༄༅། །མཚོ་སྔོན་ཞིང་ཆེན་གྱི་ནད་གཞི་ཧ་ཅང་ལྗིད་མོའི་སྨན་བཅོས་འགན་བཅོལ་དང་རོགས་སྐྱོབ་ལམ་ལུགས་འཐུས་ཚང་དུ་གཏོང་བའི་ལག་བསྟར་ཇུས་གཞི།

༄༅། །མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན་གྱིས་མཚོ་སྔོན་ཞིང་ཆེན་གྱི་ནད་གཞི་ཧ་ཅང་ལྗིད་མོའི་སྨན་བཅོས་འགན་བཅོལ་དང་རོགས་སྐྱོབ་ལམ་ལུགས་འཐུས་ཚང་དུ་གཏོང་བའི་ལག་བསྟར་ཇུས་གཞི་

དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར།

མཚོ་སྲིད་གཞུང་ལས་ཐིན〔2022〕ཨང41པ།

གྲོང་ཁྱེར་དང་རང་སྐྱོང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང། ཞིང་ཆེན་སྲིད་གཞུང་གི་ཨུ་ཡོན་ལྷན་ཁང་དང་གཞུང་ལས་ཁང། ཐིན། ཅུས་སོ་སོ་བཅས་ལ།

《མཚོ་སྔོན་ཞིང་ཆེན་གྱི་ནད་གཞི་ཧ་ཅང་ལྗིད་མོའི་སྨན་བཅོས་འགན་བཅོལ་དང་རོགས་སྐྱོབ་ལམ་ལུགས་འཐུས་ཚང་དུ་གཏོང་བའི་ལག་བསྟར་ཇུས་གཞི》ལ་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཐེངས107པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང། ད་ལྟ་ཁྱོད་ཚོར་དཔར་འགྲེམ་བྱས་པ་ཡིན་པས། ནན་ཏན་གྱིས་ལག་བསྟར་དོན་འཁྱོལ་ཡག་པོ་བྱ་དགོས།


མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།

2022ལོའི་ཟླ6པའི་ཚེས17ཉིན།

༄༅། །མཚོ་སྔོན་ཞིང་ཆེན་གྱི་ནད་གཞི་ཧ་ཅང་ལྗིད་མོའི་སྨན་བཅོས་འགན་བཅོལ་དང་རོགས་སྐྱོབ་ལམ་ལུགས་འཐུས་ཚང་དུ་གཏོང་བའི་ལག་བསྟར་ཇུས་གཞི།

དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་སྨན་བཅོས་འགྲོ་གྲོན་གྱི་ཁུར་བོ་སྔར་ལས་ཇེ་ཡང་དུ་གཏོང་བ་དང། ནད་ཀྱི་དབང་གིས་དབུལ་ལོག་དབུལ་འགྱུར་འབྱུང་བའི་ཉེན་ཁ་སྔོན་འགོག་དང་སེལ་ཐབས་བྱས་ནས། དམངས་འཚོ་འགན་སྲུང་གི་མ་མཐའི་ཚད་ཐིག་བརྟན་པོར་སྐྲུན་ཆེད། 《རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་གྱི་ནད་གཞི་ཧ་ཅང་ལྗིད་མོའི་སྨན་བཅོས་འགན་བཅོལ་དང་རོགས་སྐྱོབ་ལམ་ལུགས་འཐུས་ཚང་དུ་གཏོང་བའི་སྐོར་གྱི་བསམ་འཆར》(རྒྱལ་གཞུང་སྤེལ〔2022〕ཨང42པ)གྱི་དགོངས་དོན་གཞིར་བཟུང་ཞིང། རང་ཞིང་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཇུས་གཞི་འདི་བཟོས་པ་ཡིན།

གཅིག སྤྱིའི་བླང་བྱ།

(གཅིག)མཛུབ་སྟོན་བསམ་བློ།

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱ་དོན་འཁྱོལ་ནན་མོ་བྱས་ཏེ། སྨན་བཅོས་འགན་སྲུང་གི་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང། གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་སྦྲེལ་མཐུད་ནུས་ལྡན་བྱེད་ཅིང། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ནད་གཞི་ཧ་ཅང་ལྗིད་མོའི་སྨན་བཅོས་འགྲོ་གྲོན་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བར་དམིགས་ནས། ནད་ཀྱི་དབང་གིས་དབུལ་ལོག་དབུལ་འགྱུར་འབྱུང་བ་སྔོན་འགོག་དང་སེལ་ཐབས་བྱེད་པའི་ཡུན་ཕན་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང། གཞི་རྩའི་སྨན་བཅོས་འགན་བཅོལ་དང་ནད་ཆེན་འགན་བཅོལ། སྨན་བཅོས་རོགས་སྐྱོབ(གཤམ་དུ་ལམ་ལུགས་གལ་ཆེན་གསུམ་ཞེས་བསྡུ་རྒྱུ)བཅས་ཀྱི་ཕྱོགས་བསྡུས་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་ཞིང། དངོས་ཐོག་བདེན་འཚོལ་ངང་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་སྨན་བཅོས་འགན་སྲུང་ཐོབ་ཐང་གི་ཚད་གཞི་གཏན་འཁེལ་བྱས་ནས། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་སྨན་བཅོས་ལ་འགན་སྲུང་ཡོད་པར་ཁག་ཐེག་དང་ནད་གཞི་ཧ་ཅང་ལྗིད་མོའི་རྐྱེན་གྱིས་གཞི་རྩའི་འཚོ་བར་ཤུགས་རྐྱེན་མི་ཐེབས་པ་དང། དུས་མཚུངས་སུ་འགན་སྲུང་བྱེད་ཚད་ཚད་ལས་མི་བརྒལ་བར་བྱ་དགོས། ལམ་ལུགས་གལ་ཆེན་གསུམ་གྱི་ཕྱོགས་བསྡུས་འགན་སྲུང་དེ་དགེ་རྩའི་རོགས་སྐྱོབ་དང་ཚོང་ལས་བདེ་ཐང་གི་འགན་བཅོལ་སོགས་ལ་མཐུན་སྦྱོར་ངང་འཕེལ་རྒྱས་དང་འབྲེལ་མཐུད་ནུས་ལྡན་ཡོང་བར་སྐུལ་འདེད་བཏང་ནས། སྲིད་གཞུང་གིས་གཙོ་ཁྲིད་གནང་ཞིང་ཕྱོགས་མང་པོ་ཐེ་ཞུགས་བྱེད་པའི་རིམ་མང་སྨན་བཅོས་འགན་སྲུང་མ་ལག་གཟུག་དགོས།

(གཉིས)གཞི་རྩའི་རྩ་དོན།

མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་བྱས་ནས་སྨན་བཅོས་རོགས་སྐྱོབ་དེ་དྲང་གཞག་སྒོས་སྨན་བཅོས་འགྲོ་གྲོན་གྱི་ཁུར་བོ་ཅུང་ལྗིད་བའི་དཀའ་ངལ་ཡོད་པའི་ལས་བཟོ་བ་དང་གྲོང་ཁྱེར་གྲོང་གསེབ་ཀྱི་སྡོད་དམངས་ལ་ཁྱབ་པར་བྱ་དགོས། གཞི་རྩར་འགན་སྲུང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་སྨན་བཅོས་དགོས་མཁོ་ཐག་གཅོད་འོས་འཚམ་བྱེད་པ་དང། ཐ་སྐྱོང་བྱེད་པའི་མཐའ་མཚམས་ཁ་གསལ་བཟོས་ནས་དྲང་སྙོམས་ཡིན་ལ་ཚད་དང་རན་པའི་འགན་སྲུང་ལག་བསྟར་བྱེད་ཅིང། བརྩོན་པ་ཅི་ཐུབ་ཀྱིས་ནུས་པས་ལྕོགས་ཆོད་སྒྲུབ་པ་རྒྱུན་འཁྱོངས་བྱ་དགོས། གཅིག་གྱུར་ཚད་ལྡན་ཡོང་བ་རྒྱུན་འཁྱོངས་བྱས་ཏེ་གཅིག་གྱུར་དང་ཚད་ལྡན་གྱི་སྨན་བཅོས་རོགས་སྐྱོབ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་པ་མ་ཟད། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་ཐེབས་རྩའི་བེད་སྤྱོད་གནས་ཚུལ་ལ་གཞིགས་ནས་ལེགས་སྒྲིག་བྱ་དགོས། སྲིད་ཇུས་སྦྲེལ་མཐུད་བྱེད་པ་རྒྱུན་འཁྱོངས་བྱས་ནས། ནད་གཞི་ཧ་ཅང་ལྗིད་མོའི་སྨན་བཅོས་འགན་བཅོལ་དང་རོགས་སྐྱོབ་ལམ་ལུགས་དེ་སྨན་བཅོས་རོགས་སྐྱོབ་ཀྱི་ཞིང་ཆེན་རིམ་པའི་མཉམ་གསོག་སྐོར་གྱི་སྲིད་ཇུས་སོ་སོར་གཅིག་གྱུར་ངང་སྦྲེལ་མཐུད་ཡག་པོ་བྱ་དགོས། གནད་འཁེལ་ཇུས་བསྟར་བྱེད་པ་རྒྱུན་འཁྱོངས་དང། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ནད་གཞི་ཧ་ཅང་ལྗིད་མོ་འབྱུང་ཉེན་སྔོན་འགོག་དང་སེལ་ཐབས་བྱེད་པར་དམིགས་ནས། དཀའ་ངལ་ཡོད་པའི་མང་ཚོགས་དང་དཀའ་ངལ་གྱི་གནས་ཚུལ་གནད་འཁེལ་དབྱེ་འབྱེད་ཡག་པོ་བྱེད་པ་དང། དཀའ་ངལ་གྱི་གནས་ཚུལ་དང་སྨན་བཅོས་འགྲོ་གྲོན་གྱི་གཏོང་སྒོ་ལ་ཕྱོགས་བསྡུས་སྒོས་བསམ་གཞིག་བྱས་ཏེ་རིགས་དབྱེ་རོགས་སྐྱོབ་གནད་འཁེལ་ལག་བསྟར་བྱ་དགོས། ཕྱོགས་བསྡུས་ངང་མཐུན་སྦྱོར་བྱེད་པ་རྒྱུན་འཁྱོངས་དང་སྡེ་ཚན་བར་གྱི་མཐུན་སྦྱོར་ལ་ཤུགས་བསྣན་ནས། རྐྱེན་སྲོལ་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་བ་དང་བྱ་བའི་མཉམ་ཤུགས་ཆགས་པར་བྱ་དགོས།

