༄༅། །མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས་ལ་རོགས་སྐྱོར་དཀའ་སེལ་དང་ཁྲོམ་རའི་བྱེད་པོའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཐབས་བཀོད་བཅུ།

༄༅། །མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན་གྱིས་མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས་ལ་རོགས་སྐྱོར་དཀའ་སེལ་དང་ཁྲོམ་རའི་བྱེད་པོའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཐབས་བཀོད་བཅུ་དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར།

མཚོ་སྲིད་གཞུང་ལས་ཐིན〔2022〕ཨང30བ།

གྲོང་ཁྱེར་དང་རང་སྐྱོང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང། ཞིང་ཆེན་སྲིད་གཞུང་གི་ཨུ་ཡོན་ལྷན་ཁང་དང་གཞུང་ལས་ཁང། ཐིན། ཅུས་སོ་སོ་བཅས་ལ།

《ཁེ་ལས་ལ་རོགས་སྐྱོར་དཀའ་སེལ་དང་ཁྲོམ་རའི་བྱེད་པོའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཐབས་བཀོད་བཅུ》ལ་ཞིང་ཆེན་སྲིད་གཞུང་འཐད་པ་བྱུང་སྟེ། ད་ལྟ་ཁྱོད་ཚོར་དཔར་འགྲེམ་བྱས་པ་བཞིན་དོན་དངོས་དང་ཟུང་འབྲེལ་གྱིས་ལག་བསྟར་དོན་འཁྱོལ་ལེགས་པོ་བྱ་དགོས།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།

2022ལོའི་ཟླ5བའི་ཚེས15ཉིན།

༄༅། །མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས་ལ་རོགས་སྐྱོར་དཀའ་སེལ་དང་ཁྲོམ་རའི་བྱེད་པོའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཐབས་བཀོད་བཅུ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིམས་བབ་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་གནང་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་ཟབ་མོ་བྱས་ཏེ། “བརྟན་བརླིང་དྲུག”དང“འགན་སྲུང་དྲུག”གི་བྱ་བ་ཏན་ཏིག་ངང་སྒྲུབ་པ་དང། ཁྲོམ་རའི་བྱེད་པོའི་གསོན་ཤུགས་དང་ཡིད་ཆེས་མགྱོགས་མྱུར་ངང་སླར་གསོ་བྱེད་ཅིང། རྒྱལ་ཁབ་དང་རང་ཞིང་གི་བཏོན་པའི་ཁེ་ལས་ལ་རོགས་སྐྱོར་དཀའ་སེལ་བྱེད་པའི་སྲིད་ཇུས་དང་ཐབས་བཀོད་རབ་དང་རིམ་པར་ཟུང་འབྲེལ་བྱེད་པ་དང། རིམས་ནད་ཀྱི་གནོད་པ་ཆེས་གཅིག་བསྡུས་སུ་མངོན་པའི་ཁྱབ་ཁོངས་ལ་དམིགས་ཏེ། སྲིད་ཇུས་ཀྱི་རོགས་སྐྱོར་སྔར་ལས་ཟབ་སྤེལ་བྱེད་ཆེད། གཤམ་གསལ་གྱི་ཐབས་བཀོད་གཏན་འབེབས་བྱས་པ་ཡིན།

གཅིག ཁེ་ལས་ལ་ལས་རྐང་བརྟན་སྲུང་གི་རོགས་སྐྱོར་བྱེད་པ། 2022ལོར་ཆ་རྐྱེན་དང་མཐུན་པའི་འགན་བཅོལ་ནང་ཞུགས་པའི་ཁེ་ལས་ཀྱིས་ཡོངས་ཕན་རང་བཞིན་གྱི་ལས་ཤོར་འགན་བཅོལ་གྱི་ལས་རྐང་བརྟན་སྲུང་མ་དངུལ་སློག་པའི་སྲིད་ཇུས་ལོངས་སུ་སྤྱོད་ཆོག་ལ། ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱི་ཕྱིར་སློག་བསྡུར་ཚད་དེ་ཁེ་ལས་དང་དེའི་ལས་བཟོ་པའི་ལོ་འཁོར་གོང་མའི་ལས་ཤོར་འགན་བཅོལ་གྲོན་དངུལ་དངོས་སུ་སྤྲོད་ཚད་ཀྱི60%ནས90%ལ་ཇེ་མཐོ་རུ་གཏང་དགོས། (སྣེ་ཁྲིད་སྡེ་ཚན་ནི་ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་དང། གཞོགས་འདེགས་སྡེ་ཚན་ནི་ཞིང་ཆེན་ནོར་སྲིད་ཐིན་ཡིན) ལས་ཤོར་འགན་བཅོལ་འགན་སྲུང་གི་དུས་རིམ་རང་བཞིན་གྱི་ཁྱབ་ཁོངས་རྒྱ་སྐྱེད་སྲིད་ཇུས་ལག་བསྟར་བྱས་ཏེ། ལས་ཤོར་འགན་བཅོལ་ནང་ཞུགས་ནས་ལོ་གཅིག་མ་སོང་བའི་ལས་ཤོར་གླ་རྒྱག་ཞིང་པ་དཀའ་ངལ་ཅན་རྣམས་གནས་སྐབས་རོགས་སྐྱོབ་བྱེད་ཁོངས་སུ་འཇུག་དགོས། རིམས་བབ་ཀྱི་རྐྱེན་གྱིས་གནས་སྐབས་ལས་ཀ་ཤོར་བ་དང་འགན་བཅོལ་ནང་ཞུགས་མེད་པའི་མི་སྣ་དཀའ་ངལ་ཅན་ལ་གནས་སྐབས་རོགས་སྐྱོབ་བྱ་དགོས། (སྣེ་ཁྲིད་སྡེ་ཚན་ནི་ཞིང་ཆེན་དམངས་སྲིད་ཐིན་ཡིན)

