ཟླ12ཚེས8ཉིན་ནས་བཟུང་། བཟོ་བཅོས་ཟིན་པའི《མཚོ་སྔོན་ཞིང་ཆེན་དམིགས་བསལ་དཀའ་ངལ་ཅན་རོགས་སྐྱོབ་གསོ་གཉོར་བྱེད་ཐབས》ལག་བསྟར་བྱ་རྒྱུ།

ཟླ 11ཚེས18ཉིན་ནས་བཟུང་། གསར་འགོད་པས་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་ནས་རྒྱུན་ལོན་པ་ལྟར་ན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐའ་འཁྱོལ་བྱས་ཏེ། མི་དམངས་མང་ཚོགས་ཀྱི་མྱུར་དུ་སེལ་དགོས་པའི་དཀའ་ངལ་དང་སེམས་ཁྲལ། རེ་སྒུག་སོགས་གནད་དོན་ཐག་གཅོད་དང་། ཞིང་ཆེན་ཡོངས་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་རེ་བ་གསར་པ་དང་རེ་སྒུག་གསར་པ་ཅི་ནུས་ཀྱིས་བསྐང་བའི་ཕྱིར་དུ། རང་ཞིང་གིས་བཟོ་བཅོས་ཟིན་པའི《མཚོ་སྔོན་ཞིང་ཆེན་དམིགས་བསལ་དཀའ་ངལ་ཅན་གྱི་རོགས་སྐྱོབ་གསོ་གཉོར་བྱེད་ཐབས》(གཤམ་ནས《བྱེད་ཐབས》ཞེས་འགོད་རྒྱུ)མི་འགྱང་བར་ལག་བསྟར་བྱ་རྒྱུ་ཡིན་ཞིང་། 《བྱེད་ཐབས》དེས་དམིགས་བསལ་དཀའ་ངལ་ཅན་གྱི་སྲིད་ཇུས་བྱེད་ཐབས་འཐུས་ཚང་དང་། འགན་སྲུང་ཚད་གཞི་ཇེ་མཐོར། ཞིབ་བཤེར་མཆན་འགོད་གོ་རིམ་ལེགས་བསྒྱུར་བཅས་བྱས་ནས་དམིགས་བསལ་དཀའ་ངལ་ཅན་རྣམས་ཀྱི་གཞི་རྩའི་འཚོ་བར་ལྟ་སྐྱོང་དང་། སྡོད་ཁང་ལ་འགན་སྲུང་། ནད་རིགས་ལ་སྨན་བཅོས། གཤིན་པོ་དུར་སྐྱེལ་དང་སློབ་གསོ་རོགས་སྐྱོབ་སོགས་ཐད་ནས་འགན་སྲུང་ལེགས་པོ་བྱ་རྒྱུ་རེད།

བཟོ་བཅོས་ཟིན་པའི《བྱེད་ཐབས》ནང་། ཁ་ཐོར་དང་ཕྱོགས་འདུས་ཀྱི་དབྱེ་བ་མེད་པར། གཅིག་གྱུར་གྱི་ཐོག་ནས་དམིགས་བསལ་དཀའ་ངལ་ཅན་གྱི་གཞི་རྩའི་འཚོ་བ་གསོ་གཉོར་གྱི་ཚད་གཞི་གསལ་འབེབས་བྱས་ཡོད་དེ། ཚང་མ་ལོ་དེའི་ས་གནས་དང་གྲོང་ཁྱེར་སོ་སོའི་མ་མཐའི་འཚོ་བའི་འགན་སྲུང་གི་ལྡབ1.5ལྟར་གཏན་འཁེལ་བྱས་པར་མ་ཟད། དམིགས་བསལ་དཀའ་ངལ་ཅན་གྱི་འདས་པོ་དུར་སྐྱེལ་གྱི་རོགས་སྐྱོབ་ཚད་གཞི་ཡང་གསལ་འབེབས་བྱས་འདུག

