཚན》གྱི་དམིགས་ཚད་དང་ལེན་བྱེད་མཁན་ལ་དམིགས་ཏེ་རང་ས་ཅན་གྱི་ཤེས་བྱའི་ཁྱད་ཆོས་ལྡན་པའི་སློབ་ཚན་མ་ལག་བཟོས་ནས་རྣམ་གྲངས་ཀྱི་སྔོན་དཔག་དམིགས་ཚད་ལ་སླེབས་པ་དང་། བརྗོད་བྱ་གཙོ་བོ་མཐུན་པ། ནང་དོན་ཕུན་སུམ་ཚོགས་པ། རྣམ་པ་སྣ་ཚོགས་བཅས་ཡོད་པ། ཆེད་ལས་རང་བཞིན་དང་བརྒྱུད་རིམ་རང་བཞིན་ངེས་ཅན་ལྡན་པ། སྤྱི་དམངས་ཀྱིས་མཚོ་སྔོན་པོའི་སྐྱེ་དངོས་སྣ་མང་རང་བཞིན་རྒྱུས་ལོན་དང་སྐྱེ་ཁམས་སྲུང་སྐྱོང་གི་འདུ་ཤེས་དང་བྱ་སྤྱོད་ཇེ་མཐོར་གཏོང་བ་བཅས་ཀྱི་ངོས་འཛིན་བྱས་པ་རེད། དེ་དང་ཆབས་ཅིག་ཆེད་མཁས་པའི་ ཨུ་ཡོན་ལྷན་ཁང་གིས་རྣམ་གྲངས་ལ་དམིགས་ནས་ཆེད་ལས་མཛུབ་ཁྲིད་དང་གྲོས་འགོ་བཏོན་པ་རེད།

གཡང་སྐྱིད་ཀྱིས་བསྒྱུར།