གཉིས། ཟོག་འདྲེན་གེགས་མེད་བྱེད་པ། 2022ལོར་ཟོག་འདྲེན་ཁེ་ལས་རང་ལ་ཡོད་པའམ(རང་སྤྱོད་དང་བོགས་གཏོང་ཚུད)ཡང་ན་གླས་པའི་ཚོང་ཟོག་འབོར་ཆེན་མཛོད་ཉར་སྒྲིག་བཀོད་ཀྱི་སྤྱོད་ས་ལ། གཏོགས་ཡུལ་གྱི་ས་ཞིང་རིམ་པའི་སྤྱོད་འཐུས་ཁྲལ་འབོར་ཚད་གཞིའི50%ལྟར་མཁར་གྲོང་གི་ས་ཞིང་སྤྱོད་ཁྲལ་བསྡུ་དགོས། ཟླ5བའི་ཚེས1ཉིན་ནས་ལོ་མཇུག་བར་ཆ་རྐྱེན་དང་མཐུན་པའི་མྱུར་སྐྱེལ་མངགས་གཏོང་ཞབས་ཕྱིའི་ཡོང་འབབ་ལ་རིན་འཕར་དཔྱ་ཁྲལ་བསྡུ་རྒྱུ་མིན། (སྣེ་ཁྲིད་སྡེ་ཚན་ནི་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས་ཡིན)ཆ་རྐྱེན་དང་མཐུན་པའི་ཟོག་འདྲེན་དོས་སྐྱེལ་ཁེ་ལས་དང་རླངས་འཁོར་ལ་ལམ་ཡིག་སྤྲོད་པ་དང། དོས་སྐྱེལ་རླངས་འཁོར་གྱི་ཁ་ལོ་བའི“མིང་ཐོ་དཀར་པོ”བཟོ་བ་དང། སྐྱེལ་མཐུད་ས་ཚིགས་སམ་ཡང་ན་བར་བརྒྱུད་ས་ཚིགས་བཙུགས་ཏེ། དོས་སྐྱེལ་རླངས་འཁོར་གེགས་མེད་ཤར་བགྲོད་ཐུབ་པར་འགན་སྲུང་བྱ་དགོས། (སྣེ་ཁྲིད་སྡེ་ཚན་ནི་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང། གཞོགས་འདེགས་སྡེ་ཚན་ནི་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་དང་ཞིང་ཆེན་སྤྱི་བདེ་ཐིན་ཡིན)རིམས་བབ་འགོག་སྡོམ་གྱི་བླང་བྱ་ལྟར་དབོར་འདྲེན་བྱེད་མཚམས་བཞག་པའི་རླངས་འཁོར་ལ་འགན་བཅོལ་གྱི་དུས་ཚོད་ནར་འགྱངས་ཞབས་ཕྱི་མགྱོགས་མྱུར་ངང་བསྒྲུབས་ནས། དབོར་འདྲེན་བྱེད་མཚམས་བཞག་ཡུན་ལྟར་འགན་བཅོལ་ནར་འགྱངས་བྱ་དགོས། ནར་འགྱངས་དུས་ཚོད་ཆེས་རིང་ན་ཟླ་བ5ལས་རྒལ་མི་ཆོག (སྣེ་ཁྲིད་སྡེ་ཚན་ནི་མཚོ་སྔོན་དངུལ་ཁང་འགན་བཅོལ་ལྟ་སྐུལ་དོ་དམ་ཅུས་ཡིན)དོས་སྐྱེལ་རླངས་འཁོར་གྱི་ཁ་ལོ་བར“འཕྲལ་བརྟག་འཕྲལ་འགྲོ་འཕྲལ་འགོག”གི་གདུབ་ཟུམ་དོ་དམ་ལག་བསྟར་བྱེད་པ་དང། “ཨང་གཉིས་བཤེར་གཅིག”གི་རིམས་འགོག་བླང་བྱ་དང་མཐུན་པ་རྣམས་གཏོང་ཆོག (སྣེ་ཁྲིད་སྡེ་ཚན་ནི་ཞིང་ཆེན་སྤྱི་བདེ་ཐིན་ཡིན)