(གསུམ)དམིགས་འབེན་ལས་འགན།

2022ལོར་ནད་གཞི་ཧ་ཅང་ལྗིད་མོའི་སྨན་བཅོས་འགན་བཅོལ་དང་རོགས་སྐྱོབ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང། སྨན་བཅོས་རོགས་སྐྱོབ་ཀྱི་ཞིང་ཆེན་རིམ་པའི་གཅིག་གྱུར་འཆར་འགོད་ཀྱི་བྱ་བ་སྲ་བརྟན་དུ་བཏང་ནས། སྨན་བཅོས་འགན་སྲུང་གི་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་དེ་གྲོང་གསེབ་དར་སྤེལ་དང་མཉམ་དུ་སྦྲེལ་མཐུད་ནུས་ལྡན་བྱེད་པའི་བྱ་བ་སྲ་བརྟན་དང་རྒྱ་བསྐྱེད་པར་སྤྱི་འདོམས་ངང་སྐུལ་འདེད་གཏང་དགོས། 2025ལོར་སླེབས་སྐབས། གཞི་རྩའི་སྨན་བཅོས་འགན་བཅོལ་གཙོ་བྱས་ཤིང། སྨན་བཅོས་རོགས་སྐྱོབ་ཀྱིས་ཐ་སྐྱོང་བྱེད་པ་དང། ཁ་གསབ་སྨན་བཅོས་འགན་བཅོལ་དང་ཚོང་ལས་བདེ་ཐང་འགན་བཅོལ། ལས་བཟོ་ཕན་ཚུན་འགན་ལེན། དགེ་སྒྲུབ་ཞལ་འདེབས་སོགས་མཉམ་དུ་ཐུན་མོང་འཕེལ་རྒྱས་ཡོང་བའི་སྨན་བཅོས་འགན་སྲུང་མ་ལག་ཕྱོགས་ཡོངས་ནས་བསྐྲུན་ཏེ། སྨན་བཅོས་འགན་སྲུང་གི་བདེ་འཇགས་དྲ་བ་ཞིབ་ཚགས་བཟོ་དགོས།

གཉིས། སྨན་བཅོས་རོགས་སྐྱོབ་བྱ་ཡུལ་གྱི་ཁྱབ་ཁོངས།

སྨན་བཅོས་རོགས་སྐྱོབ་བྱ་ཡུལ་ནི་རང་ཞིང་གི་ཐེམ་ཐོ་ཡོད་པའི་དཀའ་ངལ་ཅན་གྱི་ལས་བཟོ་བ་དང་གྲོང་ཁྱེར་གྲོང་གསེབ་ཀྱི་སྡོད་དམངས་ཡིན་ལ། དེའི་ནང་དམིགས་བསལ་དཀའ་ངལ་ཡོད་པའི་འཚོ་སྐྱོང་བྱ་ཡུལ་དང། དྭ་ཕྲུག གྲོང་ཁྱེར་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ། ཡོང་འབབ་དམའ་བའི་ཁྱིམ་ཚང་ཁྲོད་ཀྱི་དབང་བོ་སྐྱོན་ཅན་ཚབས་ཆེན།(དབང་བོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་ལོངས་སུ་སྤྱོད་བཞིན་པའི་དབང་བོ་སྐྱོན་ཅན་ཚབས་ཆེན་ཚུད)གཙོ་གནད་གཟིགས་སྐྱོང་བྱ་ཡུལ། ཡོང་འབབ་དམའ་བའི་ཁྱིམ་ཚང་གི་ཁོངས་མི།(མ་མཐའི་འཚོ་བ་འགན་སྲུང་བྱ་ཡུལ་གྱི་ཁྱིམ་ཚང་གི་ཁོངས་མི་ཚུད)འགྲོ་སོང་རྣམ་པའི་ཁྱིམ་ཚང་དབུལ་བོའི་ཁོངས་མི། དངོས་གནས་སྐྱོང་མཁན་མེད་པའི་བྱིས་པ། ཨེ་ཙི་ནད་ཀྱི་ནད་དུག་འགོས་པའི་བྱིས་པ། ལྟ་ཞིབ་ཚད་ལེན་བྱེད་ཁུངས་སུ་བཅུག་པའི་ཞིང་སྡེའི་དབུལ་ལོག་དབུལ་འགྱུར་བྱེད་སླ་བའི་མི་འབོར(གཤམ་དུ་སྡེ་བའི་དབུལ་ལོག་དབུལ་འགྱུར་བྱེད་སླ་བའི་མི་འབོར་ཞེས་བསྡུ་རྒྱུ)བཅས་ཚུད་ཡོད། དེ་དག་ལས་དངོས་གནས་སྐྱོང་མཁན་མེད་པའི་བྱིས་པ་དང་ཨེ་ཙི་ནད་ཕོག་པའི་བྱིས་པར་ད་ཕྲུག་བྱིས་པའི་སྨན་བཅོས་རོགས་སྐྱོབ་སྲིད་ཇུས་ལྟར་གཟིགས་སྐྱོང་བྱ་དགོས། སྡེ་བའི་དབུལ་ལོག་དབུལ་འགྱུར་བྱེད་སླ་བའི་མི་འབོར་ལ་ཡོང་འབབ་དམའ་བའི་ཁྱིམ་ཚང་ཁོངས་མིའི་སྨན་བཅོས་རོགས་སྐྱོབ་སྲིད་ཇུས་ལྟར་གཟིགས་སྐྱོང་བྱ་དགོས།

གསུམ། ལམ་ལུགས་གལ་ཆེན་གསུམ་གྱི་ཕྱོགས་བསྡུས་འགན་སྲུང་བྱེད་ཤུགས་ཆེ་རུ་གཏང་དགོས།

(གཅིག)དཀའ་ངལ་ཡོད་པའི་མང་ཚོགས་ལས་འགན་སྲུང་འོས་པ་མཐའ་དག་འགན་སྲུང་བྱེད་པ་ཁག་ཐེག་བྱ་དགོས། མ་མཐའི་འཚོ་བ་འགན་སྲུང་གི་མུ་མཐར་གནས་པའི་ཁྱིམ་ཚང་གི་ནར་མ་སོན་པའི་མི་སྡོད་དམངས་སྨན་བཅོས་འགན་བཅོལ་ནང་ཞུགས་པར་མི་སྒེར་གྱི་གྲོན་དངུལ་འཇལ་བའི་ཆ་ཤས་དེ་ལོ་དེའི་མི་སྒེར་གྱི་གྲོན་དངུལ་འཇལ་བའི་ཚད་གཞིའི50%ལྟར་རོགས་སྐྱོར་བྱ་དགོས། 2022ལོ་ནས2025ལོའི་བར། ཞིང་སྡེའི་དབུལ་ལོག་དབུལ་འགྱུར་བྱེད་སླ་བའི་མི་འབོར་སྡོད་དམངས་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་མི་སྒེར་གྱི་གྲོན་དངུལ་འཇལ་བའི་ཆ་ཤས་དེ་ལོ་རེ་བཞིན80%དང། 70%དང། 60%དང། 50%བཞིན་ཇེ་ཉུང་དུ་གཏོང་བའི་བསྡུར་ཚད་ལྟར་རོགས་སྐྱོར་བྱ་དགོས། སྨན་བཅོས་རོགས་སྐྱོབ་བྱ་ཡུལ་དང་བར་བརྒལ་དུས་སྐབས་སུ་བརྟན་རླིང་ངང་བྱུང་བའི་མི་འབོར་རྣམས་ལོ་ཧྲིལ་བོར་སྡོད་དམངས་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་གྲོན་དངུལ་སྤྲོད་འཇལ་གྱི་ལྗང་ལམ་གསར་འབྱེད་བྱས་ནས། སྡོད་དམངས་སྨན་བཅོས་འགན་བཅོལ་ནང་ཞུགས་ན་གྲོན་འཇལ་དུས་ཡུན་ལ་སྲིད་ཇུས་ཀྱི་ཚོད་འཛིན་མི་ཐེབས་པ་བྱ་དགོས།

