༄༅། །རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་གྱི་མཐོ་སློབ་མཐར་ཕྱིན་སློབ་མ་སོགས་གཞོན་ནུའི་ལས་ཞུགས་ལས་གཏོད་བྱ་བ་སྔར་ལས་ལེགས་པོར་སྒྲུབ་པའི་སྐོར་གྱི་བརྡ་སྦྱོར།

༄༅། །རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་གྱི་མཐོ་སློབ་མཐར་ཕྱིན་སློབ་མ་སོགས་གཞོན་ནུའི་ལས་ཞུགས་ལས་གཏོད་བྱ་བ་སྔར་ལས་ལེགས་པོར་སྒྲུབ་པའི་སྐོར་གྱི་བརྡ་སྦྱོར།

རྒྱལ་གཞུང་སྤེལ〔2022〕ཨང13པ།

ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་སོ་སོའི་མི་དམངས་སྲིད་གཞུང་དང། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པུའུ་ཨུ་སོ་སོ་དང། ཐད་གཏོགས་ལས་ཁུངས་སོ་སོ་བཅས་ལ།

མཐོ་སློབ་མཐར་ཕྱིན་སློབ་མ་སོགས་གཞོན་ནུའི་ལས་ཞུགས་དེ་དམངས་འཚོའི་བདེ་སྐྱིད་དང་དཔལ་འབྱོར་འཕེལ་རྒྱས། རྒྱལ་ཁབ་ཀྱི་འབྱུང་འགྱུར་བཅས་དང་འབྲེལ་བ་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ། ད་སྔ་དང་སླད་ཕྱིན་གྱི་དུས་སྐབས་ཤིག་གི་མཐོ་སློབ་མཐར་ཕྱིན་སློབ་མ་སོགས་གཞོན་ནུའི་ལས་ཞུགས་དང་ལས་གཏོད་བྱ་བ་ལེགས་པོར་སྒྲུབ་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་ཡིད་འཐད་བྱུང་བ་བརྒྱུད། ད་ལྟ་འབྲེལ་ཡོད་དོན་ཚན་བརྡ་སྦྱོར་བཏང་བ་གཤམ་གསལ་ལྟར།