གསུམ། དཔྱ་ཁྲལ་ཆག་ཡང་དང་ཕྱིར་སློག་བྱེད་པ། “དཔྱ་ཁྲལ་དྲུག་དང་གྲོན་དངུལ་གཉིས”སྤྱོད་འཐུས་ཁྱབ་ཁོངས་རྒྱ་བསྐྱེད་ནས། གཞི་ཁྱོན་ཆུང་བའི་ཐང་འཕར་དཔྱ་ཁྲལ་འཇལ་མཁན་ནས་ཁེ་སྤོགས་ཉུང་བའི་ཁེ་ལས་ཆུང་གྲས་དང་སྒེར་གཉེར་བཟོ་ཚོང་དུད་ཚང་དུ་རྒྱ་ཆེར་བཏང་སྟེ། 50%ཡི་ཁྲལ་འབབ་ལྟར་ཐོན་ཁུངས་དཔྱ་ཁྲལ་དང། གྲོང་ཁྱེར་སྲུང་སྐྱོང་འཛུགས་སྐྲུན་དཔྱ་ཁྲལ། ས་ཁང་བདག་ཁོངས་དཔྱ་ཁྲལ། མཁར་གྲོང་ས་ཞིང་སྤྱོད་ཁྲལ། སྦྱར་ཁྲལ། (དངུལ་འཛིན་ཉོ་ཚོང་གི་སྦྱར་ཁྲལ་མི་འདུ) རྨོ་ཞིང་བཟུང་སྤྱོད་དཔྱ་ཁྲལ། སློབ་གསོའི་གྲོན་དངུལ་ཟུར་སྣོན། ས་གནས་ཀྱི་སློབ་གསོའི་གྲོན་དངུལ་ཟུར་སྣོན་བཅས་ཉུང་བསྡུ་བྱེད་ཅིང། ལག་བསྟར་བྱེད་ཡུན་ནི2024ལོའི་ལོ་མཇུག་བར་ཡིན། ཐང་འཕར་དཔྱ་ཁྲལ་གྱི་གཞི་ཁྱོན་ཆུང་བའི་ཁྲལ་འཇལ་མཁན་ལ་བསྡུ་ཚད3%སྤྱོད་འཐུས་པའི་བྲིན་ཚོང་ཡོང་འབབ་ལ་ཐང་འཕར་དཔྱ་ཁྲལ་རྩ་ཆག་གཏང་དགོས། 3%སྔོན་བསྡུ་བྱེད་འཐུས་པའི་ཐང་འཕར་དཔྱ་ཁྲལ་སྔོན་འཇལ་རྣམ་གྲངས་ལ་གནས་སྐབས་སུ་གནས་ཐང་འཕར་ཁྲལ་སྔོན་འཇལ་བྱེད་མཚམས་གཞག་དགོས། སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་ཟླ་རེར་ཐང་འཕར་དཔྱ་ཁྲལ་གྱི་འཕར་གྲངས་ཁ་ཚང་ཕྱིར་སློག་བྱས་ནས་ཁྲལ་འབབ་ཁ་འཐབ་གཏོང་བའི་སྲིད་ཇུས་ཀྱི་ཁྱབ་ཁོངས་དེ་ཆ་རྐྱེན་དང་མཐུན་པའི་ཁེ་ལས་ཆུང་ཕྲན(སྒེར་གཉེར་བཟོ་ཚོང་དུད་ཚང་ཚུད)རྒྱ་སྐྱེད་གཏང་དགོས། ཁེ་སྤོགས་ཉུང་བའི་ཁེ་ལས་ཆུང་གྲས་ཀྱིས་ལོ་རེར་ཁྲལ་འཇལ་དགོས་པའི་ཐོབ་འབོར་སྒོར་ཁྲི100ལས་བརྒལ་ཡང་སྒོར་ཁྲི300ལས་བརྒལ་མེད་པའི་ཆ་དེ། 25%ལྟར་ཁྲལ་འཇལ་དགོས་པའི་ཐོབ་འབོར་དུ་བརྩི་དགོས་ལ། 20%ཡི་ཁྲལ་ཚད་ལྟར་ཁེ་ལས་ཀྱི་ཐོབ་ཁྲལ་འཇལ་དགོས། ལག་བསྟར་བྱེད་ཡུན་ནི2024ལོའི་ལོ་མཇུག་བར་ཡིན། ཐོན་སྐྱེད་དང་འཚོ་བའི་རང་བཞིན་གྱི་ཞབས་ཕྱིའི་ལས་རིགས་ཀྱི་ཁྲལ་འཇལ་མཁན་གྱི་སྐབས་དེ་དུས་ཀྱི་ཁ་འཐབ་གཏོང་ཆོག་པའི་ཡོང་སྒོའི་ཁྲལ་འབབ་ནི10%དང15%ཡི་ཐོག་ནས་འཇལ་དགོས་པའི་ཁྲལ་འབབ་རྩིས་འཕྲི་བྱ་དགོས། (སྣེ་ཁྲིད་སྡེ་ཚན་ནི་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས་དང། གཞོགས་འདེགས་སྡེ་ཚན་ནི་ཞིང་ཆེན་ནོར་སྲིད་ཐིན་ཡིན)