(གཉིས)ལམ་ལུགས་གལ་ཆེན་གསུམ་ཕན་ཚུན་སྦྲེལ་མཐུད་ཡོང་བར་སྐུལ་འདེད་གཏང་དགོས།

1.གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་བྱེད་པོའི་འགན་སྲུང་བྱེད་ནུས་བརྟན་དུ་གཏང་དགོས། འགན་སྲུང་འོས་པ་མཐའ་དག་འགན་སྲུང་བྱེད་པར་དམིགས་ནས། གཞི་རྩའི་སྨན་བཅོས་འགན་བཅོལ་སྤྱད་ནས་སྨན་ཁང་དུ་སྡོད་པ་དང་སྒོ་བསྟེན་སྨན་བཅོས་བྱེད་པའི་གཟིགས་སྐྱོང་འགན་སྲུང་ཆུ་ཚད་སྲ་བརྟན་དུ་གཏོང་བ་དང། དྲང་སྙོམས་ཡིན་ལ་ཚད་དང་རན་པའི་འགན་སྲུང་ལག་བསྟར་བྱས་ནས། འགན་བཅོལ་ནང་ཞུགས་མཁན་མང་ཚོགས་ཀྱི་གཞི་རྩའི་སྨན་བཅོས་ཀྱི་དགོས་མཁོ་ཐག་གཅོད་གང་འཚམ་བྱེད་ཅིང། གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་བྱེད་པོའི་འགན་སྲུང་བྱེད་ནུས་སྔར་ལས་ཆེ་རུ་བཏང་ནས། མི་ཚང་མ་ཞུགས་པ་དང། མི་ཚང་མས་འགན་འཁུར་བ། རོགས་རེས་མཉམ་ཕན་ཡིན་པའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ལམ་ལུགས་བཟང་ཆ་འདོན་སྤེལ་གང་ལེགས་བྱ་དགོས།

2.ནད་གཞི་ལྗིད་མོའི་འགན་བཅོལ་གྱི་འགན་སྲུང་ནུས་པ་ཇེ་མཐོར་གཏང་དགོས། ནད་གཞི་ལྗིད་མོའི་འགན་བཅོལ་གྱི་འགན་སྲུང་ཆུ་ཚད་སྲ་བརྟན་དུ་བཏང་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ཀྱི་ནད་གཞི་ལྗིད་མོའི་འགན་བཅོལ་གྱི་ཐོག་མའི་གཏོང་སྤྲོད་ཚད་གཞི་དེ་ལོ་འཁོར་ནང་ཁྱོན་བསྡོམས་སྒོར12000ལོངས་ན། སྲིད་ཇུས་ཁྱབ་ཁོངས་ནང་རྩིས་ཞུའི་བསྡུར་ཚད80%ཡིན་ལ་ཡ་མཐའ་མེད་པ་བྱ་དགོས། ནད་གཞི་ལྗིད་མོའི་འགན་བཅོལ་གྱི་གཟིགས་སྐྱོང་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པའི་རྨང་གཞིའི་ཐོག་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་དང། མ་མཐའི་འཚོ་བ་འགན་སྲུང་བྱ་ཡུལ། དབུལ་ལོག་དབུལ་འགྱུར་བྱུང་བའི་མི་འབོར་བཅས་ལ་ཐོག་མའི་གཏོང་སྤྲོད་ཚད་གཞི50%ཇེ་དམའ་རུ་གཏོང་བ་དང། རྩིས་ཞུའི་བསྡུར་ཚད5%ཇེ་མཐོ་རུ་གཏོང་བའི་གསེག་གཞོལ་གྱི་འགན་སྲུང་སྲིད་ཇུས་ལག་བསྟར་བྱ་དགོས།

3.སྨན་བཅོས་རོགས་སྐྱོབ་ཀྱི་ཐ་སྐྱོང་བྱེད་ནུས་ཇེ་མཐོར་གཏང་དགོས། འགན་བཅོལ་ནང་ཞུགས་པར་དངུལ་རོགས་དང་སྒོ་བསྟེན་སྨན་བཅོས་བྱེད་པར་རོགས་སྐྱོབ། སྨན་ཁང་ནས་ཞག་སྡོད་བྱེད་པར་རོགས་སྐྱོབ། ནད་གཞི་ཧ་ཅང་ལྗིད་མོ་ཐད་སྨན་བཅོས་བྱེད་པར་རོགས་སྐྱོབ་སོགས་ཀྱི་སྲིད་ཇུས་གནད་ལ་འཁེལ་བའི་སྒོ་ནས་ལག་བསྟར་བྱས་ཏེ། དཀའ་ངལ་ཡོད་པའི་མང་ཚོགས་ནད་ཀྱི་དབང་གིས་དབུལ་བོར་ལོག་པ་དང་ནད་ཀྱི་དབང་གིས་དབུལ་བོར་འགྱུར་བར་ཚད་མཐོན་པོས་སྔོན་འགོག་བྱ་དགོས། རོགས་སྐྱོབ་ཀྱི་ཐོབ་ཐང་མང་པོ་ཡོད་པའི་མི་སྣར་གང་མཐོ་དེ་སྟེར་གྱི་རྩ་དོན་ལྟར་གཟིགས་སྐྱོང་ལོངས་སུ་སྤྱོད་རྒྱུ་ཡོད་པ་ལས་རོགས་སྐྱོབ་ཟློས་རྩེག་བྱེད་མི་ཆོག

བཞི། སྨན་བཅོས་རོགས་སྐྱོབ་ཀྱི་ཐ་སྐྱོང་འགན་སྲུང་བརྟན་དུ་གཏང་དགོས།

(གཅིག)རོགས་སྐྱོབ་འགྲོ་གྲོན་གྱི་འགན་སྲུང་ཁྱབ་ཁོངས་ཁ་གསལ་བཟོ་དགོས། གཞི་རྩར་འགན་སྲུང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་རོགས་སྐྱོབ་བྱ་ཡུལ་གྱི་སྲིད་ཇུས་ཁྱབ་ཁོངས་ནང་གི་གཞི་རྩའི་སྨན་བཅོས་དགོས་མཁོ་ཐག་གཅོད་ནུས་ལྡན་བྱ་དགོས། སྨན་བཅོས་རོགས་སྐྱོབ་དེ་གཙོ་བོར་རོགས་སྐྱོབ་བྱ་ཡུལ་ལ་དལ་འཕར་ནད་བྱུང་སྟེ་ཡུན་རིང་དུ་སྨན་བསྟེན་དགོས་པའམ་ཡང་ན་ནད་གཞི་ཧ་ཅང་ལྗིད་མོ་ཕོག་སྟེ་ཡུན་རིང་དུ་སྒོ་བསྟེན་སྨན་བཅོས་བྱ་དགོས་ཕྱིར་གནས་ཁེལ་སྨན་དཔྱད་ལས་ཁུངས་སུ་བཏང་བའི་འགྲོ་གྲོན་དང་སྡོད་བཅོས་འགྲོ་གྲོན་ཐག་གཅོད་པར་སྤྱད་དགོས། སྨན་བཅོས་རོགས་སྐྱོབ་ཐེབས་རྩས་འགྲོ་སོང་བཏང་བའི་སྨན་རྫས་དང་སྨན་སྤྱོད་འཛད་རྫས། སྨན་བཅོས་རྣམ་གྲངས་བཅས་རྩ་དོན་ཐོག་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་ཁྱབ་ཁོངས་དང་མཐུན་དགོས། གཞི་རྩའི་སྨན་བཅོས་འགན་བཅོལ་དང་ནད་གཞི་ལྗིད་མོའི་འགན་བཅོལ་གྱི་ཐོག་མའི་གཏོང་སྤྲོད་ཚད་གཞི་མན་གྱི་སྲིད་ཇུས་ཁྱབ་ཁོངས་ནང་གི་མི་སྒེར་གྱིས་སྤྲད་དགོས་པའི་སྨན་བཅོས་འགྲོ་གྲོན་དེ་གཏན་འབེབས་ལྟར་སྨན་བཅོས་རོགས་སྐྱོབ་འགན་སྲུང་གི་ཁྱབ་ཁོངས་ནང་འཇུག་དགོས།

