༄༅། །མཚོ་སྔོན་ཞིང་ཆེན་གྱི་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་དང་ཐག་གཅོད་བྱ་བའི་ལག་དེབ།

༄༅། །མཚོ་སྔོན་ཞིང་ཆེན་གྱི་པྲོག་དབྱིབས་ནད་དུག་གསར་པ་འགོས་པའི་གློ་ཚད་རིམས་ནད་འགོག་སྡོམ་དང་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་གཞུང་ལས་ཁང་གིས《མཚོ་སྔོན་ཞིང་ཆེན་གྱི་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་དང་ཐག་གཅོད་བྱ་བའི་ལག་དེབ》

དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར།

ཚོ་པྲོག་བཀོད་འདོམས་ཁང 〔 2022〕 ཨང255བ།

གྲོང་ཁྱེར་དང་ཁུལ་སོ་སོའི་བཀོད་འདོམས་པུའུ་དང། ཞིང་ཆེན་བཀོད་འདོམས་པུའུ་ཡི་ཁོངས་གཏོགས་སྡེ་ཚན་སོ་སོ་བཅས་ལ།

ཚན་རིག་དང་མཐུན་ལ་གནད་དུ་ཁེལ་ཞིང། ཕན་ནུས་མཐོ་ལ་གོ་རིམ་ལྡན་པའི་སྒོ་ནས་རིམས་ནད་འགོག་སྡོམ་དང་ཐག་གཅོད་ཀྱི་བྱ་བར་སྐུལ་སྤེལ་བྱེད་ཆེད། ཞིང་ཆེན་བཀོད་འདོམས་པུའུ་ཡི་མགོ་ཁྲིད་གཙོ་བོས་བཀོད་སྒྲིག་གནང་བ་ལྟར། ォཔྲོག་གསར་ནད་དུག་གི་གློ་ཚད་འགོག་སྡོམ་ཇུས་གཞི(པར་དགུ་བ)サགཞིར་བཟུང་ཞིང། རང་ཞིང་གི་རིམས་ནད་འགོག་སྡོམ་དང་ཐག་གཅོད་སྐོར་གྱི་སྲིད་ཇུས་དང་ཉམས་མྱོང་དག་ལ་ཟུང་འབྲེལ་བྱས་ཏེ། ཞིང་ཆེན་བཀོད་འདོམས་པུའུ་གཞུང་ལས་ཁང་གིསォམཚོ་སྔོན་ཞིང་ཆེན་གྱི་པྲོག་གསར་གློ་ཚད་འགོག་སྡོམ་དང་ཐག་གཅོད་བྱ་བའི་ལག་དེབサཅེས་པ་བསྒྲིགས་ཏེ་པར་དུ་བཏབ་པ་ཡིན་ལ། ད་ལྟ་ཁྱོད་ཚོར་དཔར་འགྲེམ་བྱས་ཏེ་ས་གནས་དང་སྡེ་ཁག་སོ་སོ་དང་ལས་ཡུལ་དང་པོར་བྱ་བ་སྒྲུབ་མཁན་རྣམས་ལ་དཔྱད་གཞིར་འཛིན་བྱེད་དུ་མཁོ་སྤྲོད་བྱས་པ་ཡིན།

མཚོ་སྔོན་ཞིང་ཆེན་གྱི་པྲོག་གསར་ནད་དུག་གསར་པ་འགོས་པའི་གློ་ཚད་རིམས་ནད་

འགོག་སྡོམ་དང་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་གཞུང་ལས་ཁང།

2022ལོའི་ཟླ9བའི་ཚེས17ཉིན།

༄༅། །མཚོ་སྔོན་ཞིང་ཆེན་གྱི་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་དང་ཐག་གཅོད་བྱ་བའི་ལག་དེབ།

གཅིག། རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྡོམ།

1.སྤྱི་པའི་བྱེད་ཐབས། སྦྲེལ་དྲ་དང་པོད་ཕྲན། སྐད་འཕྲིན། སྤྱོད་མཁན་སྦྲེལ་སྣེ་སོགས་སྨྱན་བྱད་གསར་པ་དང་རྒྱང་བསྒྲགས། བརྙན་འཕྲིན། ཚགས་པར། དྲིལ་བསྒྲགས་ཡོ་བྱད་སོགས་སྲོལ་རྒྱུན་སྨྱན་བྱད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བགྱིས་ཏེ། ཕྱོགས་མཐའ་ཀུན་འདུས་དང་ཐབས་ལམ་སྣ་མང་གི་སྒོ་ནས་པྲོག་གསར་གློ་ཚད་འགོག་སྡོམ་གྱི་ཤེས་བྱ་དྲིལ་བསྒྲགས་དང་སློབ་གསོ་སྤེལ་དགོས།

2.གཙོ་གནད་ཀྱི་གནས་ཡུལ་དང་ལས་ཁུངས། མི་ཚོགས་བཅས་ལ་འགོག་སྡོམ་བྱེད་སྟངས། གཙོ་གནད་ཀྱི་གནས་ཡུལ་དང་ལས་ཁུངས་ཡིན་ན། འཚུབ་ཟློག་སྔོན་ཇུས་གཏན་ལ་འབེབས་པ་དང་འཚུབ་ཟློག་ནང་སྦྱོང་བྱེད་པ། རིམས་འགོག་དངོས་ཟོག་གསོག་འཇོག་ལེགས་པོ་བྱེད་པ། བདེ་ཐང་སློབ་གསོ་དང་གསོ་སྦྱོང་ལ་ཤུགས་སྣོན་པ། བདེ་ཐང་བརྟག་འཇལ་བྱེད་པ། གཏན་འབེབས་ལྟར་ལུས་དྲོད་འཇལ་ཞིང་བདེ་ཐང་ཨང་རིས་བཤེར་བ། ཇ་ཁང་དང་ཉལ་ཁང། སྤྱོད་ཁང། གློག་སྐས་ནང་སོགས་སུ་རླུང་རྒྱུ་ཤུགས་ཇེ་ཆེར་གཏོང་བ། རང་ཉིད་ལ་འགོག་སྲུང་ལེགས་པོ་བྱེད་པ་སོགས་བྱ་དགོས། གཙོ་གནད་ཀྱི་མི་ཚོགས་ཡིན་ན། རྗེན་མངོན་ཉེན་ཁ་ཤིན་ཏུ་ཆེ་བའི་ལས་རིགས་མི་ཚོགས་ཀྱིས་ཉེན་ཁའི་རིམ་པ་ལྟར་རང་ཉིད་ལ་འགོག་སྲུང་ལེགས་པོ་བྱེད་པ་དང། ཉེན་ཁ་ཆེ་བའི་ལས་གནས་སུ་ཡོད་པའི་མི་སྣས་གདུབ་ཟུམ་དོ་དམ་དང། ཉིང་སྐྱུར་བརྟག་བཤེར་དང་གདུབ་ཟུམ་དོ་དམ་བྱས་རྗེས་ཀྱི་དོ་དམ་དོན་འཁྱོལ་ནན་མོ་བྱ་དགོས།

3.མཚོ་སྔོན་དུ་ཡོང(ལོག)མཁན་ལ་དམ་སྡོམ་བྱེད་སྟངས། རང་ས་ཁུལ་དུ་སླེབས་པའི་གདགས་གཤིས་མི་སྣ་དང། ཉེ་བཅར་མི་སྣ། བརྒྱུད་འབྲེལ་ཉེ་བཅར་མི་སྣ། ཉེན་ཁ་ཆེ་འབྲིང་གི་ས་ཁུལ་དུ་འགྲོ་སྡོད་བྱས་མྱོང་བའི་མི་སྣ་ཡིན་ན་སླེབས་མ་ཐག་ཏུ་ཞིབ་བཤེར་དང་དམ་སྡོམ་བྱ་དགོས། ཉེ་བའི་ཉིན7གྱི་རིང་ལ་ཞིང་ཆེན་ཕྱི་རུ་འགྲོ་སྡོད་བྱས་མྱོང་བའི་མི་སྣ་ཡིན་ན། མཚོ་སྔོན་དུ་མ་ཡོང(ལོག)པའི་ཆུ་ཚོད24ཡི་སྔོན་ལ་མཚོ་སྔོན་དུ་ཡོང་མཁན་དང་ལོག་མཁན་གྱི་ཞུ་ཚགས་འགོད་བྱེད་མ་ལག་ནང་ཞུ་ཚགས་དགོད་དགོས་པ་མ་ཟད། མཚོ་སྔོན་དུ་འབྱོར་མ་ཐག་འབྱོར་ཐོག་ཉིང་སྐྱུར་བརྟག་བཤེར་ཡང་བྱ་དགོས།

གཉིས། རིམས་ནད་གནས་ཚུལ་ལྟ་རྟོག

4.ནད་དཔེ་མཐོང་ཚེ་སྙན་སེང་ཞུ་སྟངས། རིམ་པ་མི་འདྲ་བ་དང་རིགས་མི་འདྲ་བའི་སྨན་བཅོས་ལས་ཁུངས་སོ་སོས་ནད་པ་དོགས་ཅན་མཐོང་ཚེ་ལམ་སེང་ཉིང་སྐྱུར་བརྟག་བཤེར་དང། དུས་ཐོག་ཏུ་སྙན་སེང་ཞུ་འབུལ། ཚད་ལྡན་སྒོས་བཀག་ལྟ་དང་གདུབ་ཟུམ་དོ་དམ་བཅས་བྱ་དགོས་པ་དང། དབྱེ་བཤེར་ཐོག་མའི་ནང་གདགས་གཤིས་མི་སྣ་ཡོད་པ་ཤེས་རྗེས། ཆུ་ཚོད2ཀྱི་ནང་དུ་དབྱེ་བཤེར་ཐོག་མའི་གདགས་གཤིས་སྙན་སེང་ཞུ་དགོས། ནད་ངོས་ཟིན་པའི་ནད་པའམ་ཡང་ན་ནད་རྟགས་མེད་པའི་ནད་དུག་འགོས་མཁན་ཡིན་པ་བརྟག་ནས་ཐག་ཆོད་རྗེས། ཆུ་ཚོད2ཀྱི་ནང་དུ་དྲ་ཐོག་ནས་ཐད་གཏོང་བྱ་དགོས་ལ། འདུ་ཚོགས་རང་བཞིན་གྱི་རིམས་ནད་གནས་ཚུལ་བྱུང་ན་ཆུ་ཚོད2ཀྱི་ནང་དུ་ཐོལ་བྱུང་གི་སྤྱི་པའི་དོན་རྐྱེན་སྙན་ཞུ་དོ་དམ་གྱི་ཆ་འཕྲིན་མ་ལག་བརྒྱུད་ནས་དྲ་ཐོག་ཏུ་སྙན་སེང་ཞུ་དགོས། དྲ་ཐོག་ཐད་གཏོང་བྱེད་པའི་ཆ་རྐྱེན་མི་འཛོམས་པའི་སྨན་བཅོས་ལས་ཁུངས་ཀྱིས་འཕྲལ་དུ་ས་གནས་དེ་གའི་རྫོང་རིམ་པའི་ནད་འགོག་ལས་ཁུངས་ལ་ཁ་པར་རམ་ཡང་ན་ཡིག་ཐོག་ནས་སྙན་སེང་ཞུ་དགོས།

གསུམ། རིམས་ནད་གནས་ཚུལ་ཐག་གཅོད།

རིམས་ནད་ཀྱི་གནས་ཚུལ་ཐག་གཅོད་པར“མྱུར་བ་བཅུ”དང“ཁ་ཚང་བ་དྲུག”བསྒྲུབ་ཐུབ་དགོས་ཏེ། “མྱུར་བ་བཅུ”ནི་མྱུར་དུ་མ་དཔེ་སྡུད་པ་དང། མྱུར་དུ་མ་དཔེ་སྐྱེལ་བ། མྱུར་དུ་བརྟག་བཤེར་བྱེད་པ། མྱུར་དུ་གདགས་གཤིས་ཟིན་པ། མྱུར་དུ་མཆེད་དཔྱོད་བྱེད་པ། མྱུར་དུ་ལེབ་བཤེར་བྱེད་པ། མྱུར་དུ་སྤོ་སྐྱེལ་བྱེད་པ། མྱུར་དུ་ལོགས་བཀར་བྱེད་པ། མྱུར་དུ་སྡུད་བཅོས་བྱེད་པ། མྱུར་དུ་སྙན་སེང་ཞུ་བ་བཅས་ཡིན་ལ། “ཁ་ཚང་བ་དྲུག”ནི་དབྱེ་བཤེར་ཁ་ཚང་བར་བྱེད་པ་དང། གདགས་གཤིས་ཁ་ཚང་བར་བདའ་བ། མཆེད་དཔྱོད་ཁ་ཚང་བར་བྱེད་པ། དམ་སྡོམ་ཁ་ཚང་བར་བྱེད་པ། ལོགས་བཀར་ཁ་ཚང་བར་བྱེད་པ། སྡུད་བཅོས་ཁ་ཚང་བར་བྱེད་པ་བཅས་ཡིན།