བཞི། དཔྱ་ཁྲལ་དང་གྲོན་དངུལ་འགྱངས་སྤྲོད་བྱེད་པ། བཟོ་སྐྲུན་ལས་རིགས་ཀྱི་ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱིས2021ལོའི་དུས་ཚིགས་བཞི་པ་དང2022ལོའི་དུས་ཚིགས་དང་པོ་དང་དུས་ཚིགས་གཉིས་པའི་ཁྲལ་གྲོན་ཁག་གཅིག་འགྱངས་སྤྲོད་བྱེད་ཆོག སྤྲད་ཟིན་ལ་ཆ་རྐྱེན་དང་མཐུན་ན། རང་མོས་ངང་ཁྲལ་སློག་རེ་ཞུ་བྱེད་ཆོག་པ་དང་འགྱངས་སྤྲོད་སྲིད་ཇུས་ལོངས་སུ་སྤྱོད་ཆོག (སྣེ་ཁྲིད་སྡེ་ཚན་ནི་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས་ཡིན)ཆ་རྐྱེན་དང་མཐུན་པའི་བཟའ་བཏུང་དང། སིལ་འཚོང། ཡུལ་སྐོར། དམངས་སྤྱོད་མཁའ་འགྲུལ། གཞུང་ལམ་དང་ལྕགས་ལམ་སྐྱེལ་འདྲེན་བཅས་ཀྱི་ཁེ་ལས(སྡེ་ཚན་གྱི་ཚུལ་དུ་འགན་བཅོལ་ནང་ཞུགས་པའི་སྒེར་གཉེར་བཟོ་ཚོང་དུད་ཚང་ཚུད)ལ་དུས་རིམ་རང་བཞིན་གྱི་སྒོ་ནས་རྒན་གསོའི་འགན་བཅོལ་དང། ལས་ཤོར་འགན་བཅོལ། ལས་རྨས་འགན་བཅོལ་གྲོན་དངུལ་འགྱངས་སྤྲོད་བྱེད་པའི་སྲིད་ཇུས་ལག་བསྟར་བྱ་རྒྱུ་དང། ཁེ་ལས་ཀྱིས2022ལོའི་དུས་ཚིགས་གཉིས་པའི་གཞི་རྩའི་རྒན་གསོའི་འགན་བཅོལ་གྲོན་དངུལ་འགྱངས་སྤྲོད་བྱ་རྒྱུ་དང། སྲིད་ཇུས་ཀྱི་དུས་བཀག་ནང་ལོ་གཅིག་ལས་མི་བརྒལ་བའི་ལས་ཤོར་དང་ལས་རྨས་འགན་བཅོལ་གྲོན་དངུལ་འགྱངས་སྤྲོད་བྱ་རྒྱུའི་རེ་འདུན་ཞུ་ཆོག་ལ། འགྱངས་སྤྲོད་བྱེད་རིང་གི་དུས་འགྱངས་ཆད་དངུལ་བསྡུ་མི་ཆོག (སྣེ་ཁྲིད་སྡེ་ཚན་ནི་ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་དང། གཞོགས་འདེགས་སྡེ་ཚན་ནི་ཞིང་ཆེན་ནོར་སྲིད་ཐིན་དང་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས་ཡིན)ཁྲལ་འཇལ་རེ་ཞུའི་འགྲོ་ལུགས་སྒྲུབ་དཀའ་བའི་རིགས་ལ་ཁྲིམས་ལྟར་རེ་ཞུ་དུས་ཚོད་ནར་འགྱངས་བྱ་དགོས་པ་དང། དུས་ཡུན་ཆེས་རིང་ན་ཟླ3ལས་མི་བརྒལ་བ་བྱ་དགོས། བསྒྲུབ་རྒྱུ་ཁས་བླངས་པའི་དུས་བཀག་ནང“ཁས་ལེན་ལམ་ལུགས”ལྟར་ཁྲལ་དོན་ཐོ་ཁོངས་ནས་བསུབ་པའི་ཐོ་འགོད་དཔྱད་གཞིའི་ཡིག་རིགས་ཆད་པ་ཁ་གསབ་བྱེད་མི་ཐུབ་པའི་རིགས་ལ། བསྒྲུབ་རྒྱུ་ཁས་ལེན་བྱེད་ཡུན་ཟླ་བ3ནར་འགྱངས་བྱ་དགོས། (སྣེ་ཁྲིད་སྡེ་ཚན་ནི་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས་ཡིན)

ལྔ། གྲོན་དངུལ་ཕབ་ནས་ཁེ་བཟང་སྟེར་བ། དུས་རིམ་རང་བཞིན་གྱི་སྒོ་ནས་ལས་ཤོར་འགན་བཅོལ་དང་ལས་རྨས་འགན་བཅོལ་གྱི་གྲོན་དངུལ་སྤྲོད་ཚད་མར་ཕབ་པའི་སྲིད་ཇུས་མུ་མཐུད་དུ་ལོ1ལ་ལག་བསྟར་བྱེད་པ་སྟེ། ལག་བསྟར་བྱེད་ཡུན་ནི2023ལོའི་ཟླ4པའི་ཚེས30ཉིན་བར་ཡིན། (སྣེ་ཁྲིད་སྡེ་ཚན་ནི་ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་ཡིན) ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་ལས་དོན་ཁང་གི་སྤུས་ཚད་འགན་ལེན་དངུལ་གྱི་འགན་ལེན་འགན་བཅོལ་བྱེད་པའི་ཁྱབ་རྒྱ་ཆེ་རུ་གཏོང་བ་དང། ཆ་རྐྱེན་དང་མཐུན་པའི་ཡུལ་སྐོར་ལས་དོན་ཁང་ལ80%ཡི་གནས་སྐབས་ཕྱིར་སློག་གི་བསྡུར་གྲངས་རྒྱུན་འཁྱོངས་བྱེད་ཅིང། ཆ་རྐྱེན་ཡོད་པའི་ས་གནས་ཀྱིས་གནས་སྐབས་ཕྱིར་སློག་གི་བསྡུར་གྲངས་སྔར་བས་ཇེ་མཐོར་གཏོང་བར་སྐུལ་མ་གཏང་དགོས། (སྣེ་ཁྲིད་སྡེ་ཚན་ནི་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་དང། གཞོགས་འདེགས་སྡེ་ཚན་ནི་མཚོ་སྔོན་དངུལ་ཁང་འགན་བཅོལ་ལྟ་སྐུལ་དོ་དམ་ཅུས་ཡིན) ཞིང་ཆེན་ཞབས་ཕྱིའི་ལས་རིགས་ཀྱི་འཕེལ་རྒྱས་སྣེ་ཁྲིད་མ་དངུལ་གྱིས་རྐང་དབང་མ་འཇོག་བྱེད་སྟངས་ཐོག་ནས་རྒྱབ་སྐྱོར་བྱེད་པའི་ཁེ་ལས་ལ། རིམས་བབ་སྔོན་འགོག་ཚོད་འཛིན་བྱེད་རིང་རྐང་དབང་མ་འཇོག་གི་ཁེ་འབབ་མི་བསྡུ། (སྣེ་ཁྲིད་སྡེ་ཚན་ནི་ཞིང་ཆེན་ནོར་སྲིད་ཐིན་དང། གཞོགས་འདེགས་སྡེ་ཚན་ནི་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་ཡིན)