(གཉིས)སྡོད་བཅོས་རོགས་སྐྱོབ་ཀྱི་ཆུ་ཚད་ལུགས་མཐུན་སྒོས་གཏན་འཁེལ་བྱ་དགོས། རོགས་སྐྱོབ་བྱ་ཡུལ་གྱི་རིགས་ལ་གཞིགས་ནས་ལོ་འཁོར་རོགས་སྐྱོབ་ཀྱི་ཐོག་མའི་གཏོང་སྤྲོད་ཚད་གཞི་དང། བསྡུར་ཚད། བཅད་གྲངས་བཅས་རིགས་དབྱེ་ནས་བཟོ་དགོས། མ་མཐའི་འཚོ་བ་འགན་སྲུང་གི་མུ་མཐར་གནས་པའི་ཁྱིམ་ཚང་གི་ཁོངས་མི་དང་ཞིང་སྡེའི་དབུལ་ལོག་དབུལ་འགྱུར་བྱེད་སླ་བའི་མི་འབོར་ལ་གནས་ཁེལ་སྨན་བཅོས་ལས་ཁུངས་སུ་སྡོད་བཅོས་བྱས་པའི་སྨན་བཅོས་འགྲོ་གྲོན་དེ་གཞི་རྩའི་སྨན་བཅོས་འགན་བཅོལ་དང་ནད་གཞི་ལྗིད་མོའི་འགན་བཅོལ་ནས་རྩིས་ཞུ་བྱས་རྗེས། ལོ་འཁོར་ནང་ཁྱོན་བསྡོམས་སྒོར2500ཡན་གྱི་སྲིད་ཇུས་ཁྱབ་ཁོངས་ནང་གི་སྨན་བཅོས་འགྲོ་གྲོན་དེ60%ལྟར་རོགས་སྐྱོབ་བྱ་དགོས་ཤིང། འགྲོ་སོང་རྣམ་པའི་ཁྱིམ་ཚང་དབུལ་བོའི་ཁོངས་མི་ལ་གནས་ཁེལ་སྨན་བཅོས་ལས་ཁུངས་སུ་སྡོད་བཅོས་བྱས་པའི་སྨན་བཅོས་འགྲོ་གྲོན་དེ་གཞི་རྩའི་སྨན་བཅོས་འགན་བཅོལ་དང་ནད་གཞི་ལྗིད་མོའི་འགན་བཅོལ་ནས་རྩིས་ཞུ་བྱས་རྗེས། ལོ་འཁོར་ནང་ཁྱོན་བསྡོམས་སྒོར6000ཡན་གྱི་སྲིད་ཇུས་ཁྱབ་ཁོངས་ནང་གི་སྨན་བཅོས་འགྲོ་གྲོན་དེ50%ལྟར་རོགས་སྐྱོབ་བྱ་དགོས། མི་རེར་ལོ་རེའི་ཆེས་མཐོ་བའི་རོགས་སྐྱོབ་བཅད་གྲངས་སྒོར་ཁྲི2ཡིན།

(གསུམ)ཐ་སྐྱོང་འགན་སྲུང་བྱེད་ཐབས་གཅིག་གྱུར་འཆར་འགོད་དང་འཐུས་ཚང་དུ་གཏང་དགོས། གཞི་རྩའི་སྨན་བཅོས་འགན་བཅོལ་གྱིས་སྒོ་བསྟེན་སྨན་བཅོས་ཀྱི་དལ་འཕར་ནད་དང་དམིགས་བསལ་ནད་ལ་རོགས་སྐྱོབ་འགན་སྲུང་བྱེད་ཤུགས་གཅིག་གྱུར་འཆར་འགོད་ངང་ཆེ་རུ་གཏོང་བ་དང། གཙོ་གནད་རོགས་སྐྱོབ་བྱ་ཡུལ་གྱི་སྒོ་བསྟེན་སྨན་བཅོས་དང་སྡོད་བཅོས་རོགས་སྐྱོབ་ལ་གཏན་འབེབས་ལྟར་ལོ་འཁོར་གྱི་རོགས་སྐྱོབ་བཅད་གྲངས་མཉམ་སྤྱོད་བྱ་དགོས། རོགས་སྐྱོབ་བྱ་ཡུལ་ལ་གནས་ཁེལ་སྨན་བཅོས་ལས་ཁུངས་སུ་སྡོད་བཅོས་བྱས་ནས་བཏང་བའི་སྨན་བཅོས་འགྲོ་གྲོན་དེ་གཞི་རྩའི་སྨན་བཅོས་འགན་བཅོལ་དང། ནད་གཞི་ལྗིད་མོའི་འགན་བཅོལ། སྡོད་བཅོས་སྨན་བཅོས་རོགས་སྐྱོབ། ཁ་གསབ་སྨན་བཅོས་འགན་བཅོལ་སྣ་ཚོགས་བཅས་ནས་རྩིས་ཞུ་བྱས་རྗེས། མི་སྒེར་གྱི་འགྲོ་གྲོན་ད་དུང་ཅུང་ཆེ་ན། གཏན་འབེབས་ལྟར་གསེག་གཞོལ་གྱི་རོགས་སྐྱོབ(ནད་གཞི་ཧ་ཅང་ལྗིད་མོའི་སྨན་བཅོས་རོགས་སྐྱོབ)བྱ་དགོས།

ལྔ། ནད་ཀྱི་དབང་གིས་དབུལ་ལོག་དབུལ་འགྱུར་འབྱུང་བ་སྔོན་འགོག་དང་སེལ་ཐབས་བྱེད་པའི་ཡུན་ཕན་རྐྱེན་སྲོལ་འཐུས་ཚང་གཟུག་དགོས།

(གཅིག)ནད་ཀྱི་དབང་གིས་དབུལ་ལོག་དབུལ་འགྱུར་འབྱུང་བའི་སྔོན་ཟོན་རྐྱེན་སྲོལ་གཉིས་འཐུས་ཚང་དུ་གཏང་དགོས། སྨན་བཅོས་འགན་བཅོལ་སྡེ་ཁག་གི་ནད་ཀྱི་དབང་གིས་དབུལ་བོར་ལོག་པ་དང་ནད་ཀྱི་དབང་གིས་དབུལ་བོར་འགྱུར་བར་སྔོན་ཟོན་ལྟ་འཇལ་བྱེད་པའི་རྐྱེན་སྲོལ་གཉིས་འཐུས་ཚང་དུ་གཏོང་བ་དང། དོན་དངོས་དང་ཟུང་འབྲེལ་བྱས་ནས་ལྟ་འཇལ་ཚད་གཞི་འགུལ་རྣམ་གྱིས་ལེགས་སྒྲིག་བྱ་དགོས། ད་ཡོད་ཀྱི་སྔོན་ཟོན་ལྟ་འཇལ་བྱ་ཡུལ་མི་སྣའི་རྨང་གཞིའི་ཐོག་ཏུ་འགན་བཅོལ་ནང་ཞུགས་མཁན་ལས་བཟོ་བ་མི་སྒེར་གྱི་ལོ་འཁོར་ཁྱོན་བསྡོམས་སྨན་བཅོས་འགྲོ་གྲོན་དེ་ཞིང་ཆེན་ཡོངས་ཀྱི་ལོ་སྔོན་མའི་ཡོངས་ཁེབས་ཀྱི་མཁར་གྲོང་ལས་ཞུགས་མི་སྣའི་ཆ་སྙོམས་གླ་ཕོགས་ལས་བརྒལ་ཚེ། སྨན་བཅོས་འགན་བཅོལ་སྡེ་ཁག་གི་ནད་ཀྱི་དབང་གིས་དབུལ་བོར་འགྱུར་བའི་སྔོན་ཟོན་ལྟ་འཇལ་ཁྱབ་ཁོངས་ནང་འཇུག་དགོས། སྨན་བཅོས་འགན་བཅོལ་དང་དམངས་སྲིད། གྲོང་གསེབ་དར་སྤེལ་སོགས་སྡེ་ཁག་གི་གཞི་གྲངས་མཉམ་སྤྱོད་དང་གཞན་སྦྱོར་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། སྨན་བཅོས་འགན་བཅོལ་སྡེ་ཁག་གིས་དུས་བཀག་ལྟར་ནད་ཀྱི་དབང་གིས་དབུལ་བོར་ལོག་པ་དང་ནད་ཀྱི་དབང་གིས་དབུལ་བོར་འགྱུར་བའི་སྔོན་ཟོན་ལྟ་འཇལ་གཞི་གྲངས་དེ་རིམ་པ་དེ་གའི་གྲོང་གསེབ་དར་སྤེལ་དང་དམངས་སྲིད་སྡེ་ཁག་ལ་སྤྲོད་པ་དང། གྲོང་གསེབ་དར་སྤེལ་དང་དམངས་སྲིད་སྡེ་ཁག་གིས་ཆ་རྐྱེན་དང་མཐུན་པའི་མི་སྣ་སོ་སོར་རོགས་སྐྱོབ་བྱ་ཡུལ་གྱི་ཁྱབ་ཁོངས་ནང་བཅུག་རྗེས། སྨན་བཅོས་འགན་བཅོལ་སྡེ་གིས་སྲིད་ཇུས་ཀྱི་གཏན་འབེབས་ལྟར་རོགས་སྐྱོབ་བྱ་དགོས།