5.འགོས་ཁུངས་ཚོད་འཛིན་བྱེད་སྟངས། བསྲེས་སྦུག་ཏུ་དབྱེ་བཤེར་ཐོག་མའི་གདགས་གཤིས་བྱུང་བ་མཐོང་ཚེ་མཉམ་བསྲེས་བརྟག་བཤེར་བྱེད་མཁན་ཡོངས་ལ་ལམ་སེང་མ་དཔེ་བསྡུས་ནས་བསྐྱར་དུ་བརྟག་བཤེར་བྱ་དགོས་པ་མ་ཟད། ས་དེ་གར་ལོགས་བཀར་ཡང་བྱ་དགོས། ཁེར་སྦུག་ཏུ་དབྱེ་བཤེར་ཐོག་མའི་གདགས་གཤིས་ཅན་བྱུང་ན་དེ་དུས་ཐོག་ཏུ་གནས་ཡུལ་ངེས་གཏན་དུ་སྤོ་སྐྱེལ་བྱས་ཏེ་ལོགས་བཀར་དོ་དམ་བྱེད་པ་དང། དམ་སྡོམ་བྱེད་ཞོར་རྟོག་ཞིབ་བྱ་དགོས། ནད་རྟགས་མེད་པའི་ནད་དུག་འགོས་མཁན་དང་ནད་ངོས་ཟིན་པའི་ནད་པ་རྣམས་ཆུ་ཚོད2ཀྱི་ནང་དུ་གནས་ཁེལ་སྨན་བཅོས་ལས་ཁུངས་སམ་སྒྲོམ་ཚང་སྨན་ཁང་དུ་སྤོ་སྐྱེལ་བྱ་དགོས་པ་དང། སངས་དྲག་བྱུང་རྗེས་ཉིན7ལ་ཁྱིམ་སྡོད་བདེ་ཐང་བརྟག་འཇལ་བྱ་དགོས།

6.མཆེད་ནད་རིག་པའི་རྟོག་དཔྱོད། རིམས་ནད་མཆེད་པའི་གནས་ཚུལ་བྱུང་རྗེས། ཞིང་ཆེན་དང་གྲོང་ཁྱེར(ཁུལ)དང་རྫོང་བཅས་རིམ་པ་གསུམ་གྱི་མཆེད་དཔྱོད་ཁུངས་འདེད་བྱ་བའི་རྐྱེན་སྲོལ་ལག་ཏུ་བསྟར་ཏེ། ནད་དཔེ་སོ་སོའི་མཆེད་ནད་རིག་པའི་རྟོག་དཔྱོད་དང། ཉེན་ཡོད་མི་སྣ་དང་ཉེན་ཡོད་ས་ཁོངས་བརྡར་ཤ་གཅོད་པ། རིམས་ནད་མཆེད་ཚུལ་ལ་དབྱེ་ཞིབ་དང་ཉེན་ཁར་ཞིབ་འཇུག་བརྡར་གཅོད་བྱེད་པ་སོགས་ཀྱི་བྱ་བ་བསྒྲུབ་དགོས། ཆུ་ཚོད24ཡི་ནང་དུ་མཆེད་ནད་རིག་པའི་རྟོག་དཔྱོད་ཐོག་མའི་སྙན་ཞུ་ངེས་པར་འགྲུབ་དགོས།

7.ཉེ་བཅར་མི་སྣ་དང་ཉེན་ཡོད་མི་སྣ་གཞན་དག་ཡིན་མིན་བརྡར་ཤ་གཅོད་པ་དང་དོ་དམ་བྱེད་སྟངས། “ལྷན་ཅིག་བཅུ”ཅན་གྱི་མི་སྣ་རྣམས་ཉེ་བཅར་མི་སྣ་ཡིན་པར་བརྡར་ཤ་གཅོད་དགོས་ཏེ། “ལྷན་ཅིག་བཅུ”ཞེས་པ་ནི་ལྷན་ཅིག་ཏུ་ཟ་མ་ཟོས་པ་དང་ལྷན་ཅིག་ཏུ་ཞག་སྡོད་བྱས་པ། ལྷན་ཅིག་ཏུ་ལམ་ལ་བསྐྱོད་པ། ལྷན་ཅིག་གི་ལས་གྲོགས་ཡིན་པ། ལྷན་ཅིག་གི་སློབ་གྲོགས་ཡིན་པ། ལྷན་ཅིག་ཏུ་འགྲུལ་བཞུད་བྱས་པ། ལྷན་ཅིག་གི་རོགས་པར་གྱུར་པ། ལྷན་ཅིག་ཏུ་ཡུལ་སྐོར་སོང་བ། ལྷན་ཅིག་ཏུ་ལས་ཀ་བསྒྲུབས་པ། ལྷན་ཅིག་ཏུ་གསང་སྤྱོད་བསྡད་པ་བཅས་ཡིན། བསྲེས་སྦུག་ནང་གདགས་གཤིས་ཅན་བྱུང་བའི་བཤེར་སྦུག་གཅིག་པའི་སྲིབ་གཤིས་ཅན་གཞན་དག་ཉེ་བཅར་མི་སྣ་ཡིན་པར་བརྡར་ཤ་གཅོད་དགོས་ཤིང། ཉེ་བཅར་མི་སྣ་ལ“ཉིན7ལ་གཅིག་བསྡུས་ལོགས་བཀར་གྱི་གསོ་རིག་ལྟ་ཞིབ་བྱེད་པའི་ཁར་ཉིན3ལ་ཁྱིམ་སྡོད་བདེ་ཐང་བརྟག་འཇལ་བྱེད་པའི”དོ་དམ་བྱེད་ཐབས་སྤྱད་དགོས་པ་དང། ལོགས་བཀར་དོ་དམ་བྱེད་ཡུན་ནི་བཤེར་ཐེངས་མཐའ་མར་གསལ་ཐོན་བྱུང་བ་ནས་བརྩི་དགོས་ལ། གཅིག་བསྡུས་ལོགས་བཀར་གློད་རྗེས“གནས་གནས་གཏད་སྦྲེལ”གྱི་གདུབ་ཟུམ་ལྟར་རང་སྡོད་སར་ལོག་དགོས། འགོས་ཉེན་ཅུང་ཆེ་བའི་ཉེ་བཅར་མི་སྣའི“ལྷན་ཅིག་བཅུ”ཅན་ནི་ཉེ་བཅར་གྱི་ཉེ་བཅར་མི་སྣ་ཡིན་པར་བརྡར་ཤ་གཅོད་དགོས་ཤིང། ཉིན7ལ་རང་ཁྱིམ་དུ་ལོགས་སུ་བཀར་ནས་གསོ་རིག་ལྟ་ཞིབ་བྱ་དགོས། ནད་ངོས་ཟིན་པའི་ནད་པའམ་ནད་རྟགས་མེད་པའི་ནད་དུག་འགོས་མཁན་དང་མཉམ་དུ་གཉེན་སྟོན་འདས་མཆོད་དང། གསོལ་ཁང། ཚོང་ཁང། ཚོང་ར། ཞིང་ཁྲོམ(ཚོང་འདུས)སོགས་མི་ཚོགས་འདུ་བ་མང་ཞིང་བར་སྟོང་ཁ་ཟུམ་པའི་གནས་ཡུལ་ནང་གསལ་རྗེན་དུ་མངོན་མོད། འོན་ཀྱང་ཉེ་བཅར་མི་སྣ་དང་ཉེ་བཅར་གྱི་ཉེ་བཅར་མི་སྣ་ཡིན་པར་བརྡར་ཤ་གཅོད་པའི་རྩ་དོན་དང་མི་མཐུན་པ་དག་ནི་རིམས་འབྲེལ་གནས་ཡུལ་གྱི་རྗེན་མངོན་མི་སྣ་ཡིན་པར་བརྡར་ཤ་གཅོད་དགོས་པ་དང། བརྡར་ཤ་བཅད་རྗེས་ཀྱི་ཉིན་དང་པོ་དང་གསུམ་པར་ཉིང་སྐྱུར་བརྟག་བཤེར་ཐེངས་གཅིག་རེ་བྱ་དགོས།

8.ཉེན་ཡོད་མི་སྣ་སྤོ་སྐྱེལ་བྱེད་སྟངས། ས་གནས་སོ་སོའི་བཀོད་འདོམས་པུའུ་ཡིས་མི་སྣ་སྤོ་སྐྱེལ་བྱ་བའི་ཆེད་སྒྲུབ་ཚན་ཁག་བཙུགས་ནས། ལོགས་བཀར་སྤོ་སྐྱེལ་གྱི་རླངས་འཁོར་གྲ་སྒྲིག་ལེགས་པོ་བྱ་དགོས། གདགས་གཤིས་ཅན་ཡོད་པ་རྟོགས་ཚེ་ཆུ་ཚོད2ཀྱི་ནང་དུ་གནས་ཁེལ་སྨན་བཅོས་ལས་ཁུངས་སམ་སྒྲོམ་ཚང་སྨན་ཁང་དུ་སྤོ་སྐྱེལ་བྱས་ནས་སྨན་བཅོས་སམ་ལོགས་བཀར་ལྟ་ཞིབ་བྱ་དགོས་པ་དང། སྤོ་སྐྱེལ་བྱེད་སྐབས་ལྡོག་གནོན་མྱུར་སྐྱོབ་རླངས་འཁོར་བཀོལ་ཅི་ཐུབ་བྱ་དགོས། ཉེ་བཅར་མི་སྣ་ལ་ལོགས་བཀར་རླངས་འཁོར་བཀོད་སྒྲིག་བྱས་ཏེ་ཆུ་ཚོད8ཀྱི་ནང་དུ་གཅིག་བསྡུས་ལོགས་བཀར་བྱེད་གནས་སུ་སྤོ་སྐྱེལ་བྱེད་པ་དང། ལོགས་སུ་དགར་འོས་པ་ཡོངས་སུ་ལོགས་བཀར་དང། ལོགས་སུ་དགར་འོས་པ་མྱུར་དུ་ལོགས་བཀར་བྱ་དགོས། ནད་དུག་འགོས་མཁན་ནི་ཉེ་བཅར་མི་སྣ་དང་རླངས་འཁོར་གཅིག་ཏུ་སྤོ་སྐྱེལ་བྱེད་མི་ཆོག

9.ཉེན་ཡོད་ས་ཁོངས་བགོ་སྟངས་དང་འགོག་སྡོམ་བྱེད་སྟངས། ནད་པ་དང་ནད་རྟགས་མེད་པའི་ནད་དུག་འགོས་མཁན་གྱི་སྡོད་གནས་དང། འགུལ་སྐྱོད་མང་པོ་བྱས་ཤིང་རིམས་ནད་མཆེད་པའི་ཉེན་ཁ་ཅུང་ཆེ་བའི་ལས་ཀ་བསྒྲུབ་གནས་དང་འགུལ་སྐྱོད་བྱེད་གནས་སོགས་ཀྱི་ས་ཁོངས་ནི། ཉེན་ཁ་ཆེ་ཁུལ་དུ་བགོ་དགོས་ལ། “སྒོ་ཕྱིར་གོམ་པ་མི་སྤོ་ཞིང། ཞབས་ཕྱི་སྒོ་ཁར་སྒྲུབ་པ”སོགས་ཀྱི་རྒྱ་སྡོམ་བྱེད་ཐབས་སྤྱད་དགོས། ཉེན་ཁ་ཆེ་ཁུལ་དུ་བསྟུད་མར་ཉིན7ལ་ནད་དུག་འགོས་མཁན་གསར་པ་མ་བྱུང་ན་ཉེན་ཁ་འབྲིང་ཁུལ་དུ་བསྒྱུར་དགོས་པ་དང། ཉེན་ཁ་འབྲིང་ཁུལ་དུ་བསྟུད་མར་ཉིན3ལ་ནད་དུག་འགོས་མཁན་གསར་པ་མ་བྱུང་ན་ཉེན་ཁ་ཆུང་ཁུལ་དུ་བསྒྱུར་དགོས། ནད་པ་དང་ནད་རྟགས་མེད་པའི་ནད་དུག་འགོས་མཁན་དུས་ཚོད་ངེས་ཅན་ཞིག་ལ་བསྡད་མྱོང་བའམ་འགུལ་སྐྱོད་བྱས་པ་མ་ཟད། རིམས་ནད་མཆེད་ཉེན་ཡང་ཡོད་པའི་ལས་ཀ་བསྒྲུབ་གནས་དང་འགུལ་སྐྱོད་བྱེད་གནས་སོགས་ཀྱི་ས་ཁོངས་ནི། ཉེན་ཁ་འབྲིང་ཁུལ་དུ་བགོ་དགོས་ལ། “ས་ཁོངས་ཕྱི་རུ་མི་འགྲོ་ཞིང། འཚང་གཡོལ་གྱིས་དངོས་པོ་ལེན་པ”སོགས་ཀྱི་དམ་སྡོམ་བྱེད་ཐབས་སྤྱད་དགོས་པ་དང། བསྟུད་མར་ཉིན7ལ་ནད་དུག་འགོས་མཁན་གསར་པ་མ་བྱུང་ན་ཉེན་ཁ་ཆུང་ཁུལ་དུ་བསྒྱུར་དགོས། ཉེན་ཁ་ཆེ་འབྲིང་ཁུལ་དུ་མི་སྣའི་ཐོ་དེབ་དང་འགྲོ་འོང་ཐོ་འགོད་རེའུ་མིག་བཟོ་དགོས། ཉེན་ཁ་ཆེ་འབྲིང་ས་ཁུལ་ཡོད་སའི་རྫོང(གྲོང་ཁྱེར། ཆུས། སྲིད་ཨུ)གི་ས་ཁུལ་གཞན་དག་ནི་ཉེན་ཁ་ཆུང་ཁུལ་ཡིན། ཉེན་ཁ་ཆེ་འབྲིང་ཁུལ་ཀུན་ལ་སྡོམ་རྒྱ་གློད་རྗེས། རྫོང(གྲོང་ཁྱེར། ཆུས། སྲིད་ཨུ)ཁོངས་ཡོངས་སུ་རྒྱུན་རྣམ་ཅན་གྱི་འགོག་སྡོམ་བྱེད་ཐབས་ལག་ཏུ་བསྟར་དགོས།