ཡང་བསྐྱར་དམིགས་བསལ་དཀའ་ངལ་ཅན་གྱི་རང་ཁ་རང་གསོའི་ནུས་པར་རིམ་པ་དང་རིགས་དགར་ནས་བདག་སྐྱོང་ཚད་གཞི་གཏན་ལ་ཕབ། དེ་ཡང་མ་གཞི་ནས་རང་ཁ་རང་གསོ་ནུས་པ་ཆ་ཚང་ལྡན་པའི་དམིགས་བསལ་དཀའ་ངལ་ཅན་དེ་རང་གསོ་རང་བདག་གི་ནུས་པ་ལྡན་པའི་དམིགས་བསལ་དཀའ་ཅན་གྱི་ཁོངས་གཏོགས་སུ་བཅུག་པ་དང་། མ་གཞི་ནས་རང་གསོ་ནུས་པ་ཅུང་ཉམས་ཤིང་ནུས་ཤོར་ཚད་གཞི་འབྲིང་ཤོས་ཀྱི་དམིགས་བསལ་དཀའ་ངལ་ཅན་རྣམས་རང་གསོ་ནུས་པ་ཆ་ཤས་ཤོར་བའི་དམིགས་བསལ་དཀའ་ངལ་ཅན་གྱི་ཁོངས་གཏོགས་སུ་བཅུག ནུས་པ་གཞི་ནས་ཤོར་བ་རྣམས་རང་གསོ་རང་བདག་ནུས་པ་གཞི་ནས་ཉམས་པའི་དམིགས་བསལ་དཀའ་ངལ་ཅན་གྱི་ཁོངས་གཏོགས་སུ་བཅུག དེ་མིན་ནུས་ཤོར་གྱི་རིགས་ལ་གཞིགས་ནས་བདག་སྐྱོང་ངམ་གཉོར་སྐྱོང་གི་ཚད་གཞི་སྙོམས་སྒྲིག་བྱས་ཡོད་དེ། འཚོ་བའི་ནུས་པ་ཆ་ཤས་ཤོར་བའམ་ཡང་ན་གཞི་ནས་ཤོར་བའི་དམིགས་བསལ་དཀའ་ངལ་ཅན་རྣམས་ལ་ཞིང་ཆེན་ཡོངས་ཀྱི་མ་མཐའི་གླ་ཕོགས་ཀྱི30%དང་50%ཡི་རིམ་པ་ལྟར་བདག་སྐྱོང་ངམ་གཉོར་སྐྱོང་ཚད་གཞི་གཏན་འཁེལ་བྱ་རྒྱུ། དེ་ལས་རང་གསོ་ནུས་པ་ཆ་ཤས་ཤོར་བའི་དམིགས་བསལ་དཀའ་ངལ་ཅན་གྱི་གཉོར་སྐྱོང་ངམ་བདག་སྐྱོང་ཚད་གཞི་ཡིན་ན། ཟླ་རེར་མི་རེར་སྒོར510རེ་སྟེར་རྒྱུ། རང་གསོ་ནུས་པ་གཞི་ནས་ཤོར་བའི་དམིགས་བསལ་དཀའ་ངལ་ཅན་གྱི་གཉོར་སྐྱོང་ངམ་བདག་སྐྱོང་གི་ཚད་གཞི་ཡིན་ན་ཟླ་རེར་མི་རེར་སྒོར850སྟེར་རྒྱུ་གཏན་ལ་ཕབ་ཡོད་དོ། །

དེ་བཞིན་དུ། ཁ་ཐོར་དུ་གསོ་གཉོར་བྱེད་པའི་དམིགས་བསལ་དཀའ་ངལ་ཅན་གྱི་འཚོ་བའི་རྒྱུ་སྤུས་ལ་དཔྱད་འཇོག་བྱས་པ་བརྒྱུད་དེ། ཁྱིམ་ཚང་གི་གསོ་གཉོར་ཐར་ཐོར་ལ་མི་འཚམ་པ་རྣམས་ལས་ཁུངས་ཀྱི་གསོ་གཉོར་ཕྱོགས་ལ་འཁྲིད་སྟོན་ཐོག་དེ་དག་གི་གཟུགས་པོའི་བདེ་ཐང་དང་བདེ་འཇགས་ལ་འགན་སྲུང་བྱས་ནས་འཚོ་བའི་རྒྱུ་སྤུས་ཇེ་ལེགས་སུ་གཏང་རྒྱུ་དང་། “མི་ཁྱིམ་ཁ་ཐོར”དུ་སྡོད་པའི་དཀའ་ངལ་ཅན་ལ་དམིགས་ཏེ། དམིགས་བསལ་དཀའ་ངལ་ཅན་གྱིས་ཞིང་ཆེན་ས་ཁོངས་ཀྱི་ས་གནས་གཞན་གྱི་རོགས་སྐྱོབ་གསོ་གཉོར་ལོངས་སྤྱོད་ལ་སྙན་ཞུ་རྒྱག་པར་རྒྱབ་སྐྱོར་བྱ་རྒྱུ་མ་ཟད། དམིགས་བསལ་དཀའ་ངལ་ཅན་གྱི་དཔྱད་ཞིབ་མཆན་འགོད་ཀྱི་དབང་ཆ་དེ་ཡུལ་ཚོ་དང་གྲོང་རྡལ(སྲང་ལམ)རིམ་པར་སྤྲད་དེ། དམིགས་བསལ་དཀའ་ངལ་ཅན་རྣམས་ལ་རང་ས་རང་ཡུལ་ནས་རོགས་སྐྱོབ་ཞབས་ཞུ་བསྒྲུབ་པར་སྟབས་བདེར་བཟོ་རྒྱུ་སོགས་གཏན་ལ་ཕབ་ཡོད་དོ། །

ཁོན་ཐར་འཚོས་བསྒྱུར།