(གཉིས)རེ་ཞུ་ལྟར་རོགས་སྐྱོབ་དང་ཁུངས་འདེད་རོགས་སྐྱོབ་བྱེད་པའི་རྐྱེན་སྲོལ་གཟུག་དགོས། འགྲོ་སོང་རྣམ་པའི་དབུལ་བོ་ཁྱིམ་ཚང་གི་ཁོངས་མིར་རེ་ཞུ་ལྟར་རོགས་སྐྱོབ་བྱེད་པའི་རྐྱེན་སྲོལ་བཙུགས་ནས། རེ་ཞུའི་གོ་རིམ་ཚད་ལྡན་དུ་གཏོང་བ་དང་རེ་ཞུའི་ཐབས་ལམ་གེགས་མེད་བྱ་དགོས། འགྲོ་སོང་རྣམ་པའི་དབུལ་བོ་ཁྱིམ་ཚང་གི་ཁོངས་མི་ཡིན་པར་ངོས་འཛིན་བྱས་པའི་ཉིན་ནས་ཡར་དེད་ན་ཉིན180ནང་ཚུན་དུ་སྡོད་བཅོས་བྱས་པའི་སྨན་བཅོས་འགྲོ་གྲོན་དེ་གཏན་འབེབས་ལྟར་རྩིས་ཞུ་བྱ་དགོས།

དྲུག དགེ་སྒྲུབ་སོགས་སྤྱི་ཚོགས་ཀྱི་སྟོབས་ཤུགས་རོགས་སྐྱོབ་འགན་སྲུང་ནང་ཞུགས་པར་ཧུར་ཐག་གིས་ཁྲིད་སྟོན་བྱ་དགོས།

(གཅིག)དགེ་སྒྲུབ་རོགས་སྐྱོབ་དར་ཞིང་རྒྱས་པར་གཏང་དགོས། དགེ་སྒྲུབ་དང་སྤྱི་ཚོགས་རྩ་འཛུགས་གཞན་དག་སོགས་ཀྱིས་ནད་གཞི་ལྗིད་མོ་དང་ནད་གཞི་ཚབས་ཆེན་ལ་རོགས་སྐྱོབ་བྱེད་པའི་ལས་གཞི་འཛུགས་པར་བསྔགས་སྐུལ་བྱས་ཏེ། གཞི་རྩའི་སྨན་བཅོས་འགན་བཅོལ་ལ་ཁ་གསབ་རོགས་སྐྱོབ་ཀྱི་ནུས་པ་གདོན་སྤེལ་བྱ་དགོས། དྲ་རྒྱ་ནས་ཡོངས་བསྒྲགས་ཞལ་འདེབས་བསྡུ་བའི་ཆ་འཕྲིན་ལས་སྟེགས་ཁྱབ་བསྒྲགས་བྱེད་པར་སྐུལ་འདེད་གཏོང་བ་དང། དྲ་ཐོག་གི་མི་སྒེར་གྱི་ནད་གཞི་ཚབས་ཆེན་ལ་རོགས་སྐྱོབ་བྱེད་པའི་རེ་ཞུ་སྟེགས་བུའི་ཆ་འཕྲིན་ཁྱབ་བསྒྲགས་ཚད་ལྡན་དུ་བཏང་ནས་ཀུན་གསལ་རོགས་སྐྱོབ་བྱེད་པར་སྐུལ་འདེད་གཏང་དགོས། སྨན་བཅོས་རོགས་སྐྱོབ་ཁྱབ་ཁོངས་སུ་སྤྱི་ཚོགས་ལས་དོན་ཞབས་ཕྱི་དང་དང་བླངས་ཞབས་ཕྱི་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱས་ཏེ་རོགས་སྐྱོབ་ཞབས་ཕྱིའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏང་དགོས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་དང་ཕྱོགས་སོ་སོའི་ཐེག་ནུས་ལ་གཞིགས་ནས་མཐོ་སྒང་རང་བཞིན་གྱི་ནད་དང་མཐོང་དཀོན་པའི་ནད་ཀྱི་སྨན་སྤྱོད་འགན་སྲུང་རྐྱེན་སྲོལ་འཚོལ་ཞིབ་བྱས་ནས་གཟུག་དགོས། སྨན་བཅོས་འགན་སྲུང་དང་སྤྱི་ཚོགས་རོགས་སྐྱོབ། དགེ་སྒྲུབ་རོགས་སྐྱོར་སོགས་ཀྱི་ཐོན་ཁུངས་སྡེབ་སྒྲིག་བྱས་ཏེ། སྲིད་ཇུས་ཀྱི་ཁྱབ་ཁོངས་སུ་མི་ཐེ་བའི་ཁུར་བོ་དང་སྨན་བཅོས་མ་གནས་གཞན་དག་གཙོ་གནད་དུ་བཟུང་ནས་ཐག་གཅོད་བྱ་དགོས། དགེ་སྒྲུབ་ཐེ་ཞུགས་བྱེད་པར་སྐུལ་བའི་རྐྱེན་སྲོལ་བཙུགས་ནས་དེ་མཚུངས་ཀྱི་ཁྲལ་བསྡུའི་གཟིགས་སྐྱོང་དང་འགྲོ་གྲོན་ཆག་ཡང་སོགས་ཀྱི་སྲིད་ཇུས་དོན་འཁྱོལ་བྱ་དགོས།

(གཉིས) ལས་བཟོ་བས་ཕན་ཚུན་རོགས་རེས་ལ་འགན་སྲུང་བྱེད་པར་རྒྱབ་སྐྱོར་བྱ་དགོས། ལས་བཟོ་པའི་སྨན་བཅོས་ཀྱི་རོགས་རེས་འགན་སྲུང་གཏིང་ཟབ་ཏུ་སྤེལ་བར་རྒྱབ་སྐྱོར་བྱས་ནས། ཡིག་ཚགས་བཟོས་པའི་ལས་བཟོ་པ་དཀའ་ངལ་ཅན་ནམ་ཡང་ན་ཁྱིམ་ཚང་གི་ཁོངས་མིར་ནད་ཀྱི་དབང་གིས་སྒོ་བསྟེན་སྨན་བཅོས་དང་སྡོད་བཅོས་བྱས་པའི་འགྲོ་གྲོན་དང་ཡུན་རིང་གི་དལ་འཕར་ནད་གཞི་སྨན་བཅོས་བྱེད་པར་སྨན་རྫས་ཚོང་ཁང་ནས་སྨན་ཉོས་པའི་འགྲོ་གྲོན་ལ། གཞི་རྩའི་སྨན་བཅོས་འགན་བཅོལ་དང་ནད་གཞི་ལྗིད་མོའི་འགན་བཅོལ། སྨན་བཅོས་རོགས་སྐྱོབ་དང་འགན་སྲུང་གཞན་དག་སོགས་ཐོབ་རྗེས་མི་སྒེར་གྱིས་འཁུར་དགོས་པའི་ཆ་ཤས་དེར་ཆེད་དོན་རོགས་རམ་དང་རོགས་སྐྱོར་ངེས་ཅན་བྱ་དགོས། དྲ་རྒྱ་ལས་སྟེགས་ཀྱི་རོགས་རེས་བྱེད་སྟངས་ཚད་ལྡན་དུ་གཏོང་བ་དང། ཉེན་ཁ་དོ་དམ་ཚོད་འཛིན་བྱེད་ཤུགས་ཇེ་ཆེར་བཏང་ནས་སྨན་བཅོས་རོགས་རེས་སྐྱོན་བྲལ་ངང་འཕེལ་རྒྱས་སུ་འགྲོ་བར་སྣེ་འཁྲིད་དགོས།