10.རིམས་ཁུངས་གནས་ཡུལ་ལ་དུག་སེལ་བྱེད་སྟངས། ནད་པའམ་ནད་རྟགས་མེད་པའི་ནད་དུག་འགོས་མཁན་སྨན་ཁང་དུ་སྡོད་པ་དང་སྤོ་སྐྱེལ་བྱེད་སྐབས་བྱུང་བའི་དེ་ཚོའི་ཟག་རྫས་དང་སྐྱུག་རྫས། ལུས་གཤེར་བཅས་དང་དེ་དག་གིས་སྦག་བཙོག་བཟོས་པའི་ཁོར་ཡུག་དང་དངོས་པོ་རྣམས་ལ་དུས་ཐོག་ཏུ་དུག་སེལ་བྱ་དགོས། ནད་པའམ་ནད་རྟགས་མེད་པའི་ནད་དུག་འགོས་མཁན་སྤོ་སྐྱེལ་བྱས་རྗེས། དེ་ཚོའི་སྡོད་གནས་སམ་ཡང་ན་འགུལ་སྐྱོད་བྱས་མྱོང་ས་དང་སྦག་བཙོག་ཐེབས་སྲིད་པའི་གནས་ཡུལ་དག་ལ་མཇུག་མཐའི་དུག་སེལ་བྱས་ཏེ། མཇུག་མཐའི་དུག་སེལ་བྱས་རྗེས་ཀྱི་གནས་ཡུལ་དང་དེའི་ནང་གི་རིགས་མི་འདྲ་བའི་དངོས་པོ་ཐམས་ཅད་ལ་ནད་སྐྱེད་གཟུགས་གསོན་པོ་མེད་པ་ཁག་ཐེག་བྱ་དགོས།

11.ཉེན་ཡོད་མི་སྣར་རོགས་བཤེར་བྱེད་སྟངས། རིམས་ནད་མཆེད་པའི་གནས་ཚུལ་བྱུང་བའི་ས་ཁུལ་གྱིས་རང་ས་ཁུལ་ནས་ཉེན་ཡོད་མི་སྣ་ཕྱིར་ཤོར་བ་ཤེས་རྗེས། ཆུ་ཚོད2ཀྱི་ནང་དུ་རྒྱལ་ཁབ་རིམས་ནད་འགོག་སྡོམ་དོ་དམ་ལས་སྟེགས་སམ་ཡང་ན་འཕྲིན་ཡིག་གཏོང་བ་སོགས་ཀྱི་ཐབས་ལ་བརྟེན་ནས་དེ་འབྱོར་སའི་ས་ཁུལ་ལ་རོགས་བཤེར་ཆ་འཕྲིན་བསྐུར་དགོས་པ་མ་ཟད། ཆེད་མི་མངགས་ནས་རོགས་བཤེར་ཆ་འཕྲིན་གྱི་རྗེས་སྙེག་བྱ་བ་ལེགས་པོར་བསྒྲུབ་དགོས། རོགས་བཤེར་ཞུ་ཡུལ་ཕྱོགས་ཀྱིས་རོགས་བཤེར་ཆ་འཕྲིན་ལག་ཏུ་འབྱོར་རྗེས་མྱུར་དུ་འབྲེལ་ཡོད་མི་སྣར་ལེབ་བཤེར་བྱ་དགོས་ལ། ཉེན་ཡོད་མི་སྣར་དོ་དམ་བྱེད་པའི་བླང་བྱ་ལྟར་དམ་སྡོམ་བྱ་དགོས་པ་མ་ཟད། ཆུ་ཚོད24ཡི་ནང་དུ་རོགས་བཤེར་ཞུ་མཁན་ཕྱོགས་ལ་ལེབ་བཤེར་དང་དམ་སྡོམ་བྱས་འབྲས་ཀྱི་ལན་ལྡོན་དགོས། ཉིན7གྱི་ནང་དུ་ཉེན་ཁ་ཆེ་འབྲིང་ཁུལ་དུ་འགྲོ་སྡོད་བྱས་མྱོང་བའི་མི་སྣ་དག་ལ་རིགས་ཕྱེས་ནས་དམ་སྡོམ་བྱེད་ཐབས་ལག་ཏུ་བསྟར་དགོས།

12.གཅིག་བསྡུས་ལོགས་བཀར་བྱེད་གནས་འཛུགས་སྟངས། གཅིག་བསྡུས་ལོགས་བཀར་བྱེད་གནས་ལ“གནས་དཔོན”འགན་ཁུར་ལམ་ལུགས་ལག་བསྟར་བྱ་དགོས་པ་དང། གཅིག་བསྡུས་ལོགས་བཀར་བྱེད་གནས་ལ་གཏོགས་ཡུལ་གྱི་གྲོང་ཁྱེར(ཁུལ)དང་རྫོང(ཆུས)སྲིད་གཞུང་དང་ཤང་ངམ་གྲོང་རྡལ(སྲང་ལམ)གྱིས་གཅིག་གྱུར་དོ་དམ་བྱས་ཐོག ས་གནས་དེ་གའི་སྤྱི་བདེ་སྡེ་ཁག་དང་འཕྲོད་བསྟེན་བདེ་ཐང་སྲིད་འཛིན་སྡེ་ཁག ནད་འགོག་ལས་ཁུངས། ཤང་ངམ་གྲོང་རྡལ(སྲང་ལམ)སོགས་ཀྱིས་མཉམ་དུ་བྱ་བ་བསྒྲུབ་དགོས། ལོགས་བཀར་བྱེད་གནས་ཀྱི་ལས་བྱེད་མི་སྣར་ཚད་ལྡན་གྱི་གསོ་སྦྱོང་བྱས་རྗེས་ད་གཟོད་ལས་གནས་སུ་ཞུགས་ཆོག་སྟེ། འགོག་སྨན་རྒྱག་པ་དང། བདེ་ཐང་བརྟག་འཇལ། ཉིང་སྐྱུར་བརྟག་བཤེར། རང་ཉིད་ཀྱི་འགོག་སྲུང། གདུབ་ཟུམ་དོ་དམ་བཅས་ཀྱི་བྱེད་ཐབས་དོན་འཁྱོལ་ནན་མོ་བྱ་དགོས།

13.ལོགས་བཀར་དོ་དམ་དང་ཁྱིམ་སྡོད་བདེ་ཐང་བརྟག་འཇལ་བྱེད་སྟངས། གཅིག་བསྡུས་ལོགས་བཀར་བྱེད་གནས་ལ་ཆུ་ཚོད24རིང་ཡོངས་སུ་བཀག་སྡོམ་གྱི་ལོགས་བཀར་བཙན་པོའི་དོ་དམ་བྱས་ཏེ། འབྲེལ་མེད་ཀྱི་མི་སུ་ཞིག་ཀྱང་ནང་དུ་གཏན་ནས་ཡོང་མི་ཆོག། ཆུ་ཚོད24རིང་ལྟ་རྟོག་ཞིབ་མོ་བྱས་ཏེ། ལོགས་བཀར་མི་སྣ་དག་རང་དགར་ཁང་པའི་ཕྱི་རུ་གཏན་ནས་སོང་མི་ཆོག་ལ། ལོགས་བཀར་བྱེད་གནས་ཀྱིས་འདོན་སྤྲོད་བྱས་པའི“སྡོད་མཁན་གྱིས་ཤེས་དགོས་པ”ཡི་བླང་བྱ་བརྩི་སྲུང་ནན་མོ་བྱ་དགོས། རིམས་ནད་འགོག་སྡོམ་གྱི་གནས་བབ་ལ་གཞིགས་ཏེ། གཅིག་བསྡུས་ལོགས་བཀར་མི་སྣར་ལོགས་བཀར་བྱེད་པའི་དུས་ཡུན་ནང་ཉིན་རེར་ཉིང་སྐྱུར་བརྟག་བཤེར་ཐེངས་གཅིག“ཁེར་ལེན་ཁེར་བཤེར”བྱ་དགོས། ཁྱིམ་སྡོད་ལོགས་བཀར་གྱི་དོ་དམ་ནི་སྡེ་ཁུལ་སྨན་དོན་མི་སྣའི་མཛུབ་སྟོན་འོག་ཏུ་སྤེལ་དགོས་ལ། ཁེར་རྐྱང་དུ་སྡོད་པའམ་ཡང་ན་ཁང་མིག་གཅིག་ཏུ་སྡོད་པ་དང། གསང་སྤྱོད་ཁེར་རྐྱང་དུ་བཀོལ་ཅི་ཐུབ་བྱ་དགོས། རང་ཉིད་ཀྱི་འགོག་སྲུང་ལེགས་པོ་བྱས་ཏེ། བཟའ་མི་གཞན་དག་ལ་ཐུག་འཕྲད་བྱེད་པ་ཇེ་ཉུང་དུ་གཏོང་ཅི་ཐུབ་བྱ་དགོས། ཁྱིམ་སྡོད་ལོགས་བཀར་དང་གསོ་རིག་ལྟ་ཞིབ་བྱེད་པའི་དུས་ཡུན་ནང་རང་ཉིད་དང་མཉམ་སྡོད་བྱེད་མཁན་ཚང་མ་ཕྱི་རོལ་ཏུ་སོང་མི་ཆོག། ཁྱིམ་སྡོད་བདེ་ཐང་བརྟག་འཇལ་བྱེད་པའི་མི་སྣས་ཉིན་རེའི་ནངས་དགོང་གཉིས་སུ་ལུས་དྲོད་ཐེངས་གཅིག་རེ་འཇལ་བ་དང། ནད་རྟགས་བརྟག་འཇལ་ལེགས་པོ་བྱ་དགོས་པ་མ་ཟད། སྡེ་ཁུལ(སྡེ་བ)ལ་ཇི་མ་ཇི་བཞིན་སྙན་སེང་ཞུ་དགོས། ཁྱིམ་སྡོད་བདེ་ཐང་བརྟག་འཇལ་བྱེད་པའི་དུས་ཡུན་ནང་ཕྱི་རོལ་ཏུ་མི་འགྲོ་ལ། གལ་ཏེ་སྨན་ཁང་དུ་འགྲོ་དགོས་པ་སོགས་གནས་ཚུལ་དམིགས་བསལ་ཅན་བྱུང་སྟེ་ངེས་པར་ཕྱི་རོལ་ཏུ་འགྲོ་དགོས་ཚེ་རང་ཉིད་ཀྱི་འགོག་སྲུང་ལེགས་པོ་བྱེད་པ་དང། སྤྱི་སྤྱོད་འགྲིམ་འགྲུལ་ཡོ་བྱད་དུ་འདུག་རྒྱུ་ཅི་ཐུབ་ཀྱིས་གཡོལ་དགོས།