དྲུག ཁང་གླ་ཆག་ཡང་དང་རྩ་ཆག་གཏོང་བ། ཞིང་ཆེན་ནང་ཁུལ་གྱི་རིམས་བབ་ཉེན་ཁ་ཆེ་འབྲིང་ས་ཁུལ་དུ་བཅུག་པའི་རྫོང་རིམ་པའི་སྲིད་འཛིན་ས་ཁོངས་ནང་གི་ཁེ་ལས་ཆུང་ཕྲན་དང་སྒེར་གཉེར་བཟོ་ཚོང་དུད་ཚང་གིས་རྒྱལ་དབང་ཁང་པ་གླས་ཡོད་ན། 2022ལོར་ཟླ6གི་ཁང་གླ་སྤྲོད་མི་དགོས་པར་བྱེད་པ་དང། ས་ཁུལ་གཞན་དག་ཏུ་ཟླ3གྱི་ཁང་གླ་སྤྲོད་མི་དགོས། རིམས་བབ་སྐབས་ཀྱི་ཁང་གླ་ཆག་ཡང་དང་རྩ་ཆག་གཏོང་བའི་སྲིད་ཇུས་དོན་འཁྱོལ་བྱས་རྐྱེན་འཚོ་གནས་ལ་དཀའ་ངལ་བྱུང་བའི་ཞིང་ཆེན་ཁོངས་གཏོགས་ཀྱི་རྒྱལ་དབང་ཁེ་ལས་ལ་ཞིབ་བཤེར་གཏན་འབེབས་བྱས་རྗེས་བསྡུར་ཚད་ངེས་ཅན་གྱི་ཁ་གསབ་སྤྲད་དགོས། (སྣེ་ཁྲིད་སྡེ་ཚན་ནི་ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ཨུ་ལྷན་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས་ལས་དོན་དོ་དམ་ཅུས་ཡིན། གཞོགས་འདེགས་སྡེ་ཚན་ནི་ཞིང་ཆེན་ནོར་སྲིད་ཐིན་དང་ཞིང་ཆེན་ཚོང་དོན་ཐིན། རྒྱལ་དབང་ཁེ་ལས་ཀྱི་མ་དངུལ་གཏོང་མཁན་གྱི་འགན་འཁྲི་སྒྲུབ་པའི་འབྲེལ་ཡོད་སྡེ་ཁག་བཅས་ཡིན)ས་གནས་སོ་སོས་མ་དངུལ་སྣ་ཚོགས་གཅིག་གྱུར་གྱིས་འཆར་འགོད་བྱས་ནས་རྒྱལ་དབང་མིན་པའི་ཁང་པ་གླས་པའི་ཞབས་ཕྱིའིི་ལས་རིགས་ཀྱི་ཁེ་ལས་ཆུང་ཕྲན་དང་སྒེར་གཉེར་བཟོ་ཚོང་དུད་ཚང་ལ་རོགས་སྐྱོར་འོས་འཚམ་བྱེད་པར་སྐུལ་མ་གཏང་དགོས། རྒྱལ་དབང་མིན་པའི་ཁང་པ་བོགས་མར་གཏོང་ལེན་བྱེད་མཁན་གྱིས་འདྲ་མཉམ་དང་གྲོས་མོལ་གྱི་རྨང་གཞིའི་ཐོག་ལུགས་མཐུན་ངང་རིམས་བབ་ལས་བྱུང་བའི་གྱོང་གུན་འཁུར་རྒྱུར་སྐུལ་མ་གཏང་དགོས། (སྣེ་ཁྲིད་སྡེ་ཚན་ནི་གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་ཡིན) ཁང་གླ་ཆག་ཡང་དང་རྩ་ཆག་བཏང་བའི་རྒྱལ་དབང་མིན་པའི་ཁང་པའི་བདག་པོའི་ཁྲོད། ཁང་པའི་དཔྱ་ཁྲལ་དང་མཁར་གྲོང་གི་ས་ཞིང་བེད་སྤྱོད་དཔྱ་ཁྲལ་སྤྲོད་པར་དཀའ་ངལ་ཡོད་པའི་ཁྲལ་འཇལ་མཁན་ལ། བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་དང་ས་གནས་ཀྱི་དོན་དངོས་གཞིར་བཟུང་ནས། ཞིང་ཆེན་སྲིད་གཞུང་ལ་སྙན་སེང་ཞུས་ནས་འཐད་པ་བྱུང་རྗེས་དེ་དག་ཆག་ཡང་དང་རྩ་ཆག་གཏང་དགོས། (སྣེ་ཁྲིད་སྡེ་ཚན་ནི་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས་དང། གཞོགས་འདེགས་སྡེ་ཚན་ནི་ཞིང་ཆེན་ནོར་སྲིད་ཐིན་ཡིན) ཁང་གླ་ཆག་ཡང་དང་རྩ་ཆག་བཏང་བའི་རྐྱེན་གྱིས་རྒྱལ་དབང་ཁེ་ལས་ཀྱི་བྱ་བའི་གྲུབ་འབྲས་ལ་ཤུགས་རྐྱེན་ཐེབས་ན། དཔྱད་ཞིབ་བྱེད་སྐབས་གནས་ཚུལ་དངོས་ལ་གཞིགས་ནས་ཁས་ལེན་བྱ་དགོས། (སྣེ་ཁྲིད་སྡེ་ཚན་ནི་ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ཨུ་ལྷན་ཡིན)

