མཚོ་སྔོན་ཞིང་ཆེན་གྱི་བསོད་ནམས་ཚེ་རིང་ལ་ཀྲུང་གོའི་ལུའུ་ཞུན་རྩོམ་རིག་བྱ་དགའ་ཐོབ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ11ཚེས20ཉིན་གྱི་ཆུ་ཚོད19དང་སྐར་མ30ཡི་སྟེང་། ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་དང་། པེ་ཅིང་གྲོང་ཁྱེར་ཏང་ཨུའི་དྲིལ་སྒྲོག་པུའུ། ཧུའུ་ནན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་བཅས་ཀྱིས་གཙོ་སྒྲུབ་གནང་བའི“ཀྲུང་གོའི་རྩོམ་རིག་གི་རྒྱས་སྟོན་ཆེན་མོ། ལུའུ་ཞུན་རྩོམ་རིག་བྱ་དགའ་ཡི་མཚན་མོ”ཞེས་པ་པེ་ཅིང་ནས་གཟབ་རྒྱས་ངང་བསྡུས། ལུའུ་ཞུན་རྩོམ་རིག་བྱ་དགའ་སྐབས་བརྒྱད་པའི་སྟེང་རང་རེའི་ཞིང་ཆེན་གྱི་སོག་རིགས་ན་གཞོན་རྩོམ་པ་པོ་བསོད་ནམས་ཚེ་རིང་ཞུགས་ནས་བྱ་དགའ་བླངས།


ལུའུ་ཞུན་རྩོམ་རིག་བྱ་དགའ་ནི་རང་རྒྱལ་གྱི་གཟི་བརྗིད་ལྡན་པའི་རྒྱལ་ཁབ་རིམ་པའི་རྩོམ་རིག་བྱ་དགའ་ཉག་ཅིག་ཡིན། མཚོ་སྔོན་ཞིང་ཆེན་གྱི་རྩོམ་པ་པོ་བསོད་ནམས་ཚེ་རིང་གི་སྒྲུང་འབྲིང《ཐང་སྟོང་ན》ཞེས་པར་སྐབས་བརྒྱད་པའི་ལུའུ་ཞུན་རྩོམ་རིག་བྱ་དགའ་ཡི་སྒྲུང་འབྲིང་གི་བྱ་དགའ་ཐོབ། ཁོ་ནི་མཚོ་སྔོན་ཞིང་ཆེན་གྱི་ལུའུ་ཞུན་རྩོམ་རིག་བྱ་དགའ་ཐོབ་མཁན་རྩོམ་པ་པོ་ཐོག་མ་རེད། 《ཐང་སྟོང་ན》ཞེས་པའི་སྒྲུང་འབྲིང་གི་ནང་དུ་འབྲོག་པ་དྲུག་རི་ཁུལ་དུ་བསྐྱོད་དེ་ཨ་བྲ་བསད་ནས་རྩྭ་ར་སྲུང་སྐྱོབ་བྱས་པའི་གཏམ་རྒྱུད་བརྗོད་ཡོད།

སྐབས་འདིའི་ལུའུ་ཞུན་རྩོམ་རིག་བྱ་དགའ་གནང་བའི་མཛད་སྒོའི་སྟེང་། སྙན་ཞུ་རྩོམ་རིག་དང་། སྙན་ངག ལྷུག་རྩོམ། རྩོམ་རིག་ལོ་ཙཱ། རྩོམ་རིག་གཞུང་ལུགས་དཔྱད་བརྗོད། སྒྲུང་འབྲིང་། སྒྲུང་ཐུང་བཅས་བྱ་དགའ་ཁག་བདུན་གནང་ཡོད་ཅིང་། གཞས་དང་བྲོ གྱེར་འདོན་སོགས་རྩོམ་རིག་སྒྱུ་རྩལ་གྱི་རྣམ་པ་མི་འདྲ་བའི་སྒོ་ནས་རྩོམ་རིག་ལ་གོང་བཀུར་དང་། རྩོམ་པ་པོར་གཟེངས་བསྟོད། ཀློག་པ་པོར་བརྩི་འཇོག་བྱེད་པ་མངོན་མཚོན་བྱས་པ་དང་། གཟིགས་མོ་བའི་སྣེ་འཁྲིད་དེ་ཀྲུང་གོའི་རྩོམ་རིག་གི་ལོ་ངོ་བཅུ་ལ་ཕྱིར་དྲན་དང་། མི་དམངས་ཀྱི་ཁྲོད་ནས་མི་དམངས་དང་སྐྱིད་སྡུག་མཉམ་མྱོང་བྱེད་མཁན་རླབས་ཆེན་གྱི་རྩོམ་པ་པོ་རྣམས་ལ་བསྟོད་བསྔགས་ཕུལ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན་དུ་མི་དམངས་ཀྱིས་བློ་སྤོབས་ཆེར་བསྐྱེད་དང་ཡར་བརྩོན་འབད་འབུངས་ཀྱི་སྒོ་ནས་དེ་ལས་ཡིད་དུ་འོང་བའི་འབྱུང་འགྱུར་བསུ་མ་ཞུ་བའི་མདུན་བསྐྱོད་ཀྱི་སྙིང་སྟོབས་རྣམ་པ་སོགས་ཅི་དགར་ངོམ།

ཁོན་ཐར་འཚོས་བསྒྱུར།