14.གཙོ་གནད་ཀྱི་གནས་ཡུལ་དང་མི་ཚོགས་ལ་དམ་སྡོམ་བྱེད་སྟངས། གཙོ་གནད་ཀྱི་གནས་ཡུལ་གྱིས“ཉིན་རེར་སྙན་ཞུ”དང“མེད་ཀྱང་སྙན་ཞུའི”བདེ་ཐང་བརྟག་འཇལ་ལམ་ལུགས་ལག་ཏུ་བསྟར་དགོས། ལུས་དྲོད་དང་བདེ་ཐང་ཨང་རིས། ཉིང་སྐྱུར་བརྟག་འབྲས་བཅས་ཞིབ་བཤེར་བྱེད་ཐབས་དོན་འཁྱོལ་ནན་མོ་བྱ་དགོས། གནས་ཡུལ་དུ་ཡོང་བའི་མི་གྲངས་ཚོད་འཛིན་ནན་མོ་བྱ་དགོས། མི་ཚོགས་འདུ་བ་མང་ཞིང་བར་སྟོང་ཟུམ་པའི་གནས་ཡུལ་དུ་ཚོང་གཉེར་རམ་ཡང་ན་འདུ་ཚོགས་བྱེད་སྒོ་སྤེལ་རྒྱུ་གནས་སྐབས་སུ་མཚམས་གཞག་དགོས། འགྲུལ་སྐྱེལ་ས་ཚིགས་དང་སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་ཀྱི་ཐེག་ཚད་ཇེ་ཉུང་དུ་གཏང་དགོས། སྤྱི་པའི་བར་སྟོང་ཟུམ་པ་ཅན་ལ་རླུང་རྒྱུ་བར་བྱེད་པ་དང་གཙང་སྦྲ་དུག་སེལ་བྱེད་པའི་ཐེངས་གྲངས་ཇེ་མང་དུ་གཏང་དགོས། གཙོ་གནད་ཀྱི་མི་ཚོགས་ཀྱིས་རང་གི་བྱ་བའི་ལས་གནས་ཀྱི་ངོ་བོ་དང་ཉེན་ཁའི་རིམ་པའམ་ཡང་ན་རང་ཡོད་སའི་གནས་ཡུལ་གྱི་རིགས་སྣ་བཅས་ལ་གཞིགས་ནས་རང་ཉིད་ཀྱི་འགོག་སྲུང་ལེགས་པོ་བྱ་དགོས། གདུབ་ཟུམ་དོ་དམ་དང་ཉིང་སྐྱུར་བརྟག་བཤེར། གདུབ་ཟུམ་ལས་གཉེར་བྱས་རྗེས་བཅས་ཀྱི་དམ་སྡོམ་བྱེད་ཐབས་དོན་འཁྱོལ་ནན་མོ་བྱ་དགོས། རང་ཉིད་ཀྱི་བདེ་ཐང་བརྟག་འཇལ་ལ་ཤུགས་བསྣན་ནས། ཚ་བ་རྒྱས་པ་དང་སྐམ་ལུ་རྒྱག་པ། ཐང་ཆད་པ། གྲེ་བ་ན་བ་སོགས་ཀྱི་ནད་རྟགས་ཡོད་པ་ཤེས་ཚེ་དུས་ཐོག་ཏུ་སྨན་པ་བསྟེན་དགོས་པ་ལས། ན་ཚ་ཁུར་ནས་ལས་ཚོགས་དང་སློབ་ཁྲིད་ལ་ཞུགས་མི་རུང།

15.“འབབ་ཚིགས་གཉིས་གནམ་ཐང་གཅིག”དང་འགྲིམ་འགྲུལ་འཕྲང་སྒོར་དོ་དམ་བྱེད་སྟངས། རིམས་ནད་འགོག་སྡོམ་མཐའ་མཚམས་ཀྱི་འགག་སྒོ་དམ་སྲུང་བྱས་ཏེ། སྔ་ས་ནས་ཞུ་ཚགས་འགོད་པ་དང་ཨང་རིས་ཞིབ་བཤེར་བྱེད་པ། འབྱོར་ཐོག་ཉིང་སྐྱུར་བརྟག་པ་སོགས་ཀྱི་དམ་སྡོམ་བླང་བྱ་སོ་སོ་དོན་འཁྱོལ་ནན་མོ་བྱ་དགོས། རང་རེའི་ཞིང་ཆེན་ལ་རིམས་ནད་འཁྱེར་ཡོང་ཉེན་ཆེ་བའི་ཞིང་ཆེན་དང་ཉེན་ཁ་ཆེ་ཁུལ་ནས་མཚོ་སྔོན་དུ་ཡོང་བའམ་ལོག་པའི་རླངས་འཁོར་དག་ལ“གཏན་ཁེལ་ལྔ”དང“མི་ཆོག་པ་གསུམ”གྱི་བླང་བྱ་དོན་འཁྱོལ་བྱ་དགོས་ཏེ། གཏན་ཁེལ་གྱི་འཛུལ་སྒོ་ནས་མཚོ་སྔོན་དུ་ཡོང་བ་དང། གཏན་ཁེལ་གྱི་ལམ་ཐིག་བརྒྱུད་ནས་སྐྱོད་པ། གཏན་ཁེལ་གྱི་ཞབས་ཕྱི་ཁུལ་དུ་ངལ་གསོ་རྒྱག་པ། གཏན་ཁེལ་གྱི་ཐོན་སྒོ་ནས་འབྱོར་བ། གཏན་ཁེལ་གྱི་དམིགས་ཡུལ་ལ་སླེབས་ནས་དོ་དམ་བྱེད་པ་བཅས་དང། དང་ཐོག་འཆར་གཞིའི་ནང་གཏན་ལ་ཕབ་པའི་ལམ་ཐིག་བསྒྱུར་ནས་ཞིང་ཆེན་ནང་ཁུལ་གྱི་མཁར་གྲོང་དུ་སྐྱོད་མི་ཆོག་པ་དང། ཆེད་སྤྱོད་ཀྱི་ཞབས་ཕྱི་ཁུལ་མ་གཏོགས་ཞབས་ཕྱི་ཁུལ་གཞན་པར་རླངས་འཁོར་བསྡད་མི་ཆོག རླངས་འཁོར་སྐྱོད་པའི་ལམ་བར་དུ་རང་དགར་འགྲུལ་བ་མར་འཇོག་ཡར་ལེན་བྱེད་མི་ཆོག་ལ། མི་སྣ་དག་ལ་ས་དེ་གར་ལོགས་བཀར་བྱེད་པའམ་ཡང་ན་གྲོང་ཁྱེར་དང་ཁུལ་སོ་སོས“གནས་གནས་གཏད་སྦྲེལ”གྱིས་དེའི་སྡོད་ཡུལ་དུ་སྤོ་སྐྱེལ་བྱས་ཏེ་གཅིག་བསྡུས་ལོགས་བཀར་བྱེད་པའམ་ཡང་ན་ཁྱིམ་སྡོད་ལོགས་བཀར་དང་གསོ་རིག་ལྟ་ཞིབ་བྱ་དགོས།

16.སྡེ་ཁུལ་གྱི་དོ་དམ་བྱེད་སྟངས། རིམས་ནད་མཆེད་པའི་གནས་ཚུལ་བྱུང་བའི་སྐབས་སུ། སྲང་ལམ(ཤང་ངམ་གྲོང་རྡལ)དང་སྡེ་ཁུལ(སྡེ་བ)དང་དྲ་མིག་དོ་དམ་པ་བཅས་རིམ་པ་གསུམ་མཉམ་འགུལ་བྱས་ཏེ། གཙོ་གནད་ས་ཁུལ་དང་ཉེན་ཁ་ཆེ་འབྲིང་ས་ཁུལ་ནས་མཚོ་སྔོན་དུ་ཡོང(ལོག)མཁན་ལ་ལེབ་བཤེར་དང་དམ་སྡོམ་བྱེད་པའི་བྱ་བ་ལེགས་པོ་སྒྲུབ་པ་དང། ཉིང་སྐྱུར་བརྟག་བཤེར་དང་ལོགས་བཀར་གསོ་རིག་ལྟ་ཞིབ། ཁྱིམ་སྡོད་བདེ་ཐང་བརྟག་འཇལ་སོགས་ཀྱི་བྱེད་ཐབས་དོན་འཁྱོལ་བྱེད་པར་ལྟ་སྐུལ་བྱ་དགོས། སྡེ་ཁུལ་གྱི་དོ་དམ་བྱེད་ཐབས་ཕྱོགས་ཡོངས་ནས་ཇེ་དམ་དུ་བཏང་ནས། འདུ་ཚོགས་རང་བཞིན་གྱི་བྱེད་སྒོ་སྣ་ཚོགས་སྤེལ་བར་ཚོད་འཛིན་དང་ཕྱིར་འགྱངས་ནན་མོ་བྱེད་པ་དང། དགོས་གལ་མེད་པར་ས་ཁོངས་བརྒལ་བའི་འགུལ་སྐྱོད་མི་བྱེད་པའི་སྐུལ་མ་གཏང་དགོས། གཞིས་ཁུལ་དུ་ཡོང་བའི་མི་སྣ་ལ་ལུས་དྲོད་ངེས་པར་འཇལ་བ་དང་ཁ་ཐུམ་ངེས་པར་རྒྱག་པ། ཨང་རིས་གཉིས་ངེས་པར་བཤེར་བ་བཅས་ཀྱི་བྱེད་ཐབས་དོན་འཁྱོལ་ནན་མོ་བྱེད་པ་དང། གཞིས་ཁུལ་གྱི་སྡོད་དམངས་རྣམས་ལ་ཁྱིམ་ཚང་གཞན་པར་མི་ཉུལ་བ་དང་རུབ་ཚོགས་མི་རྒྱག་པ། འདུ་འཛོམས་མི་བྱེད་པ། བརྒྱུད་སྤྲོད་མི་བྱེད་པ་བཅས་སྐུལ་འདེད་དང་ཁྲིད་སྟོན་བྱས་ཏེ། རིམས་ནད་འགོག་སྡོམ་གྱི་འགན་ཁུར་དང་དུ་ལེན་དགོས།

17.འཇགས་རྣམ་དོ་དམ་བྱེད་སྟངས། རིམས་ནད་མཆེད་ཚུལ་གྱི་འཕེལ་འགྱུར་ལ་གཞིགས་ནས། དུས་དང་པོར་མྱུར་དུ་འཇགས་རྣམ་དོ་དམ་བྱེད་ཐབས་སྤྱོད་རྒྱུའི་འཕྲལ་ཐག་གཅོད་པ་དང། ས་ཁོངས་ནང་ཁུལ་གྱི་སྡོད་དམངས་ཀྱིས་ཉིང་སྐྱུར་བརྟག་བཤེར་དང་སྨན་པ་བསྟེན་པ་སོགས་དམིགས་བསལ་གྱི་དགོས་མཁོ་བྱུང་ན་མ་གཏོགས། དགོས་གལ་མེད་པར་སྒོར་མི་འགྲོ་བ་དང་སྤྱི་པའི་གནས་ཡུལ་དུ་མི་འགྲོ་བ་བྱ་དགོས། འཇགས་རྣམ་དོ་དམ་བྱེད་པའི་དུས་ཡུན་ནང་ཁྱིམ་ཚང་རེས་ཉིན་གཉིས་རེར་མི་གཅིག་མངགས་ནས་ཕྱི་རོལ་ཏུ་དངོས་པོ་ཉོ་རུ་སོང་ཆོག་ལ། ཕྱི་རོལ་ཏུ་དངོས་པོ་ཉོ་བའི་དུས་ཡུན་ནི་ཆུ་ཚོད་གཅིག་ལས་བརྒལ་མི་ཆོག ས་ཁོངས་ནང་ཁུལ་གྱི་སྲིད་དོན་ལས་ཁུངས་དང་ལས་དོན་སྡེ་ཚན་དག་རྒྱུན་ལྡན་ངང་འཁོར་སྐྱོད་བྱ་དགོས་ཏེ། ཁྱིམ་དུ་བསྡད་ནས་གཞུང་ལས་སྒྲུབ་པར་སྐུལ་མ་གཏང་དགོས། ལས་གནས་སུ་སོང་སྟེ་གཞུང་ལས་སྒྲུབ་དགོས་པ་ངོ་མ་ཡིན་ན། ལས་ཁུངས་ནས་ངེས་པར་གདུབ་ཟུམ་དོ་དམ་བྱ་དགོས། རང་དགར་འགྲོ་རྒྱུག་བྱེད་པ་དང་རང་དགར་རླངས་འཁོར་བཀོལ་བ། རང་དགར་ཕྱི་རུ་སྐྱོད་པ་སོགས་ལ་རྡུང་རྡེག་ཚ་ནན་གཏང་དགོས།