བདུན། མ་དངུལ་ཁ་གསབ་བྱེད་པ། “མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་འཛད་སྤྱོད་ལས་སྟེགས”དང། “དྲ་ཐོག་མྱུར་སྤྲོད”“ཞེ་ཁྲིན”སོགས་ཀྱི་དྲ་ཐོག་ལས་སྟེགས་བརྒྱུད་ནས་ཁག་བགོས་དུས་བགོས་ཀྱིས་རིག་གནས་ཡུལ་སྐོར་གྱི་འཛད་སྤྱོད་འཛིན་ཤོག་སྒོར་ཁྲི2000ལས་མི་ཉུང་བ་དགྲམ་དགོས། (སྣེ་ཁྲིད་སྡེ་ཚན་ནི་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་ཡིན) ཞིང་ཆེན་རིམ་པས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ཆེད་སྤྱོད་མ་དངུལ་སྤྱད་དེ་ཚད་གཞི་མཐོ་ཤོས་སུ་སླེབས་པའི་མཛོད་བཅུག་ཁེ་ལས་གསར་བར་སྡེབ་ཚོང་ལས་རིགས་ལ་སྒོར་ཁྲི20དང། སིལ་ཚོང་ལས་རིགས་ལ་སྒོར་ཁྲི10དང། མགྲོན་ཁང་ལས་རིགས་ལ་སྒོར་ཁྲི5དང། བཟའ་བཏུང་ལས་རིགས་ལ་སྒོར་ཁྲི5བཅས་ཀྱི་ཚད་གཞི་ལྟར་ཐེངས་གཅིག་རང་བཞིན་གྱི་མ་དངུལ་བྱ་དགའ་སྤྲད་དགོས། (སྣེ་ཁྲིད་སྡེ་ཚན་ནི་ཞིང་ཆེན་ཚོང་དོན་ཐིན་ཡིན) གཅིག་གྱུར་གྱི་མཛོད་ཁང་ལས་མཉམ་དུ་སྡེབ་སྒྲིག་བྱས་པའི་རྫོང་དང་ཆུས་རིམ་པའི་ཟོག་འདྲེན་མཛོད་ཉར་ཁག་བགོས་ཀྱི་སྡེབ་སྐྱེལ་ལྟེ་གནས་ལ་སྒོར་ཁྲི100ཡི་འཛུགས་སྐྲུན་ཚོང་གཉེར་ཁ་གསབ་སྤྲད་དགོས། (སྣེ་ཁྲིད་སྡེ་ཚན་ནི་ཞིང་ཆེན་ཚོང་དོན་ཐིན་དང། གཞོགས་འདེགས་སྡེ་ཚན་ནི་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་ཡིན) བཟའ་བཏུང་དང་སིལ་ཚོང་ཁེ་ལས་ཀྱི་ལས་མིར་དུས་བཀག་ནང་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱེད་པརབསྡུར་ཚད50%ལས་མི་དམའ་བའི་ཁ་གསབ་རོགས་སྐྱོར་སྟེར་དགོས། (སྣེ་ཁྲིད་སྡེ་ཚན་ནི་གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་ཡིན)ལོ་དེར་གསོ་སྐྱོང་བྱས་ནས་གསར་དུ་འཕར་བའི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས(ཕྱིར་འཐེན་བྱས་རྗེས་སླར་ཡང་ནང་བཅུག་པའི་ཁེ་ལས་ཚུད་མེད)ལ་མ་དངུལ་སྒོར་ཁྲི20ཡི་བྱ་དགའ་སྤྲད་དགོས། (སྣེ་ཁྲིད་སྡེ་ཚན་ནི་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་ཡིན)“ཆེད་ལས་ཅན་དང་ཞིབ་ཚགས་ཅན། ཁྱད་ལྡན་ཅན། གསར་རྐྱང་ཅན”དུ་ངོས་འཛིན་བྱས་པའི་ཁེ་ལས་ལ་ཐེངས་གཅིག་རང་བཞིན་གྱི་བྱ་དགའ་སྒོར་ཁྲི50ལས་མི་མཐོ་བ་སྤྲད་དགོས། ཆེད་ལས་ཅན་དང་ཞིབ་ཚགས་ཅན། ཁྱད་ལྡན་ཅན། གསར་རྐྱང་ཅན་གྱི“གྱད་མིའུ”ལ་ངོས་འཛིན་བྱས་པའི་ཁེ་ལས་ལ་ཐེངས་གཅིག་རང་བཞིན་གྱི་བྱ་དགའ་སྒོར་ཁྲི100ལས་མི་མཐོ་བ་སྤྲད་དགོས། (སྣེ་ཁྲིད་སྡེ་ཚན་ནི་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་ཡིན)