(གསུམ)ཚོང་ལས་བདེ་ཐང་འགན་བཅོལ་གོང་དུ་སྤེལ་བར་སྐུལ་མ་གཏང་དགོས། ཚོང་ལས་འགན་བཅོལ་ལས་ཁུངས་ཀྱིས་བདེ་ཐང་འགན་བཅོལ་གྱི་འགན་སྲུང་ངོ་བོ་རྒྱུན་འཁྱོངས་བྱེད་པར་བསྔགས་སྐུལ་བྱས་ཏེ། ཚོང་ལས་བདེ་ཐང་འགན་བཅོལ་གྱི་ཐོན་རྫས་དང་ཞབས་ཕྱི་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང། གཞི་རྩའི་སྨན་བཅོས་འགན་བཅོལ་དང་འབྲེལ་མཐུད་བྱེད་པའི་ཚོང་ལས་བདེ་ཐང་འགན་བཅོལ་གྱི་ཐོན་རྫས་གསར་སྤེལ་བྱེད་ཅིང། གྲོང་ཁྱེར་གྱི་ངེས་གཏན་རང་བཞིན་དང་ཀུན་ཕན་རང་བཞིན་གྱི་ཁ་གསབ་སྨན་བཅོས་འགན་བཅོལ་གྱི་ལས་སྒོར་ཧུར་ཐག་གིས་སྐུལ་སྤེལ་བྱས་ནས། གཞི་རྩའི་སྨན་བཅོས་འགན་སྲུང་ཕུད་པའི་འགན་སྲུང་གི་དགོས་མཁོ་སྐོང་བ་དང་ཁ་གསབ་བྱ་དགོས།

བདུན། བརྒྱུད་སྒྲུབ་དང་དོ་དམ་གྱི་ཞབས་ཕྱི་ཚད་ལྡན་དུ་གཏང་དགོས།

(གཅིག) མགྱོགས་མྱུར་ངང་གཞི་གཅིག་ཅན་གྱི་བརྒྱུད་སྒྲུབ་སྐུལ་སྤེལ་བྱ་དགོས།

1.བརྒྱུད་སྒྲུབ་བྱེད་རིམ་ཚད་ལྡན་དུ་གཏང་དགོས། རོགས་སྐྱོབ་ཞབས་ཕྱིའི་དོན་ཚན་གྱི་གསལ་ཐོ་འཐུས་ཚང་དུ་གཏོང་བ་དང། སྨན་བཅོས་རོགས་སྐྱོབ་བརྒྱུད་སྒྲུབ་དང་དོ་དམ་ཞབས་ཕྱིའི་སྒྲིག་རིམ་ཚད་ལྡན་དུ་གཏང་ནས། རོགས་སྐྱོབ་བྱ་ཡུལ་གྱི་ཆ་འཕྲིན་སྦྲེལ་མཐུད་དང་ཞིབ་བསྡུར། རྟགས་འགོད་པ། རོགས་དངུལ་བྱིན་ནས་འགན་བཅོལ་ནང་ཞུགས་པ། གཟིགས་སྐྱོང་སྟེར་སྤྲོད་སོགས་བརྒྱུད་སྒྲུབ་ཞབས་ཕྱི་སྣ་ཚོགས་ལེགས་པོར་བསྒྲུབ་དགོས། “གཅིག་འཐུས་རྣམ་པའི”ཞབས་ཕྱི་དང“སྒེའུ་ཁུང་གཅིག”གི་སྒྲུབ་གཉེར་ལག་ལེན་དུ་བསྟར་བར་སྐུལ་འདེད་བཏང་ནས་བསྡོམས་རྩིས་ཞབས་ཕྱི་སྔར་བས་སྟབས་བདེ་རུ་གཏང་དགོས། གཞི་རྩའི་སྨན་བཅོས་འགན་བཅོལ་དང་སྨན་བཅོས་རོགས་སྐྱོབ་ཞབས་ཕྱི་མཉམ་འདྲེས་ཡོང་བར་སྐུལ་འདེད་གཏོང་ཞིང། རྒྱལ་ཡོངས་གཅིག་གྱུར་གྱི་སྨན་བཅོས་འགན་སྲུང་ཆ་འཕྲིན་ལས་སྟེགས་ལ་བརྟེན་ནས་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་གཞི་གྲངས་གཏོགས་ཁོངས་དོ་དམ་ལ་ཤུགས་བསྣན་དགོས།

2.གྲོས་ཆིངས་ཀྱི་དོ་དམ་འཐུས་ཚང་དུ་གཏང་དགོས། གནས་ཁེལ་སྨན་བཅོས་ལས་ཁུངས་ཀྱི་ཞབས་ཕྱིའི་གྲོས་ཆིངས་འཐུས་ཚང་དུ་བཏང་ནས། གནས་ཁེལ་སྨན་བཅོས་ལས་ཁུངས་ཀྱི་གྲོན་དངུལ་དོ་དམ་ཚོད་འཛིན་གྱི་བྱེད་པོའི་འགན་འཁྲི་ཆེ་རུ་གཏོང་བ་དང། སྨན་བཅོས་ཞབས་ཕྱིའི་བྱ་སྤྱོད་ཚད་ལྡན་དུ་བཏང་ནས་འགན་བཅོལ་ནང་ཞུགས་མཁན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་དགོས།

3.ཐེབས་རྩར་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་བསྣན་དགོས། རིག་ནུས་ལྟ་སྐུལ་ཚོད་འཛིན་དང་འགྲོ་གྲོན་གཏོང་སྤྲོད་ཞིབ་བཤེར། བརྟག་བཤེར་ཞིབ་དཔྱད་བཅས་ཡག་པོ་བྱས་ནས་འགན་བཅོལ་གཡོ་ལེན་བྱེད་པར་རྡུང་རྡེག་གཏོང་བའི་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་བྱས་ཏེ། སྨན་བཅོས་རོགས་སྐྱོབ་ཞབས་ཕྱི་སྒྲུབ་པའི་གནས་ཁེལ་སྨན་བཅོས་ལས་ཁུངས་ལ་གཙོ་གནད་ཐོག་ལྟ་སྐུལ་ཚོད་འཛིན་བྱས་ནས་ཐེབས་རྩའི་བདེ་འཇགས་ཕན་མཐོ་དང་ལུགས་མཐུན་ངང་སྤྱོད་ཐུབ་པར་ཁག་ཐེག་བྱ་དགོས།

(གཉིས) ཕྱོགས་བསྡུས་ཞབས་ཕྱིའི་དོ་དམ་ཆུ་ཚད་ཇེ་མཐོར་གཏང་དགོས།

1.དཀའ་ངལ་ཡོད་པའི་མང་ཚོགས་ཀྱིས་ཚད་ལྡན་ངང་སྨན་བཅོས་བྱེད་པར་སྣེ་འཁྲིད་དགོས། རོགས་སྐྱོབ་བྱ་ཡུལ་གྱིས་ཐོག་མར་གཞི་རིམ་ནས་སྨན་བཅོས་བྱེད་པ་དང་ཕྱོགས་གཉིས་སུ་སྨན་ཁང་བརྗེ་བའི་རིམ་དབྱེའི་ནད་བརྟག་སྨན་བཅོས་བྱེད་སྟངས་འཐུས་ཚང་དུ་གཏོང་ཞིང། ཁྱིམ་ཚང་སྨན་པའི་གན་འཇོག་ཚོགས་པའི་ནུས་པ་འདོན་སྤེལ་བྱས་ནས། རོགས་སྐྱོབ་བྱ་ཡུལ་ཐོག་མར་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་སུ་སོང་ནས་སྨན་བཅོས་བྱེད་པར་ཁྲིད་སྟོན་བྱ་དགོས། གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་བྱེད་ནུས་ངེས་གནས་དང་ཞབས་ཕྱིའི་ནུས་པ་ལས་བརྒལ་བའི་ནད་ཡིན་ན། བླང་བྱ་ལྟར་རིམ་པ་བཞིན་ཚད་ལྡན་སྨན་ཁང་བརྗེས་ནས་ལུགས་མཐུན་ངང་སྨན་བཅོས་བྱེད་པར་སྐུལ་འདེད་གཏང་དགོས།