བཞི། ས་ཁོངས་ཀྱི་ཉིང་སྐྱུར་བརྟག་བཤེར།

18.ས་ཁོངས་ཀྱི་ཉིང་སྐྱུར་བརྟག་བཤེར་བྱ་བའི་ཆེད་སྒྲུབ་ཚན་ཁག་འཛུགས་སྟངས། གྲོང་ཁྱེར(ཁུལ)སོ་སོའི་རིམས་ནད་འགོག་སྡོམ་བཀོད་འདོམས་པུའུ་ཡིས་ཉིང་སྐྱུར་བརྟག་བཤེར་བྱ་བའི་ཚོ་ཆུང་གཟུག་དགོས་ཏེ། གྲོང་ཁྱེར(ཁུལ)ཏང་ཨུའི་རྒྱུན་ཨུས་སྣེ་ཁྲིད་ཅིང། ཁོངས་མི་ནི་འཕྲོད་བསྟེན་བདེ་ཐང་དང། སྤྱི་བདེ། དམངས་སྲིད། འགྲིམ་འགྲུལ་སྐྱེལ་འདྲེན། ནོར་སྲིད། བཟོ་ལས་དང་ཆ་འཕྲིན་ཅན། སྐྱེ་ཁམས་ཁོར་ཡུག ཏང་ཨུའི་དྲིལ་བསྒྲགས་སོགས་འབྲེལ་ཡོད་སྡེ་ཁག་ཡིན། གཞི་གྲངས་སྡོམ་རྩིས་དང། སྡུད་བཤེར་སྡེབ་སྒྲིག །མ་དཔེ་སྐྱེལ་འདྲེན། གདགས་གཤིས་མཐའ་འབྲས་ཐག་གཅོད། དངོས་ཟོག་འགན་སྲུང། སྤུས་ཚད་ཚོད་འཛིན། སྨན་སྙིགས་ཐག་གཅོད། ཆ་འཕྲིན་ཅན་གྱི་འགན་སྲུང། ཕྱོགས་བསྡུས་དོ་དམ་བཅས་ཀྱི་བྱ་བའི་ཆེད་སྒྲུབ་ཚན་ཁག་གཟུག་དགོས།

19.ཉིང་སྐྱུར་བརྟག་བཤེར་གྱི་ཐབས་ཇུས། རིམས་ནད་མཆེད་པའི་གནས་ཚུལ་བྱུང་རྗེས། མཆེད་ནད་རྟོག་དཔྱོད་ལ་ཞིབ་འཇུག་བརྡར་གཅོད་བྱས་པ་ལྟར་ན། འགོས་ཁྱབ་འབྲེལ་ཕྲེང་མི་གསལ་ཞིང་ཉེན་ཡོད་གནས་ཡུལ་དང་ཉེན་ཡོད་མི་སྣ་མང་ལ། ཉེན་ཡོད་མི་སྣར་འགྲོ་རྒྱུག་ཆེ་བ་དང། རིམས་ནད་མྱུར་དུ་ཁྱབ་ཐོར་འགྲོ་བའི་ཉེན་ཁ་ཡོད་ཚེ། རིམས་ནད་བྱུང་ཡུལ་གྱི་རྫོང(གྲོང་ཁྱེར། ཆུས། སྲིད་ཨུ)གིས་ཉིན་རེར་མི་སྣ་ཡོངས་ལ་ཉིང་སྐྱུར་བརྟག་བཤེར་ཐེངས་རེ་བྱེད་པ་དང། བསྟུད་མའི་ཉིང་སྐྱུར་བརྟག་བཤེར་ཐེངས3ལ་སྤྱི་ཚོགས་ངོས་སུ་ནད་དུག་འགོས་མཁན་མེད་པར་གྱུར་རྗེས། ཉིན3རེའི་མཚམས་སུ(དེ་དུས་གཙོ་གནད་མི་ཚོགས་གཅིག་པུར་ཉིང་སྐྱུར་བརྟག་བཤེར་བྱེད)ཡང་བསྐྱར་མི་སྣ་ཡོངས་ལ་ཉིང་སྐྱུར་བརྟག་བཤེར་ཐེངས་རེ་བྱེད་པ་དང། སྤྱི་ཚོགས་ངོས་སུ་ནད་དུག་འགོས་མཁན་མ་བྱུང་ན་མི་སྣ་ཡོངས་ལ་ཉིང་སྐྱུར་བརྟག་བཤེར་བྱེད་མཚམས་བཞག་ཆོག ཟི་ལིང་གྲོང་ཁྱེར་དུ། ས་ཁོངས་བརྒལ་ནས་སྡེ་ཁུལ་ཏུ་རྒྱ་ཁྱབ་ངང་རིམས་ནད་མཆེད་པའི་གནས་ཚུལ་བྱུང་ཚེ། གྲོང་ཁྱེར་བཀོད་འདོམས་པུའུ་ཡིས་ཞིབ་འཇུག་བརྡར་གཅོད་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་སུ་མི་སྣ་ཡོངས་ལ་ཉིང་སྐྱུར་བརྟག་བཤེར་བྱེད་མིན་ཐག་གཅོད་དགོས། གྲོང་ཁྱེར(ཁུལ)གཞན་དག་ཏུ། མཁར་ནང་དུ་མི་གཏོགས་པའི་ས་ཁོངས་ཡིན་ན། མཆེད་ནད་རྟོག་དཔྱོད་ལ་ཞིབ་འཇུག་བརྡར་གཅོད་བྱས་པར་བརྟེན་ནས་མི་སྣ་ཡོངས་ལ་ཉིང་སྐྱུར་བརྟག་བཤེར་བྱེད་པའི་ས་ཁོངས་ངེས་ཅན་ཞིག་བགོ་དགོས། རྩ་དོན་ཐོག་ཉིན་རེར་མི་སྣ་ཡོངས་ལ་ཉིང་སྐྱུར་བརྟག་བཤེར་ཐེངས་རེ་བྱེད་པ་དང། བསྟུད་མའི་ཉིང་སྐྱུར་བརྟག་བཤེར་ཐེངས3ལ་སྤྱི་ཚོགས་ངོས་སུ་ནད་དུག་འགོས་མཁན་མེད་གྱུར་ཚེ་མི་སྣ་ཡོངས་ལ་ཉིང་སྐྱུར་བརྟག་བཤེར་བྱེད་མཚམས་བཞག་ཆོག ཞིང་སྡེ(འབྲོག་ཁུལ)རུ། ཤང་དང་གྲོང་རྡལ་མང་པོར་རིམས་ནད་མཆེད་པའི་སྐབས་སུ། མཆེད་ནད་རྟོག་དཔྱོད་ལ་ཞིབ་འཇུག་བརྡར་གཅོད་བྱས་པར་བརྟེན་ནས་ཁྱབ་ཁོངས་རྒྱ་བསྐྱེད་དེ་མི་སྣ་ཡོངས་ལ་ཉིང་སྐྱུར་བརྟག་བཤེར་བྱ་དགོས། རྩ་དོན་ཐོག་ཉིན་རེར་མི་སྣ་ཡོངས་ལ་ཉིང་སྐྱུར་བརྟག་བཤེར་ཐེངས་གཅིག་བྱེད་པ་དང། བསྟུད་མའི་ཉིང་སྐྱུར་བརྟག་བཤེར་ཐེངས3ལ་སྤྱི་ཚོགས་ངོས་སུ་ནད་དུག་འགོས་མཁན་མེད་པར་གྱུར་ཚེ་མི་སྣ་ཡོངས་ལ་ཉིང་སྐྱུར་བརྟག་བཤེར་བྱེད་མཚམས་བཞག་ཆོག

20.ཉིང་སྐྱུར་མ་དཔེ་སྡུད་སྟངས། ཆུ་ཚོད24ཡི་ནང་དུ་ས་ཁོངས་ཀྱི་ཉིང་སྐྱུར་བརྟག་བཤེར་བྱེད་ཚར་བའི་དམིགས་འབེན་ལྟར་མ་དཔེ་སྡུད་ལེན་དང་བརྟག་བཤེར་གྱི་སྟོབས་ཤུགས་སྡེབ་སྒྲིག་བྱ་དགོས།

མ་དཔེ་བསྡུ་སྟེགས་བཀོད་སྒྲིག་བྱེད་སྟངས། མ་དཔེ་བསྡུ་སྟེགས(མ་དཔེ་སྡུད་མཁན2)རེ་ནས་ཆུ་ཚོད་རེར་མི120ཡི་མ་དཔེ་སྡུད་པའི་ཚད་གཞི་ལྟར་མ་དཔེ་བསྡུ་བྱའི་མི་གྲངས་ཚོད་རྩིས་བྱ་དགོས། ཉིང་སྐྱུར་མ་དཔེ་བསྡུ་བྱའི་མི་གྲངས(འཇལ་བྱེད། མི)=མི་འབོར་གྱི་ཁ་གྲངས÷360ཡིན། མི5སྦུག1གི་མཉམ་བསྲེས་དཔེ་སྡུད་བརྟག་བཤེར་ལག་རྩལ་སྤྱོད་པ་ཡིན་ན། ཉིང་སྐྱུར་བརྟག་བཤེར་སྟོབས་ཤུགས(འཇལ་བྱེད། སྦུག/ཉིན)=མི་འབོར་གྱི་ཁ་གྲངས÷5×2ཡིན། མི10སྦུག1གི་མཉམ་བསྲེས་དཔེ་སྡུད་བརྟག་བཤེར་ལག་རྩལ་སྤྱོད་པ་ཡིན་ན། ཉིང་སྐྱུར་བརྟག་བཤེར་སྟོབས་ཤུགས=མི་འབོར་གྱི་ཁ་གྲངས÷10×2ཡིན།

མ་དཔེ་བསྡུ་གནས་བཀོད་སྒྲིག་བྱེད་སྟངས། མི2000ནས3000ལ་མ་དཔེ་བསྡུ་གནས1བཀོད་སྒྲིག་བྱེད་པ་དང། མི600ནས800ལ་མ་དཔེ་བསྡུ་སྟེགས1བཀོད་སྒྲིག་བྱེད་པ་ལྟར་ན། མ་དཔེ་བསྡུ་གནས་རེ་ལ་མ་དཔེ་བསྡུ་སྟེགས4ནས5བཀོད་སྒྲིག་བྱ་དགོས་ལ། རྩ་དོན་ཐོག་གཞིས་ཁུལ་རེ་སྡེ་ཚན་དུ་བྱས་ཏེ་མ་དཔེ་བསྡུ་གནས་བཀོད་སྒྲིག་བྱ་དགོས། མ་དཔེ་བསྡུ་སྟེགས་རེ་ལ་མ་དཔེ་སྡུད་མཁན2དང་ཆ་འཕྲིན་སྡུད་མཁན1གཞག་དགོས་པ་དང། མ་དཔེ་བསྡུ་སྟེགས་རེ་ནས་ཆུ་ཚོད་རེར་མི120ཡི་མ་དཔེ་བསྡུ་བ་ལྟར་རྩིས་བརྒྱག་དགོས། མ་དཔེ་བསྡུ་གནས་ཀྱི་ནང་ཁུལ་དུ་སྒུག་སྡོད་ས་དང། མ་དཔེ་བསྡུ་ས། བར་ཆོད་བྱེད་ས། གནས་སྐབས་ལོགས་བཀར་བྱེད་ས། སྨན་བཅོས་སྙིགས་རོ་གསོག་ས་བཅས་དབྱེ་བགོ་བྱ་དགོས། སྲུང་ལྭ་གྱོན་ཕུད་བྱེད་ས་བཀོད་སྒྲིག་བྱེད་པ་དང། ལག་པའི་འཕྲོད་བསྟེན་སྒྲིག་བཀོད་དང་གོས་གྱོན་མེ་ལོང་ངམ་ཡང་ན་འགོག་སྲུང་སྒྲིག་ཆས་བཅས་སྒྲིག་སྦྱོར་བྱ་དགོས། ལོ60ཡན་གྱི་རྒན་རྒོན་དང། སྦྲུམ་མ། དབང་བོ་སྐྱོན་ཅན་སོགས་ལ་ལྗང་མདོག་བགྲོད་ལམ་བཀོད་སྒྲིག་བྱས་ཏེ་ཁེར་རྐྱང་དུ་མ་དཔེ་སྡུད་པའམ་ཡང་ན་སྔོན་ལ་མ་དཔེ་བསྡུ་དགོས།