བརྒྱད། མ་དངུལ་སྡུད་པར་རྒྱབ་སྐྱོར་བྱེད་པ། ཁྲོམ་ར་ཅན་གྱི་རྩ་དོན་ལྟར། པྲོག་གསར་གློ་ཚད་རིམས་བབ་ཀྱི་གནོད་པ་ཅུང་ཆེན་པོ་ཐེབས་པའི་ཁྲོམ་རའི་བྱེད་པོའི་དུས་བཅད་ཚང་བའི་དངུལ་བུན་དག་འཇལ་ཡུན་སྒྱུང་བ་དང། དངུལ་བུན་མུ་མཐུད་གཡར་བའམ་ཡང་ན་ལེགས་སྒྲིག་བྱས་ནས་དངུལ་བུན་འཇལ་བའི་འཆར་གཞི་བཟོས་ཏེ། ཁེ་ལས་ལ་དངུལ་རྩའི་ཐོག་ནས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏང་དགོས། ཀུན་ཕན་དངུལ་བུན་ཆུང་ཕྲན་གྱི་རྒྱབ་སྐྱོར་ལག་ཆ་ལག་ལེན་བསྟར་ནས། ཆ་རྐྱེན་དང་མཐུན་པའི་ས་གནས་ཀྱི་ཁྲིམས་མིའི་དངུལ་ཁང་གི་ཀུན་ཕན་དངུལ་བུན་ཆུང་ཕྲན་གྱི་ལྷག་དངུལ་འཕར་བའི1%ལ་ལྕག་སྐུལ་མ་དངུལ་མཁོ་འདོན་བྱ་དགོས། ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱི་དངུལ་རྩའི་ཞབས་ཕྱིའི་ལྗང་མདོག་བགྲོད་ལམ་བཏོད་པ་དང། དངུལ་ཁང་གི་རྩིས་ཁྲའི་ཞབས་ཕྱིའི་རིན་བསྡུ་དང། མི་དམངས་ཤོག་སྒོར་གྱི་དངུལ་གཏོང་འགྲོ་ལུགས་འགྲོ་གྲོན། དངུལ་བྱང་གི་འགྲོ་ལུགས་གྲོན་དངུལ་བཅས་ཇེ་དམའ་རུ་གཏང་དགོས། སྲིད་གཞུང་རང་བཞིན་གྱི་དངུལ་སྡུད་འགན་ལེན་ལས་ཁུངས་ཀྱིས་ཆ་རྐྱེན་དང་མཐུན་པའི་ཁེ་ལས་ལ་ལྡོག་པའི་འགན་ལེན་བྱེད་པའི་བླང་བྱ་རིམ་བཞིན་ཉུང་དུ་གཏོང་བའམ་ཡང་ན་མེད་པར་བཟོ་དགོས། (སྣེ་ཁྲིད་སྡེ་ཚན་ནི་ཞིང་ཆེན་ས་གནས་དངུལ་རྩའི་ལྟ་སྐུལ་དོ་དམ་ཅུས་དང། གཞོགས་འདེགས་སྡེ་ཚན་ནི་མི་དམངས་དངུལ་ཁང་ཟི་ལིང་ལྟེ་བའི་ཡན་ལག་དངུལ་ཁང་དང་མཚོ་སྔོན་དངུལ་ཁང་འགན་བཅོལ་ལྟ་སྐུལ་དོ་དམ་ཅུས་ཡིན)རིམས་བབ་ཀྱི་གནོད་པ་ཐེབས་ནས་ཡིད་རྟོན་ཏོག་ཙམ་ཤོར་བར་ཡིད་རྟོན་རོགས་སྐྱོབ་བྱ་དགོས། (སྣེ་ཁྲིད་སྡེ་ཚན་ནི་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང། གཞོགས་འདེགས་སྡེ་ཚན་ནི་མི་དམངས་དངུལ་ཁང་ཟི་ལིང་ལྟེ་བའི་ཡན་ལག་དངུལ་ཁང་ཡིན) ཆ་རྐྱེན་དང་མཐུན་པའི་བཟོ་ལས་ཁེ་ལས་འབྲིང་ཆུང་དང་ཚོང་དོན་འགྲོ་རྒྱུག་ཁེ་ལས་ཀྱི་རྣམ་གྲངས་འཛུགས་སྐྲུན་དང་གཉེར་སྐྱོང་བྱེད་རིང་བྱུང་བའི་དངུལ་བུན་ལ་བསྡུར་ཚད་ངེས་ཅན་ལྟར་སྐྱེད་ཀ་གསབ་སྤྲོད་བྱ་རྒྱུ་དང། སྐྱེད་ཀ་གསབ་སྤྲོད་ཀྱི་དངུལ་གྲངས་སྒོར་ཁྲི100ལས་རྒལ་མི་ཆོག (སྣེ་ཁྲིད་སྡེ་ཚན་ནི་ཞིང་ཆེན་ནོར་སྲིད་ཐིན་ཡིན)

དགུ། རྒྱུ་རྐྱེན་གཙོ་བོར་འགན་སྲུང་བྱེད་པ། ཁེ་ལས་ཀྱི་གསར་དུ་འཕར་བའི་སླར་སྐྱེས་ཐུབ་པའི་ནུས་ཁུངས་དང་རྒྱུ་ཆའི་ནུས་ཁུངས་འཛད་སྤྱོད་དེ་ནུས་ཁུངས་ཟད་གྲོན་གྱི་སྤྱི་འབོར་ཚོད་འཛིན་ནང་དུ་མི་འཇུག་པ་དང། ཐོན་ནུས་བརྗེ་ལེན་གྱི་སྲིད་ཇུས་དང་མཐུན་པའི་ལས་གཞིར་ནུས་སྤྱོད་འགན་སྲུང་བྱ་དགོས། (སྣེ་ཁྲིད་སྡེ་ཚན་ནི་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང། གཞོགས་འདེགས་སྡེ་ཚན་ནི་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་ཡིན) བཟོ་སྐྲུན་ལས་རིགས་ཀྱི་གློག་སྤྱོད་མ་གནས་དམའ་རུ་གཏོང་བར་སྐུལ་འདེད་གཏོང་བ་དང། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་དག་གློག་ཤུགས་ཁྲོམ་ར་ཅན་གྱི་ཉོ་ཚོང་ནང་ཞུགས་རྒྱུར་རྒྱབ་སྐྱོར་བྱ་དགོས། (སྣེ་ཁྲིད་སྡེ་ཚན་ནི་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང། གཞོགས་འདེགས་སྡེ་ཚན་ནི་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་ཡིན) ཁེ་ལས་ཀྱི་ཐོན་སྐྱེད་དང་ལས་གཞི་གལ་ཆེའི་འཛུགས་སྐྲུན་སོགས་ལ་མཁོ་བའི་མ་བཅོས་རྒྱུ་ཆ་དང། ཨར་སྐྲུན་དངོས་ཟོག་རྣམས་འཚུབ་ཟློག་སྐྱེལ་འདྲེན་བགྲོད་ལམ་དུ་བཞག་ནས། གཙོ་གནད་དངོས་ཟོག་སྐྱེལ་འདྲེན་རླངས་འཁོར་གྱི་འགྲོ་སྐྱོད་ལག་ཁྱེར་སྤྲོད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། སྔོན་ལ་སྟབས་བདེའི་ངང་ཤར་བགྲོད་ཐུབ་པ་ཁག་ཐེག་བྱ་དགོས། (སྣེ་ཁྲིད་སྡེ་ཚན་ནི་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་ཡིན)