2. སྨན་བཅོས་ཞབས་ཕྱིའི་དོ་དམ་ལ་ཤུགས་བསྣན་དགོས། གཞི་རིམ་དུ་ཐོག་མའི་སྨན་བཅོས་བྱས་ཤིང་ཚད་ལྡན་ངང་སྨན་ཁང་བརྗེས་པའི་རོགས་སྐྱོབ་བྱ་ཡུལ་ལ་ཞིང་ཆེན་ནང་ཁུལ་གྱི་གནས་ཁེལ་སྨན་བཅོས་ལས་ཁུངས་སུ་སྡོད་བཅོས་བྱེད་ན“སྔོན་ལ་སྡོད་བཅོས་དང་རྗེས་སུ་བསྡོམས་རྩིས་རྒྱག་པ” ལག་ལེན་དུ་བསྟར་དགོས་ཏེ། སྤྱི་ཚོགས་འགན་བཅོལ་བྱང་བུ་དང་ནུས་ཡོད་ཐོབ་ཐང་ལག་ཁྱེར། གློག་རྡུལ་སྨན་བཅོས་འགན་བཅོལ་སོགས་དང་དམངས་སྲིད་སྡེ་ཁག་གིས་སྤྲད་པའི་མ་མཐའི་འཚོ་བའི་འགན་སྲུང་དང། དམིགས་བསལ་དཀའ་ངལ་ཡོད་པའི་འབྲེལ་ཡོད་དཔང་ཡིག་ཁྱེར་ནས་སྡོད་བཅོས་འགྲོ་ལུགས་སྒྲུབ་དགོས་ཤིང། འགྲོ་ལུགས་སྒྲུབ་སྐབས་གཏའ་དངུལ་སྤྲོད་མི་དགོས་ལ། སྨན་ཁང་ནས་བུད་རྗེས་དུས་ཐོག་ཏུ་མི་སྒེར་གྱིས་སྤྲོད་དགོས་པའི་འགྲོ་གྲོན་རྩིས་བརྒྱག་དགོས། བདེ་འཇགས་ནུས་ལྡན་དང། དཔལ་འབྱོར་འཚམ་པོ། རོགས་སྐྱོབ་གཞི་རྩ་བཅས་ཡིན་པའི་རྩ་དོན་ལྟར། སྨན་བཅོས་རོགས་སྐྱོབ་བྱ་ཡུལ་དང་གནས་ཁེལ་སྨན་བཅོས་ལས་ཁུངས་ཀྱིས་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་ཁྱབ་ཁོངས་ནང་བཅུག་པའི་སྨན་རྫས་དང། སྨན་སྤྱོད་འཛད་རྫས། བརྟག་བཅོས་རྣམ་གྲངས་བཅས་སྔོན་ལ་འདེམ་པར་སྣེ་ཁྲིད་ནས། ལུགས་མཐུན་མིན་པའི་འགྲོ་གྲོན་གཏོང་བར་ཚོད་འཛིན་ནན་མོ་བྱ་དགོས།

3.ཚད་ལྡན་སྒོས་སྨན་ཁང་བརྗེས་ནས་སྨན་པ་བསྟེན་དགོས། ཡུལ་གཞན་དུ་སྨན་ཁང་བརྗེས་པ་དང་ཡུལ་གཞན་དུ་བཀོད་སྒྲིག་བྱས་པའི་རོགས་སྐྱོབ་བྱ་ཡུལ་ཞུ་ཚགས་དང་བསྡོམས་རྩིས་རྒྱག་པའི་བྱ་བ་ཇེ་ལེགས་སུ་བཏང་ནས། གཏན་འབེབས་ལྟར་ཞིང་ཆེན་ཕྱི་རུ་སྨན་ཁང་བརྗེས་པ་དང་བཀོད་སྒྲིག་བྱས་པའི་རོགས་སྐྱོབ་བྱ་ཡུལ་ལ་རང་ཞིང་གི་འབྲེལ་ཡོད་རོགས་སྐྱོབ་ཚད་གཞི་ལག་བསྟར་བྱ་དགོས།

བརྒྱད། རྩ་འཛུགས་ཀྱི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏང་དགོས།

(གཅིག)རྩ་འཛུགས་མགོ་ཁྲིད་ལ་ཤུགས་བསྣན་དགོས། ཏང་ཨུས་མགོ་ཁྲིད་དང། སྲིད་གཞུང་གིས་གཙོ་ཁྲིད། སྡེ་ཁག་བར་མཐུན་སྦྱོར། སྤྱི་ཚོགས་ཐེ་ཞུགས་བཅས་བྱེད་པའི་ནད་གཞི་ཧ་ཅང་ལྗིད་མོའི་འགན་སྲུང་བྱ་བའི་རྐྱེན་སྲོལ་གཟུག་དགོས། ནད་གཞི་ཧ་ཅང་ལྗིད་མོའི་སྨན་བཅོས་རོགས་སྐྱོབ་ཀྱི་འགན་སྲུང་སྲིད་ཇུས་དོན་འཁྱོལ་བྱས་ཚུལ་དེ་དམངས་འཚོ་ལེགས་སུ་གཏོང་བར་ཤུགས་སྣོན་པའི་དམིགས་ཚད་གལ་ཆེན་དུ་བརྩིས་ནས་སྨན་བཅོས་རོགས་སྐྱོབ་བྱ་བའི་ཕན་འབྲས་གདེང་འཇོག་ནང་འཇུག་དགོས། གྲོང་ཁྱེར(ཁུལ)སོ་སོས་ནད་གཞི་ཧ་ཅང་ལྗིད་མོའི་སྨན་བཅོས་འགན་བཅོལ་དང་རོགས་སྐྱོབ་ལམ་ལུགས་འཐུང་ཚང་དུ་གཏོང་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ནས། བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་བྱ་བའི་བླང་བྱའི་ཐོག་དངོས་གནས་གཅིག་གྱུར་ཡོང་བ་བྱ་དགོས། རིམ་པ་སོ་སོའི་སྡེ་ཁག་སོ་སོས་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱས་ཏེ་ཞིང་ཆེན་གྱིས་སྤྱི་འགན་འཁུར་བ་དང། གྲོང་ཁྱེར(ཁུལ)དང་རྫོང(གྲོང་ཁྱེར་དང་ཆུས། སྲིད་འཛིན་ཨུ་ལྷན)གིས་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་བྱ་བའི་རྣམ་པ་གཞིར་བཟུང་ནས། རིམ་པ་བཞིན་འགན་འཁྲི་ཏན་ཏིག་འཁུར་བ་དང་ཞིབ་ཚགས་སྒོས་རྩ་འཛུགས་ལག་བསྟར་བྱ་དགོས། ས་གནས་སོ་སོའི་སྲིད་ཇུས་དོན་འཁྱོལ་བྱས་ཚུལ་དེ་ཞིང་ཆེན་རིམ་པའི་གཙོ་སྐྱོང་སྡེ་ཁག་སོ་སོར་ལན་ལྡོན་པ་དང། གནད་དོན་གལ་ཆེན་ཞིང་ཆེན་སྲིད་གཞུང་ལ་སྙན་སེང་ཞུ་དགོས།