མ་དཔེ་སྡུད་སྟངས། གཅིག་བསྡུས་ལོགས་བཀར་བྱེད་གནས་དང་གཙོ་གནད་མི་ཚོགས་གཞན་དག་ལ་ཁེར་སྡུད་ཁེར་བཤེར་བྱ་དགོས། ཉེན་ཁ་ཆེ་ཁུལ་གྱི་མི་ཚོགས་ལ་སྒོ་ཁར་སོང་སྟེ་ཁེར་སྡུད་ཁེར་བཤེར་བྱེད་པའམ་ཡང་ན་ཁྱིམ1སྦུག1གི་བརྟག་བཤེར་བྱ་དགོས། ཉེན་ཁ་འབྲིང་ཁུལ་གྱི་མི་ཚོགས་ལ་མི5སྦུག1གི་མཉམ་བསྲེས་བརྟག་བཤེར་བྱ་དགོས། ཉེན་ཁ་ཆུང་ཁུལ་གྱི་མི་ཚོགས་ལ་མི20སྦུག1ཡང་ན་མི10སྦུག1གི་མཉམ་བསྲེས་བརྟག་བཤེར་བྱ་དགོས།

མ་དཔེ་ཉར་འཇོག་དང་སྤོ་སྐྱེལ་བྱེད་སྟངས། བརྟག་བྱའི་མ་དཔེ་རྣམས་དྲོད་ཚད་དམའ་མོར(2-8℃)ཉར་འཇོག་བྱ་དགོས། ས་ཁོངས་ཀྱི་ཉིང་སྐྱུར་མ་དཔེ་སྡུད་མགོ་བརྩམས་ནས་ཆུ་ཚོད1འགོར་རྗེས། མ་དཔེ་སྐོར་དང་པོ་དེ་བརྟག་བཤེར་ལས་ཁུངས་ལ་སྤོ་སྐྱེལ་བྱ་དགོས་པ་དང། མུ་མཐུད་སྡུད་ལེན་བྱས་པའི་མ་དཔེ་རྣམས་ཆུ་ཚོད་ཕྱེད་ཀ་ནས་ཆུ་ཚོད2རེའི་ནང་བསྡུ་གསོག་བརྒྱབ་ནས་སྤོ་སྐྱེལ་ཐེངས་གཅིག་བྱ་དགོས་ཏེ། སྡུད་ལེན་བྱས་རྗེས་ཆུ་ཚོད3གྱི་ནང་དུ་དངོས་བཤེར་ཁང་གིས་བརྟག་བཤེར་བྱེད་ཚད་དེ་བརྟག་བཤེར་ནུས་པ་ཆེ་ཤོས་ཀྱི80%ཡན་ལ་སླེབས་ཐུབ་པ་ཁག་ཐེག་བྱ་དགོས།

21.སྨན་བཅོས་སྙིགས་རོ་ཐག་གཅོད་བྱེད་སྟངས། སྨན་བཅོས་སྙིགས་རོ་གསོག་བྱེད་ཀྱི་འགྱིག་ཐུམ་ཁུག་མ་ཉིས་རྩེག་ཅན་གྱི་ནང་དུ་སྨན་བཅོས་སྙིགས་རོ་བཀང་ཙམ་བླུགས་རྗེས། ཁ་ལེགས་པོར་བརྒྱབ་སྟེ་ཚགས་དམ་པོ་ཡིན་པ་ཁག་ཐེག་བྱེད་པ་དང། སྨན་བཅོས་སྙིགས་རོའི་འགྱིག་ཐུམ་གཤག་དབྲལ་མེད་པ་དང་སིམ་འཛག་མེད་པ་ཁག་ཐེག་བྱ་དགོས། སྨན་བཅོས་སྙིགས་རོ་ཐག་གཅོད་ཀྱི་ཆེད་སྒྲུབ་ཚན་ཁག་གིས་དུས་ཐོག་ཏུ་བབ་མཚུངས་ཀྱི་འོས་ཐོབ་ཡོད་པའི་སྨན་བཅོས་སྙིགས་རོ་ཐག་གཅོད་སྡེ་ཚན་ལ་མཐུན་སྦྱོར་བྱས་ནས། མ་དཔེ་བསྡུ་གནས་དང་ཉིང་སྐྱུར་བརྟག་བཤེར་ལས་ཁུངས་ཀྱི་སྨན་བཅོས་སྙིགས་རོ་ཐག་གཅོད་དང་སྤོ་སྐྱེལ་བྱ་དགོས། ཉིང་སྐྱུར་མ་དཔེ་བསྡུ་གནས་ཀྱི་སྨན་བཅོས་སྙིགས་རོ་རྣམས་ཉིན་དེ་གར་གཙང་སྐྱེལ་བྱ་དགོས་ལ། ཉིང་སྐྱུར་བརྟག་བཤེར་ལས་ཁུངས་ཀྱི་སྨན་བཅོས་སྙིགས་རོ་རྣམས་ཆ་རྐྱེན་འདང་དུས་གནས་སྐབས་སུ་ཉར་འཇོག་བྱེད་ཆོག་མོད། ཉར་འཇོག་བྱེད་ཡུན་ནི་ཉིན2ལས་བརྒལ་མི་ཆོག།

ལྔ། སྨན་བཅོས་སྐྱོབ་བཅོས།

22.སྐྱོབ་བཅོས་སྨན་ཁང། གྲོང་ཁྱེར་དང་ཁུལ(ན་གོར་མོ་གྲོང་ཁྱེར་འདུ)སོ་སོས་གཏན་འབེབས་ལྟར་ཕྱོགས་བསྡུས་ནུས་པ་སྟོབས་དང་ལྡན་པ་ཡོད་པའི་སྨན་ཁང་དེ་གནས་ཁེལ་སྐྱོབ་བཅོས་སྨན་ཁང་དུ་གཏན་ཁེལ་བྱས་ཏེ། པྲོག་གསར་གློ་ཚད་ཀྱི་ནད་པ་དཀྱུས་མ་དང་ལྕི་གྲས་དང་ཉེན་ཆེ་ཅན་བཅས་དང་ནད་གཞི་ལྗིད་མོའམ་སྲོག་ཉེན་ཅན་གྱི་ཉེན་ཁ་ཚབས་ཆེན་མི་ཚོགས་བཅས་སྡུད་ལེན་སྨན་བཅོས་བྱེད་པར་བཀོལ་དགོས། གྲོང་ཁྱེར་དང་ཁུལ(ན་གོར་མོ་གྲོང་ཁྱེར་འདུ)སོ་སོས་ཁེར་ཆགས་ཁ་ཟུམ་ཅན་གྱི་བཟོ་བཀོད་བར་སྟོང་ཆེན་པོར་གཞི་བཅོལ་ནས་སྒྲོམ་ཚང་སྨན་ཁང་ཁ་གྲངས་ངེས་ཅན་ཞིག་བཀོད་སྒྲིག་བྱས་ཏེ། པྲོག་གསར་གྱི་ནད་རྟགས་མེད་པའི་ནད་དུག་འགོས་མཁན་དང་ནད་ངོས་ཟིན་པའི་ནད་པ་ཡང་གྲས་སྡུད་ལེན་སྨན་བཅོས་བྱེད་པར་བཀོལ་དགོས། སྲིད་གཞུང་གི་འབྲེལ་ཡོད་འགན་ཁུར་མི་སྣ1ངེས་གསལ་བྱས་ཏེ་སྨན་ཁང་གི་ཉིན་རྒྱུན་དོ་དམ་ལ་ཐད་འབྲེལ་བྱེད་པ་དང། ཕྱོགས་བསྡུས་སྟོབས་ཤུགས་ཆེན་པོ་ལྡན་པའི་སྨན་བཅོས་ལས་ཁུངས་དེ་བཅོལ་སྐྱོང་སྨན་ཁང་དུ་ངེས་གཏན་བྱས་ཏེ། སྨན་ཁང་གི་སྤྱི་ཁོག་འཁོར་སྐྱོད་ལ་འགན་ཁུར་དགོས། གྲོང་ཁྱེར་དང་ཁུལ(ན་གོར་མོ་གྲོང་ཁྱེར་འདུ)སོ་སོས་རང་ས་ཁོངས་སུ་མ་མཐའ་ཡང་རིམས་འབྲེལ་སྨན་བཅོས་སྐྱོབ་བཅོས་སྨན་ཁང1གཏན་ཁེལ་བྱས་ཏེ། གཅིག་བསྡུས་ལོགས་བཀར་བྱེད་གནས་དང་ཉེན་ཁ་ཆེ་འབྲིང་ཁུལ་སོགས་ཀྱི་མི་སྣར་སྨན་བཅོས་བྱེད་པའི་དགོས་མཁོ་འགན་སྲུང་བྱ་དགོས།

23.ནད་པ་སྐྱོབ་བཅོས་བྱེད་སྟངས། ནད་པ་སྨན་ཁང་དུ་བསྡད་རྗེས། ཆུ་ཚོད8ཀྱི་ནང་དུ་རིགས་དབྱེ་བརྟག་གཅོད་བྱ་དགོས་ལ། བརྟག་གཅོད་བྱས་རྗེས་ཀྱི་ཆུ་ཚོད2ཀྱི་ནང་དུ་རྒྱལ་ཁབ་ཀྱི་ནད་གཞི་འགོག་སྡོམ་ཆ་འཕྲིན་མ་ལག་བརྒྱུད་དེ་དྲ་ཐོག་ཏུ་ཐད་ཀར་ཡར་ཞུ་བྱ་དགོས། ནད་རྟགས་མེད་པའི་ནད་དུག་འགོས་མཁན་དང་ནད་པ་ཡང་གྲས་རྣམས་ལ་སྒྲོམ་ཚང་སྨན་ཁང་ནས་གཅིག་བསྡུས་ལོགས་བཀར་དོ་དམ་དང་ནད་འཚམ་སྨན་བཅོས། ནད་ཚུལ་བརྟག་འཇལ་བཅས་ལག་ལེན་བྱ་དགོས། གལ་ཏེ་ནད་ཚུལ་ཇེ་ཐུ་རུ་སོང་ན། ལྡོག་གནོན་མྱུར་སྐྱོབ་རླངས་འཁོར་གྱིས་གནས་ཁེལ་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱ་དགོས།

24.སྨན་ཁང་ནས་བུད་པའམ་ལོགས་བཀར་ལས་གློད་རྗེས་ཀྱི་དོ་དམ་བྱེད་སྟངས། སྨན་ཁང་ནས་བུད་པའམ་ལོགས་བཀར་ལས་གློད་པའི་མི་སྣ་རྣམས་སྲང་ལམ(སྡེ་ཁུལ། སྡེ་བ)ལ་སྤྲད་དེ་ཉིན7རིང་ཁྱིམ་སྡོད་བདེ་ཐང་བརྟག་འཇལ་གྱི་དོ་དམ་བྱ་དགོས། སྲང་ལམ(སྡེ་ཁུལ། སྡེ་བ)གྱིས་ཆེད་མི་རྩ་འཛུགས་བྱས་ནས་ཁྱིམ་སྡོད་བདེ་ཐང་བརྟག་འཇལ་མི་སྣར་དོ་དམ་བྱ་དགོས་ལ། ཆུ་ཚོད24རིང་ལས་རེས་འཇོག་པའི་ལམ་ལུགས་དོན་འཁྱོལ་བྱེད་པ་དང། ཟིན་ཐོ་བཀོད་ནས་ཐོ་དེབ་བཟོ་བ་དང་བརྟག་འཇལ་ཆ་འཕྲིན་བསྡུ་གསོག་ལེགས་པོ་བྱས་ཏེ། ཁྱིམ་སྡོད་བདེ་ཐང་བརྟག་འཇལ་མི་སྣར་དོ་དམ་བྱས་པའི་གནས་ཚུལ་དུས་བཅད་ལྟར་སྙན་སེང་ཞུ་དགོས། སྨན་ཁང་ནས་བུད་པའམ་ལོགས་བཀར་ལས་གློད་པའི་མི་སྣར་བདེ་ཐང་བརྟག་འཇལ་བྱེད་ཡུན་དུ་ནད་གཞི་གཞན་པ་ཕོག་པའི་རྐྱེན་གྱིས་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱ་དགོས་བྱུང་ན། དེ་གནས་སའི་གྲོང་ཁྱེར(ཁུལ)ཀྱིས་ངེས་གཏན་བྱས་པའི་རིམས་འབྲེལ་སྨན་ཁང་དུ་བསྡུ་ལེན་སྨན་བཅོས་བྱ་དགོས།