བཅུ། ཞབས་ཕྱི་ཇེ་ལེགས་སུ་གཏོང་བ། “12345”ཡི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་ཞབས་ཕྱིའི་ཐད་སྦྲེལ་ཁ་པར་བཀོད་སྒྲིག་བྱས་ནས། ཆུ་ཚོད24རིང་རིམས་འགོག་སྲིད་ཇུས་བློ་འདྲི་དང། རེ་འདུན་གོང་ཞུ། གནད་དོན་འཚོལ་སྡུད། སྒྲུབ་སྤྲོད་སྒྲུབ་སྐུལ་སོགས་ཀྱི་ཞབས་ཕྱི་མཁོ་འདོན་བྱ་དགོས། (སྣེ་ཁྲིད་སྡེ་ཚན་ནི་ཞིང་ཆེན་སྲིད་གཞུང་གི་ཆ་འཕྲིན་དང་སྲིད་དོན་ཡོངས་བསྒྲགས་གཞུང་ལས་ཁང་ཡིན) དྲ་ཐོག་གི་སྤྱི་པའི་ཞབས་ཕྱི་ལེགས་སུ་བཏང་སྟེ་ཞིང་ཆེན་གཞི་གཅིག་ཅན་གྱི་སྲིད་དོན་ཞབས་ཕྱིའི་ལས་སྟེགས་སོགས་སུ“ཁེ་ལས་ལ་རོགས་རམ་དང་དཀའ་ངལ་སེལ་བའི”ཆེད་སྒྲིག་ལེ་ཚན་བཟོས་ཤིང། “དྲ་ཐོག་ཏུ་སྒྲུབ་པ་དང་ཁ་པར་ནང་སྒྲུབ་པ”སྐུལ་སྤེལ་བྱས་ནས། “ངོ་འཕྲད་མེད་པའི”ཐོ་འགོད་ཞིབ་མཆན་ལག་བསྟར་བྱས་ཏེ། ཁེ་ལས་ལ་སྦྲག་ཐོག་སྒྲུབ་གཉེར་དང། རོགས་སྒྲུབ་ཚབ་གཉེར། ཁ་ཆད་སྒྲུབ་གཉེར། བརྡ་གཏོང་ཁས་ལེན། སྟོང་ཆད་སྒྲུབ་གཉེར་སོགས་ཀྱི་སྟབས་བདེ་ཅན་གྱི་ཞབས་ཕྱི་མཁོ་འདོན་བྱ་དགོས། (སྣེ་ཁྲིད་སྡེ་ཚན་ནི་ཞིང་ཆེན་སྲིད་དོན་ཞབས་ཕྱི་ལྟ་སྐུལ་དོ་དམ་ཅུས་ཡིན) སྐད་འཕྲིན་སྤྱི་སྟེགས་དང། སྲིད་གཞུང་གི་དྲ་ཚིགས། བརྙན་འཕྲིན། རྒྱང་སྒྲོག དྲིལ་བསྒྲགས་ལག་དེབ། ཐང་ཆེན་དྲིལ་བསྒྲགས་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། ཁེ་ལས་ལ་རོགས་སྐྱོར་དཀའ་སེལ་བྱེད་པའི་སྲིད་ཇུས་རྣམས་ཁེ་ལས་ཀྱིས་ཤེས་རྟོགས་ཐུབ་ཚད་མཐོ་རུ་གཏང་དགོས། (སྣེ་ཁྲིད་སྡེ་ཚན་ནི་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང། གཞོགས་འདེགས་སྡེ་ཚན་ནི་གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་ཡིན)

བྱེད་ཐབས་འདི་དཔར་འགྲེམ་བྱས་ཉིན་ནས་བཟུང་སྟེ་ལག་ལེན་དུ་བསྟར་དགོས། གོ་ཆོད་དུས་ཡུན་ནི2022ལོའི་ཟླ12པའི་ཚེས31ཉིན་བར་ཡིན། བྱེད་ཐབས་འདིའི་ནང་དུས་བཀག་གཏན་འབེབས་བྱས་ཡོད་པ་དག རྒྱལ་ཁབ་དང་ཞིང་ཆེན་གྱིས་བཏོན་པའི་འབྲེལ་ཡོད་ཡིག་ཆ་གཞན་དུའང་དུས་བཀག་གཏན་འབེབས་བྱས་ཡོད་ན། གཏན་འབེབས་དེ་ལྟར་ལག་བསྟར་བྱ་དགོས།

◎ལྷ་མོ་སྒྲོལ་མས་བསྒྱུར། འབྲུག་བྱམས་ཚེ་རིང་གིས་ཞུ་དག་བྱས།