(གཉིས)སྡེ་ཁག་བར་གྱི་མཉམ་སྒྲུབ་ལ་ཤུགས་བསྣན་དགོས། སྡེ་ཁག་མང་པོའི་བར་མཐུན་སྦྱོར་བྱེད་པའི་རྐྱེན་སྲོལ་བཙུགས་ནས་སྲིད་ཇུས་ལག་བསྟར་དང་བརྒྱུད་སྒྲུབ་ཞབས་ཕྱིའི་ཁྲོད་འཕྲད་པའི་གནད་དོན་གལ་ཆེན་ལ་ཞིབ་འཇུག་དང་ཐག་གཅོད་བྱ་དགོས། སྨན་བཅོས་འགན་སྲུང་སྡེ་ཁག་གིས་སྨན་བཅོས་འགན་བཅོལ་དང་སྨན་བཅོས་རོགས་སྐྱོབ་ལམ་ལུགས་བཅོས་བསྒྱུར་དང་དོ་དམ་བྱེད་པའི་བྱ་བར་གཅིག་གྱུར་གྱིས་སྐུལ་འདེད་བཏང་ནས། སྨན་བཅོས་འགན་སྲུང་གི་སྲིད་ཇུས་དོན་འཁྱོལ་ཡག་པོ་ཡོང་བ་བྱ་དགོས། དམངས་སྲིད་སྡེ་ཁག་གིས་ཧ་ཅང་དཀའ་ངལ་ཡོད་པའི་མི་སྣ་དང་དྭ་ཕྲུག དངོས་གནས་སྐྱོང་མཁན་མེད་པའི་བྱིས་པ། ཨེ་ཙི་ནད་ཀྱི་ནད་དུག་འགོས་པའི་བྱིས་པ། མ་མཐའི་འཚོ་བ་འགན་སྲུང་བྱ་ཡུལ། མ་མཐའི་འཚོ་བ་འགན་སྲུང་གི་མུ་མཐར་གནས་པའི་ཁྱིམ་ཚང་གི་ཁོངས་མི། འགྲོ་སོང་རྣམ་པའི་དབུལ་བོ་ཁྱིམ་ཚང་གི་ཁོངས་མི་སོགས་རོགས་སྐྱོབ་བྱ་ཡུལ་ངོས་འཛིན་བྱེད་པའི་བྱ་བ་ལེགས་པོ་སྒྲུབ་པ་དང་འབྲེལ་ཡོད་ཆ་འཕྲིན་མཉམ་སྤྱོད་ཡག་པོ་བྱས་ཏེ། དགེ་སྒྲུབ་རོགས་སྐྱོབ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་དགོས། ནོར་སྲིད་སྡེ་ཁག་གིས་གཏན་འབེབས་ལྟར་མ་དངུལ་ཐད་རྒྱབ་སྐྱོར་ཡག་པོ་བྱ་དགོས། འཕྲོད་བསྟེན་བདེ་ཐང་སྡེ་ཁག་གིས་སྨན་བཅོས་ལས་ཁུངས་ཀྱི་ལས་རིགས་དོ་དམ་ལ་ཤུགས་རྒྱག་པ་དང། བརྟག་བཅོས་ཀྱི་ཐབས་ལམ་ཚད་ལྡན་དུ་བཏང་ནས་རིམ་དབྱེའི་སྨན་བཅོས་བྱེད་པར་སྐུལ་འདེད་གཏང་དགོས། ཁྲལ་དོན་སྡེ་ཁག་གིས་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ཁྲལ་དངུལ་བསྡུ་བའི་འབྲེལ་ཡོད་བྱ་བ་ཡག་པོ་བསྒྲུབ་དགོས། དངུལ་ཁང་འགན་བཅོལ་ལྟ་སྐུལ་སྡེ་ཁག་གིས་ཚོང་ལས་འགན་བཅོལ་ལས་ཁུངས་ཀྱིས་གཞི་རྩའི་སྨན་བཅོས་འགན་བཅོལ་སྒྲུབ་འགན་འཁུར་བར་ལས་རིགས་ཐད་ཀྱི་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་བསྣན་ནས། ཚོང་ལས་བདེ་ཐང་འགན་བཅོལ་གྱི་འཕེལ་རྒྱས་ཚད་ལྡན་དུ་གཏང་དགོས། གྲོང་གསེབ་དར་སྤེལ་སྡེ་ཁག་གིས་དབུལ་སྒྲོལ་མི་འབོར་དང་དབུལ་ལོག་དབུལ་འགྱུར་གྱི་མི་འབོར། ཞིང་སྡེའི་དབུལ་ལོག་དབུལ་འགྱུར་བྱེད་སླ་བའི་མི་འབོར་བཅས་ལ་ལྟ་འཇལ་དང་ཆ་འཕྲིན་མཉམ་སྤྱོད་ཡག་པོ་བྱ་དགོས། བཟོ་ཚོགས་ཀྱིས་ལས་བཟོ་བའི་སྨན་བཅོས་རོགས་རེས་དང་དཀའ་ངལ་ཡོད་པའི་ལས་བཟོ་བར་རོགས་སྐྱོབ་བྱེད་པའི་བྱ་བ་ཡག་པོ་བསྒྲུབ་དགོས།

(གསུམ)ཐེབས་རྩའི་སྔོན་རྩིས་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏང་དགོས། སྲིད་ཇུས་གཏན་འབེབས་དང་ཐེབས་རྩའི་སྔོན་རྩིས་ལ་གཅིག་གྱུར་འཆར་འགོད་བྱས་ནས། སྨན་བཅོས་རོགས་སྐྱོབ་ཐེབས་རྩའི་འཁོར་སྐྱོད་བདེ་འཇགས་ཡོང་བར་འགན་སྲུང་བྱ་དགོས། ས་གནས་སོ་སོས་སྨན་བཅོས་རོགས་སྐྱོབ་ཐེབས་རྩར་མ་དངུལ་གཏོང་འཇོག་འགན་སྲུང་བྱེད་པའི་འགན་འཁྲི་དོན་འཁྱོལ་བྱེད་པ་དང། སྤྱི་ཚོགས་ལས་རིགས་སོ་སོའི་སྟོབས་ཤུགས་ལ་སྐུལ་སློང་དང་ཐེབས་རྩའི་མ་དངུལ་གྲབས་གསོག་གི་ཐབས་ལམ་རྒྱ་ཆེར་བཏང་ནས། དགེ་སྒྲུབ་ཞལ་འདེབས་དང་སྤྱི་ཚོགས་ཀྱི་ཞལ་འདེབས་སོགས་ཐབས་ལམ་མང་པོར་བརྟེན་ནས་ཐེབས་རྩའི་དངུལ་མཛོད་རྒྱ་བསྐྱེད་པར་སྐུལ་མ་གཏང་དགོས། སྔོན་རྩིས་ལག་བསྟར་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་སྔོན་རྩིས་ཀྱི་ཕན་འབྲས་ལ་ཕྱོགས་ཡོངས་ནས་དོ་དམ་བྱ་དགོས། སྨན་བཅོས་རོགས་སྐྱོབ་ཀྱི་ཞིང་ཆེན་རིམ་པའི་གཅིག་གྱུར་འཆར་འགོད་རྒྱུན་མཐུད་ངང་སྲ་བརྟན་དུ་བཏང་ནས་སྨན་བཅོས་རོགས་སྐྱོབ་ཀྱི་ཐེབས་རྩ་བེད་སྤྱོད་བྱེད་ཚད་མཐོ་རུ་གཏང་དགོས།

(བཞི) གཞི་རིམ་གྱི་ནུས་པ་འཛུགས་སྐྱོང་བྱེད་པར་ཤུགས་བསྣན་དགོས། གཞི་རིམ་གྱི་སྨན་བཅོས་འགན་སྲུང་གི་བརྒྱུད་སྒྲུབ་དཔུང་སྡེ་འཛུགས་སྐྱོང་བྱེད་པར་ཤུགས་བསྣན་ནས། འགན་བཅོལ་ནང་ཞུགས་པའི་མི་གྲངས་དང་སྨན་བཅོས་རོགས་སྐྱོབ་བྱ་ཡུལ་གྱི་མི་གྲངས་ལ་གཞིགས་ནས་སྨན་བཅོས་འགན་སྲུང་གི་སྤྱི་པའི་ཞབས་ཕྱིའི་དགོས་མཁོ་དང་ཞབས་ཕྱི་ནུས་པའི་བཀོད་སྒྲིག་ལ་གཅིག་གྱུར་འཆར་འགོད་བྱེད་ཅིང། ཞིང་ཆེན་དང་གྲོང་ཁྱེར། རྫོང། ཤང། སྡེ་བ་བཅས་ཡོངས་སུ་ཁྱབ་པར་བྱས་ནས་དེ་མཚུངས་ཀྱི་འགན་སྲུང་ལེགས་པོར་བསྒྲུབ་དགོས། སྤྱི་ཚོགས་ཀྱི་སྟོབས་ཤུགས་སྣ་ཚོགས་བརྒྱུད་སྒྲུབ་ཞབས་ཕྱིའི་ནང་ཞུགས་པར་ཧུར་ཐག་གིས་ནང་འདྲེན་བྱེད་པ་དང། བརྒྱུད་སྒྲུབ་ཞབས་ཕྱི་མུ་མཐུད་དུ་གཞི་རིམ་དུ་སྤྲོད་པར་སྐུལ་འདེད་བཏང་ནས། བརྒྱུད་སྒྲུབ་ཞབས་ཕྱི་དང་ཆ་འཕྲིན་ཅན་གྱི་ཆུ་ཚད་མཐོ་རུ་གཏང་དགོས། སྨན་བཅོས་རོགས་སྐྱོབ་ཀྱི་སྲིད་ཇུས་དྲིལ་བསྒྲགས་དང་འགྲེལ་བཤད་བྱེད་ཤུགས་ཆེ་རུ་གཏོང་བ་དང། སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་པ་དག་དུས་ཐོག་ཏུ་ལན་བརྒྱབ་ནས་གླེང་ཕྱོགས་ཀྱི་རྣམ་པ་བཟང་བོ་བསྐྲུན་དགོས། ལས་སྒོའི་ནུས་པ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་གཞི་རིམ་གྱི་བརྒྱུད་སྒྲུབ་དཔུང་སྡེའི་ཞབས་ཕྱི་ནུས་པ་དང་ཆུ་ཚད་མཐོ་རུ་གཏང་དགོས།

《ལག་བསྟར་ཇུས་གཞིサའདི2022ལོའི་ཟླ8པའི་ཚེས1ཉིན་ནས་བཟུང་སྟེ་ལག་ཏུ་བསྟར་དགོས།

◎མགོན་པོ་འཚོས་བསྒྱུར། འབྲུག་བྱམས་ཚེ་རིང་གིས་ཞུ་དག་བྱས།