25.རིམས་ནད་གནས་ཚུལ་བྱུང་སྐབས་ཀྱི་སྨན་བཅོས་ཞབས་ཕྱི་སྒྲུབ་སྟངས། ཉེན་ཁ་ཆེ་འབྲིང་ཁུལ་གྱི་ནད་པ་དེ་ངེས་གཏན་གྱི་སྨན་བཅོས་སྐྱོབ་བཅོས་སྨན་ཁང་གིས་སྐྱོབ་བཅོས་བྱེད་འགན་ཁུར་དགོས་པ་དང། གཏོགས་ཡུལ་གྱི་སྲང་ལམ(ཤང་ངམ་གྲོང་རྡལ)དང་སྡེ་ཁུལ(སྡེ་བ)གྱི་ལས་བྱེད་མི་སྣས120མྱུར་སྐྱོབ་རླངས་འཁོར་ལ་འབྲེལ་གཏུག་བྱས་ཏེ་བསུ་སྐྱེལ་བྱ་དགོས། གཅིག་བསྡུས་ལོགས་བཀར་བྱེད་གནས་ཀྱི་ཕྱི་རུ་སྨན་པ་བསྟེན་དུ་འགྲོ་དགོས་པའི་འཆི་ཉེན་ནད་པ་ལྗིད་མོ་དང་ཉེན་ཁ་ཆེ་འབྲིང་ཁུལ་གྱི་ནད་པས་སྨན་པ་བསྟེན་པའི་འགྲོ་ལུགས་སྒྲུབ་སྟངས་གཅིག་མཚུངས་ཡིན་ལ། འཆི་ཉེན་ནད་པ་ལྗིད་མོ་མིན་ན་ལོགས་བཀར་བྱེད་གནས་ཀྱི་ལས་བྱེད་མི་སྣས་ཐག་ཉེ་སའི་རིམས་འབྲེལ་སྨན་བཅོས་སྐྱོབ་བཅོས་སྨན་ཁང་ལ་འབྲེལ་གཏུག་བྱས་ཏེ་སྨན་པ་བསྟེན་དགོས་པ་མ་ཟད། ཆེད་སྤྱོད་རླངས་འཁོར་ཀྱིས་བསུ་སྐྱེལ་བྱ་དགོས། ཉེན་ཁ་ཆུང་ཁུལ་དང་ས་ཁོངས་གཞན་དག་གི་འཆི་ཉེན་ནད་པ་ལྗིད་མོ་ཡིན་ན། 120བཀོད་འདོམས་ལྟེ་གནས་ཀྱིས་མྱུར་སྐྱོབ་རླངས་མཁོར་མངགས་ཏེ་ཐག་ཉེ་སའི་སྨན་བཅོས་ལས་ཁུངས་སུ་བསྐྱལ་ནས་སྐྱོབ་བཅོས་བྱ་དགོས།

དྲུག འགོས་ཁྱབ་སྔོན་འགོག་དང་ཚོད་འཛིན།

26.གནས་ཁེལ(སྒྲོམ་ཚང)སྨན་ཁང། གནས་ཁེལ་སྨན་ཁང་གི་ལོགས་བཀར་ནད་ཁུལ་དང་སྒྲོམ་ཚང་སྨན་ཁང་གི་ལས་བྱེད་མི་སྣས་ས་ཁོངས་ཀྱི་འགོག་སྲུང་བླང་བྱ་ལྟར་འགོག་སྲུང་སྤྱོད་ཆས་གྱོན་པའམ་ཕུད་དགོས། སྦག་བཙོག་ཁུལ་དུ་ལས་རིགས་རྗེན་མངོན་གྱི་འཚུབ་ཟློག་ཐག་གཅོད་སྒམ་ཆུང་སྡེབ་སྒྲིག་བྱེད་པ་དང། དབུགས་ལམ་གྱི་ལས་རིགས་རྗེན་མངོན་བྱུང་རྗེས་ཀྱི་ཐག་གཅོད་བྱ་རིམ་དེ་ནད་ཁུལ་གྱི་གསལ་པོར་མཐོང་སར་སྦྱར་ཏེ། འཚུབ་ཟློག་སྐབས་སུ་སྤྱོད་པར་མཁོ་སྤྲོད་བྱ་དགོས། ལས་བྱེད་མི་སྣ་ཡོད་ཚད་ཀྱིས་གདུབ་ཟུམ་དོ་དམ་ལག་ལེན་ནན་བསྟར་བྱ་དགོས་པ་དང། གནས་ཁེལ་སྨན་ཁང་དུ་སྡོད་གནས་བཀོད་སྒྲིག་བྱེད་མི་ཆོག །ནད་ཁུལ་དུ་རྩ་དོན་ཐོག་ནད་པའི་འདུག་རོགས་བསྡད་མི་ཆོག་ལ། འདུག་རོགས་དགོས་པའི་བྱིས་པ་དང་རྒན་རྒོན་སོགས་ནད་པ་ཡིན་ན་གནས་ཚུལ་རྟོགས་ཤིང་འཐད་པ་བྱུང་བའི་གནས་ཚུལ་འོག་ཏུ་ཁྱིམ་མི1འདུག་རོགས་བྱེད་ཆོག །འདུག་རོགས་བྱེད་མཁན་སྨན་ཁང་དུ་སྡོད་སྐབས་བྱ་རིམ་ཧྲིལ་པོར་གདུབ་ཟུམ་དོ་དམ་ལག་ལེན་ནན་བསྟར་བྱ་དགོས།

27.ཚ་རྒྱས་སྒོ་བསྟེན་སྨན་ཁང། ཚ་རྒྱས་སྒོ་བསྟེན་སྨན་ཁང་ལ་རིམ་པ་བསྟད་དེ་དོ་དམ་བྱེད་པ་དང། སྨན་བཅོས་བྱ་བའི་ལས་བགོས་ཡོན་ཀྲང་གཞོན་པས་འགན་ཁུར་ཏེ། རིམས་ནད་གནས་ཚུལ་བྱུང་སྐབས་སུ་བྱ་རིམ་ཧྲིལ་པོར་གདུབ་ཟུམ་དོ་དམ་ལག་ལེན་ནན་བསྟར་བྱ་དགོས། ཚ་རྒྱས་སྒོ་བསྟེན་སྨན་ཁང་གིས“ཁུལ་གསུམ་བགྲོད་ལམ་གཉིས”ཀྱི་བཀོད་སྒྲིག་བྱེད་སྟངས་ལྟར། དབྱེ་ཁུལ་སོ་སོའི་བར་དུ་དངོས་པོའི་བར་ཆོད་འཇོག་པ་དང། ས་ཁོངས་སོ་སོ་དང་བགྲོད་ལམ་གྱི་སྒོ་ཁར་མཚོན་རྟགས་གསལ་པོ་གཞག་དགོས། སྨན་དོན་མི་སྣ་དག་ཚ་རྒྱས་སྨན་ཁང་དང་བཀག་ལྟ་ནད་ཁང་དུ་ཡོང་ཚེ། ས་ཁོངས་ཀྱི་འགོག་སྲུང་བླང་བྱ་ལྟར་འགོག་སྲུང་སྤྱོད་ཆས་གྱོན་ཕུད་བྱ་དགོས། སྨན་བཅོས་ལས་ཁུངས་ཀྱིས་ཚ་རྒྱས་པའམ་དབུགས་ལམ་ནད་རྟགས་ཡོད་ཀྱང་པྲོག་གསར་ནད་དུག་འགོས་པ་མིན་པ་གསལ་ཐག་ཆོད་པའི་ནད་པ་དག་ཚ་རྒྱས་སྒོ་བསྟེན་སྨན་ཁང་དུ་ཁྲིད་ནས་སྨན་བཅོས་བྱ་དགོས་ལ། འབྲེལ་ཡོད་ཀྱི་བརྟག་བཤེར་བྱས་འབྲས་ལ་ལན་མ་བྱུང་སྔོན་དུ། ནད་པ་ཚ་རྒྱས་སྒོ་བསྟེན་སྨན་ཁང་དུ་བཀོད་སྒྲིག་བྱས་ནས་བཀག་ལྟ་བྱ་དགོས།

28.ནད་ཁུལ(ཁང)དཀྱུས་མ། བརྟག་སྔོན་གྱི་ནད་པ་དབྱེ་འབྱེད་ཚད་ལྡན་བྱེད་པ་དང། བརྟག་བཅོས་ཐོག་མས་འགན་ཁུར་བའི་ལམ་ལུགས་དོན་འཁྱོལ་བྱ་དགོས་ལ། ནད་པར་པྲོག་གསར་གློ་ཚད་ཀྱི་ནད་རྟགས་དང་མཆེད་ནད་རིག་པའི་ལོ་རྒྱུས། དབུགས་ལམ་ནད་རྟགས་བཅས་ཀྱི་སྐོར་ནས་འདྲི་བརྟག་བྱེད་པར་ཤུགས་བསྣན་དགོས་པ་དང། གལ་ཏེ་ནད་དུག་འགོས་མཁན་མིན་པ་ཐག་མི་ཆོད་པའི་ནད་པ་ཡོད་ན་གཏན་ཁེལ་ལམ་ཐིག་ལྟར་ཚ་རྒྱས་སྒོ་བསྟེན་སྨན་ཁང་དུ་སོང་ནས་སྨན་བཅོས་བྱེད་པར་ཁྲིད་སྟོན་བྱ་དགོས། བར་བརྒལ་ནད་ཁང་བཀོད་སྒྲིག་ཚད་ལྡན་བྱས་ཏེ། གནས་སྐབས་སུ་ཉིང་སྐྱུར་བརྟག་འབྲས་མེད་པའི་ནད་པའམ་ལོགས་བཀར་ལེབ་བཤེར་བྱ་དགོས་པའི་དོགས་ཡོད་ནད་པ་དག་མི་གཅིག་རེ་ཁང་མིག་གཅིག་རེ་ནང་སྡུད་ལེན་སྨན་བཅོས་བྱེད་པར་བཀོལ་དགོས། ནད་ཁུལ་དཀྱུས་མའི་ནང་དགོས་གལ་མེད་ན་ནད་པར་འདུག་རོགས་བྱེད་མི་ཆོག་ལ་མཚམས་འདྲིར་ཡོང་མི་ཆོག གནས་ཚུལ་དམིགས་བསལ་གྱི་དབང་གིས་ངེས་པར་འདུག་རོགས་དགོས་ན། འདུག་རོགས་བྱེད་མཁན་ཅུང་གཏན་ཁེལ་ཡིན་དགོས།

29.བརྟག་བཅོས་བྱེད་ཐབས་དང་དུ་ལེན་སྐབས་ནད་པས་ཁ་ཐུམ་བཤུ་དགོས་པའི་ཚན་ཁག་གམ་སྡེ་ཁག །སྡོད་ཁུལ་དུ་གནས་མང་ཁྱབ་ཐོར་རམ་ཡང་ན་འདུ་ཚོགས་རང་བཞིན་གྱི་རིམས་ནད་གནས་ཚུལ་བྱུང་སྐབས། ཁང་པ་གཅིག་ཏུ་སྨན་པ་གཅིག་དང་ནད་པ་གཅིག་ལག་བསྟར་ནན་མོ་བྱས་ནས། ནད་དུག་སྣོལ་འགོས་འབྱུང་བར་གཡོལ་དགོས། བརྟག་བཅོས་ཁང་ལ་རླུང་རྒྱུ་བ་བཟང་དགོས་ཤིང། དགོས་གལ་བྱུང་ཚེ་འཕྲུལ་ཆས་ཀྱིས་རླུང་རྒྱུ་བར་བྱེད་པའམ་འགུལ་རྣམ་གྱི་དུག་སེལ་བྱེད་ཐབས་སྤྱད་དགོས། དབུགས་ཞུ་སྤྱིན་རྡུལ་འབྱུང་སླ་བའི་བརྟག་བཅོས་ལག་ལེན་བསྟར་དུས། ལག་ལེན་སྨན་དོན་མི་སྣས་རང་ཉིད་ཀྱི་འགོག་སྲུང་ལེགས་པོ་བྱ་དགོས་ལ། ནད་པ་མི་འདྲ་བར་བརྟག་བཅོས་བྱེད་པའི་བར་གསེང་དུ་རང་ཉིད་ཀྱི་འགོག་སྲུང་སྤྱོད་ཆས་བརྗེ་དགོས་པ་མ་ཟད། སྔ་ས་ནས་དུག་སེལ་ལེགས་པོ་བྱ་དགོས།

30.སྨན་བཅོས་ལས་ཁུངས་ཀྱི་རིམས་ནད་དང་འབྲེལ་བའི་གནས་ཚུལ་ཐག་གཅོད་བྱེད་སྟངས། གནས་ཁེལ་མིན་པའི་སྨན་ཁང་དུ་རིམས་འབྲེལ་མི་སྣ(གདགས་གཤིས་ནད་དུག་འགོས་མཁན་དང་ཉེ་བཅར་མི་སྣའམ་བརྒྱུད་འབྲེལ་ཉེ་བཅར་མི་སྣ)བྱུང་ཚེ། ལམ་སང་ཆེད་ལས་ཀྱི་སྨན་ཁང་འགོས་ཁྱབ་འགོག་སྡོམ་མི་སྣས་རིམས་ནད་མཆེད་པའི་ཉེན་ཁར་དཔྱད་འཇོག་བྱ་དགོས་པ་མ་ཟད། འཕྲོད་བསྟེན་བདེ་ཐང་གི་སྲིད་འཛིན་སྡེ་ཁག་ལ་སྙན་སེང་ཞུ་བ་དང། ནད་འགོག་ལས་ཁུངས་དང་མཉམ་དུ་ཕྱོགས་བསྡུས་སྒོས་ཞིབ་འཇུག་བརྡར་གཅོད་བྱས་ཏེ། རིམས་ནད་རྒྱ་སྡོམ་དང་དམ་སྡོམ་བྱེད་པའི་བསམ་འཆར་གདོན་དགོས། མཆེད་ནད་རིག་པའི་རྟོག་དཔྱོད་བྱས་རྗེས། ཉེ་བཅར་མི་སྣ་དང་བརྒྱུད་འབྲེལ་ཉེ་བཅར་མི་སྣ་གཏན་ཁེལ་བྱེད་པ་དང། དུས་ཐོག་ཏུ་གཏོགས་ཁུལ་གྱི་ནད་འགོག་ལས་ཁུངས་ལ་འབྲེལ་གཏུག་བྱས་ཏེ། གཏན་ལ་ཕབ་པའི་དམ་སྡོམ་བྱེད་ཐབས་དོན་འཁྱོལ་བྱ་དགོས་ལ། རྩ་དོན་ཐོག་རྒྱ་སྡོམ་དང་དམ་སྡོམ་བྱེད་པའམ་ཡང་ན་བརྟག་བཅོས་བྱེད་མཚམས་འཇོག་པའི་དུས་ཡུན་ནི་ཉིན2ལས་བརྒལ་མི་རུང། འཕྲལ་བཅོས་ཁང་དང་བཙག་བཅོས་ཁང། གཤག་བཅོས་ཁང། ལྗིད་ནད་ལྟ་སྐྱོང་ཁང། བུ་བཙའ་ཚན་ཁག(བུ་བཙའ་ཁང)། ཁྱེའུ་ནད་ཁང(NICU)སོགས་གཙོ་གནད་ཚན་ཁག་ལ་གནད་དུ་ཁེལ་བའི་རྒྱ་སྡོམ་དང་དམ་སྡོམ་བྱེད་ཐབས་སྤྱད་དེ། འཆི་ཉེན་ནད་པ་ལྗིད་མོ་དང་དམིགས་བསལ་མི་ཚོགས་ཀྱིས་སྨན་པ་བསྟེན་པའི་དགོས་མཁོ་འགན་སྲུང་བྱ་དགོས།

31.གཅིག་བསྡུས་ལོགས་བཀར་བྱེད་གནས། གཅིག་བསྡུས་ལོགས་བཀར་བྱེད་གནས་སུ་ཉེ་མཚེས་དང་ཁ་གཏད་དུ་སྡོད་པའི་ལོགས་བཀར་མི་སྣས་འཚང་ཁར་གཡོལ་ནས་ཟ་མ་ལེན་དགོས། ཟ་མ་ལེན་སྐབས་འགོག་སྲུང་ཁ་ཐུམN95འམKN95རྒྱག་པ་དང། གླེང་མོལ་དང་ཏོག་ཙམ་འདུག་སྡོད་བྱེད་རྒྱུ་སྤང་དགོས། གཅིག་བསྡུས་ལོགས་བཀར་བྱེད་གནས་སུ་གདགས་གཤིས་མི་སྣ་ཡོད་པ་ཤེས་ཚེ། བསྐྱར་བརྟག་གཏན་ཁེལ་བྱས་རྗེས་ཀྱི་ཆུ་ཚོད2ཀྱི་ནང་དུ་གནས་ཁེལ་སྨན་བཅོས་ལས་ཁུངས་སུ་སྤོ་སྐྱེལ་བྱ་དགོས། སྣོལ་འགོས་དོགས་ཅན་བྱུང་བའི་གཅིག་བསྡུས་ལོགས་བཀར་བྱེད་གནས་ལ་ལམ་སང་ཆེད་དོན་བརྟག་དཔྱད་བྱས་ཏེ། ཕྱོགས་ཡོངས་ནས་ལེབ་བཤེར་དང་ཉེན་ཁར་དཔྱད་འཇོག་བྱེད་པ་དང། ཉེན་ཡོད་མི་སྣ་ཡོད་ཚད་ཀྱི་ལོགས་བཀར་དུས་ཚོད་བསྐྱར་དུ་བརྩི་དགོས། ཁྱམས་ལམ་དང་ཐེམ་སྐས། སྤྱི་པའི་གསང་སྤྱོད་སོགས་དང་སྒོའི་ལག་ཟུངས། གློག་སྐས་ཀྱི་མཐེབ་མནོན་སོགས་ཐུག་རེག་མང་དུ་བྱེད་སར་ཉིན་རེར་དུས་ལྟར་དུག་སེལ་བྱ་དགོས། ལོགས་བཀར་བྱེད་ཡུན་དུ་ཁང་པ་དང་གསང་སྤྱོད་ལ་ལོགས་བཀར་མི་སྣ་རང་ཉིད་ཀྱིས་དུག་སེལ་བྱེད་ཆོག དངོས་པོ་དང་ཅ་ལག་གི་ངོས་སོགས་སྦག་བཙོག་བྱེད་སྲིད་པའི་ཕྱི་ངོས་ལ་ཉིན་རེར་དུག་སེལ་ཐེངས་གཉིས་བྱེད་པ་དང། མཆིལ་མ་དང་ལུད་པ་སོགས་ཀྱིས་སྦག་བཙོག་བཟོས་ཚེ་སྐབས་ཐོག་ཏུ་དུག་སེལ་བྱ་དགོས། ལོགས་བཀར་ལྟ་ཞིབ་གློད་རྗེས་ཀྱི་ཁང་པ་དང་སྒྲིག་ཆས། དངོས་པོ་བཅས་ལ་གཅིག་བསྡུས་ལོགས་བཀར་བྱེད་གནས་ཀྱི་ནང་ཁུལ་གྱི་ལས་བྱེད་མི་སྣས་གཙང་སྦྲ་དང་དུག་སེལ་བྱ་དགོས། ནད་པ་བྱུང་མྱོང་བའི་ཁང་པ་དང་སྒྲིག་ཆས། དངོས་པོ་བཅས་ལ་ནད་འགོག་ལས་ཁུངས་ཀྱི་མཛུབ་སྟོན་འོག་ཏུ་ཆེད་ལས་མི་སྣས་མཇུག་མཐའི་དུག་སེལ་དང་དཔྱད་འཇོག་བྱ་དགོས།

32.ལས་ཡུལ་དང་པོའི་ལས་བྱེད་མི་སྣར་དོ་དམ་བྱེད་སྟངས། ལས་ཡུལ་དང་པོའི་ལས་བྱེད་མི་སྣའི་རིམས་ནད་འགོག་སྡོམ་ལ“གཏན་འགོག་བཅུ”བསྒྲུབ་ཐུབ་དགོས་ཏེ། མི་གཉིས་ཡན་ཆད་ཀྱིས་བར་སྟོང་གཅིག་པར་མཉམ་དུ་ཟས་ཟ་བ་གཏན་འགོག་དང། མི་གཉིས་ཡན་ཆད་ཀྱིས་མཉམ་དུ་ཐ་མག་འཐེན་པ་གཏན་འགོག མི་གཉིས་ཡན་ཆད་ཁང་པ་གཅིག་ཏུ་ཞག་སྡོད་བྱེད་པ་གཏན་འགོག འགོག་སྲུང་མེད་པའི་གནས་ཚུལ་འོག་ཏུ་ཞབས་ཕྱི་བྱ་ཡུལ་ལ་གླེང་མོལ་དང་ཐུག་རེག་བགྱིད་པ་གཏན་འགོག །གསོ་སྦྱོང་ཞིབ་དཔྱད་ཀྱི་ཚད་མ་ལོངས་པའི་མི་ལས་གནས་སུ་འཇོག་པ་གཏན་འགོག །མ་དཔེ་སྡུད་མཁན་གྱིས་དུག་སེལ་མ་བྱས་པར་བསྟུད་མར་མ་དཔེ་བསྡུ་བ་གཏན་འགོག །སྨན་དོན་མི་སྣ་ལས་གནས་གཞན་དུ་ཉུལ་ཞིང་ཁུལ་བརྒལ་ནས་འགྲོ་རྒྱུག་བྱེད་པ་གཏན་འགོག །ལས་བྱེད་མི་སྣའི་ལས་གནས་ཡང་ཡང་བརྗེ་བ་གཏན་འགོག །གདུབ་ཟུམ་དོ་དམ་མི་སྣས་གཏོར་བརླག་བཟོ་བ་གཏན་འགོག །ལས་བྱེད་མི་སྣར་ན་ཚ་ཡོད་ཀྱང་ཡར་ཞུ་མི་བྱེད་པར་ལས་གནས་སུ་ཞུགས་པ་གཏན་འགོག་བྱེད་པ་བཅས་སོ། །ཉིན་རེའི་བྱ་བ་བསྒྲུབས་ཚར་རྗེས། ཉིན་དེར་བཀོལ་བའི་འགོག་སྲུང་སྤྱོད་ཆས་རྣམས་གཅིག་གྱུར་གྱིས་ཕྱིར་བསྡུ་བྱེད་པ་དང། སྨན་བཅོས་སྙིགས་རོ་ལྟར་ཐག་གཅོད་གང་ལེགས་བྱ་དགོས།

33.སྨན་བཅོས་སྙིགས་རོ་ཐག་གཅོད་བྱེད་སྟངས། སྨན་བཅོས་སྙིགས་རོ་ཟག་ཐོན་དང། བསྡུ་གསོག།།ཉར་འཇོག །སྤོ་སྐྱེལ། འཚུབ་ཟློག་ཐག་གཅོད་བཅས་བྱེད་པའི་སྡེ་ཚན་གྱིས་ས་དེ་གའི་མི་དམངས་སྲིད་གཞུང་དང་སྐྱེ་ཁམས་ཁོར་ཡུག །འཕྲོད་བསྟེན་བདེ་ཐང། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན། འགྲིམ་འགྲུལ་སྐྱེལ་འདྲེན་སོགས་གཙོ་སྐྱོང་སྡེ་ཁག་གི་མཛུབ་སྟོན་འོག་ཏུ། སྨན་བཅོས་སྙིགས་རོ་དོ་དམ་དང་ཐག་གཅོད་འོས་ཤིང་འཚམ་པ་བྱ་དགོས།

བདུན། ཆ་འཕྲིན་སྒྲོག་སྤེལ།

34.ཆ་འཕྲིན་ཡོངས་བསྒྲགས་བྱེད་སྟངས། ཕྱི་རོལ་ཏུ་ཆ་འཕྲིན་ཡོངས་བསྒྲགས་བྱེད་ན་དྲ་ཐོག་ཏུ་ཐད་ཀར་ཡར་ཞུ་བྱས་པའི་གཞི་གྲངས་དེ་ཁུངས་ལུང་དུ་འཛིན་དགོས་ལ། དྲ་ཐོག་ཏུ་ཐད་ཀར་ཡར་ཞུ་བྱས་པ་ལས་སྔ་མི་རུང། རིམས་ནད་གནས་ཚུལ་བྱུང་རྗེས། ས་དེ་གའི་རིམས་ནད་འགོག་སྡོམ་བཀོད་འདོམས་པུའུ་ཡིས་ཆུ་ཚོད5ཡི་ནང་དུ་ཁུངས་བཙན་ཆ་འཕྲིན་སྒྲོག་སྤེལ་བྱ་དགོས་ལ། དེ་ཕྱི་ཉིན་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ལས་འཕྱི་མི་རུང། ཆུ་ཚོད24ཡི་ནང་དུ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཐོག་མ་འཚོག་དགོས། སྒྲོག་སྤེལ་ཚོགས་འདུ་ནི་སྤྱིར་བཏང་དུ་ནམ་གུང་སོགས་དམིགས་བསལ་གྱི་དུས་ཚོད་ནང་འཚོག་དགོས་པ་དང། ཚོགས་ཡུན་སྤྱིར་བཏང་དུ་སྐར་མ40ནས60ལ་ཚོད་འཛིན་བྱ་དགོས་ལ། གནས་ཚལ་དམིགས་བསལ་ཡོད་ཚེ་གནས་ཚུལ་ལ་གཞིགས་ནས་ལེགས་སྒྲིག་བྱེད་ཆོག་པ་ཡིན།

◎འབྲུག་བྱམས་ཚེ་རིང་གིས་བསྒྱུར། པདྨ་ཚེ་འཛོམས་ཀྱིས་ཞུས།