གཅིག ཐབས་ལམ་མང་པོའི་ཐོག་ནས་ལས་ཞུགས་ཀྱི་ལས་རྐང་གསར་སྤེལ་བྱ་དགོས།

(གཅིག)ཁེ་ལས་ཀྱི་ལས་ཞུགས་གཞི་ཁྱོན་ཆེ་རུ་གཏང་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ལས་ཞུགས་སྔོན་ལ་འཇོག་པའི་ཁྲིད་ཕྱོགས་ལ་ཤུགས་སྣོན་རྒྱག་རྒྱུ་རྒྱུན་འཁྱོངས་དང། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། བཟོ་སྐྲུན་ལས་རིགས་རིགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྟོབས་ཆེར་གཏོང་བ། དེང་རབས་ཞབས་ཕྱིའི་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་བཅས་བྱས་ནས། མཐོ་སློབ་མཐར་ཕྱིན་སློབ་མར་འཚམ་པའི་ལས་ཞུགས་ལས་རྐང་སྔར་བས་མང་བ་འདོན་སྤྲོད་བྱ་དགོས། ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱིས་མཐོ་སློབ་མཐར་ཕྱིན་སློབ་མ་སྔར་བས་མང་བར་་བསྡུས་ནས་ལས་ཀར་ཞུགས་པར་རྒྱབ་སྐྱོར་བྱས་ཏེ། གཏན་འཁེལ་ལྟར་སྤྱི་ཚོགས་འགན་བཅོལ་གྱི་ཁ་གསབ་དང། ལས་གཏོད་ཁག་ཐེག་དངུལ་བུན་དང་དེའི་སྐྱེད་གསབ་སྤྲོད་པ། ཁྲལ་གྲོན་ཆག་ཡང་དང་རྩ་ཆག་གཏོང་བ་སོགས་ཀྱི་རོགས་སྐྱོར་སྲིད་ཇུས་སྤྲད་དགོས་ཤིང། མཐོ་སློབ་མཐར་ཕྱིན་སློབ་མ་ལས་ཞུགས་བྱེད་ཚད་ངེས་ཅན་ཟིན་པར་མ་ཟད་འབྲེལ་ཡོད་ཆ་རྐྱེན་དང་མཐུན་པའི་ཁེ་ལས་འབྲིང་ཆུང་ཕྲན་གསུམ་ལ། དཀའ་ངལ་སེལ་བའི་མ་དངུལ་བཀོད་སྒྲིག་དང་ལག་རྩལ་སྒྱུར་བཀོད་ཀྱི་དངུལ་བུན་སྐྱེད་ཀ་མཁོ་འདོན་བྱེད་སྐབས་གཟིགས་སྐྱོང་བྱ་དགོས། མཐར་ཕྱིན་ལོ་འཁོར་གྱི་མཐོ་སློབ་མཐར་ཕྱིན་སློབ་མ་བསྡུས་པ་དང་འབྲེལ་ལོ་གཅིག་ཡན་གྱི་ངལ་རྩོལ་གན་རྒྱ་བཞག་པའི་ཁེ་ལས་འབྲིང་ཆུང་ཕྲན་གསུམ་ལ། ལས་ཞུགས་ཁ་གསབ་ཐེངས་གཅིག་རང་བཞིན་གྱིས་སྤྲོད་རྒྱུ་དང། སྲིད་ཇུས་ལག་བསྟར་དུས་ཡུན2022ལོའི་ཟླ12ཚེས31ཉིན་བར་ཡིན། ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱི་ཆེད་ལས་ལག་རྩལ་མི་སྣའི་ལས་ཐོབ་དཔྱད་འཇོག་གི་ལྗང་མདོག་བགྲོད་ལམ་དང་རེ་ཞུའི་མཐའ་སྐྱོང་རྐྱེན་སྲོལ་བཙུགས་ནས། ལས་རིགས་རྩལ་ནུས་རིམ་པའི(ལས་རྐང)སྒྲིག་བཀོད་འཐུས་ཚང་དུ་གཏོང་བ་དང། ལས་རིགས་རྩལ་ནུས་རིམ་པ་ངོས་འཛིན་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ཚན་ཞིབ་ལས་གཞིའི་གྲོན་དངུལ་རེ་ཞུ་དང་ཚན་ཞིབ་གྲུབ་འབྲས་སོགས་རེ་ཞུ་དང་རྒྱལ་དབང་ཁེ་ལས་དང་ལས་དོན་སྡེ་ཚན་གྱི་རིགས་གཅིག་པའི་མི་སྣའི་ཐོབ་ཐང་འདྲ་མཉམ་དོན་འཁྱོལ་བྱ་དགོས། “གློག་དམར”དང“གློག་ལྗང”སྒྲིག་བཀོད་ཡག་པོ་བྱས་ནས། ལས་སྟེགས་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ། ལས་ཞུགས་སྔར་ལས་མང་བར་སྐུལ་ཁྲིད་བྱ་དགོས། རྒྱལ་དབང་ཁེ་ལས་ཀྱི་གདན་ཞུའི་གཞི་ཁྱོན་བརྟན་འཇགས་དང་རྒྱ་སྐྱེད་གཏོང་བ་དང། ཁེ་ལས་ཀྱིས་གདན་ཞུའི་ཆ་འཕྲིན་ཚད་ལྡན་ངང་ཁྱབ་བསྒྲགས་བྱེད་པར་མཛུབ་སྟོན་བྱས་ཏེ། ཡོངས་བསྒྲགས་སུ་གདན་འདྲེན་ཞུ་བར་སྐུལ་འདེད་གཏང་དགོས། (རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང། ཚན་རྩལ་པུའུ། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། ནོར་སྲིད་པུའུ། མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་པུའུ། ཚོང་དོན་པུའུ། མི་དམངས་དངུལ་ཁང། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན། ཁྲལ་དོན་སྤྱི་ཁྱབ་ཅུས། ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་སོགས་ཀྱིས་འགན་འཁྲིའི་ལས་བགོས་ལྟར་འགན་འཁུར་དགོས)

(གཉིས)གཞི་རིམ་གྱི་ལས་ཞུགས་བར་སྟོང་རྒྱ་བསྐྱེད་དགོས། ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བ་དང་གྲོང་གསེབ་དར་སྤེལ་གཏོང་བ་སོགས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། གཞི་རིམ་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་གྱི་དགོས་མཁོ་དང་འཚམ་པར་བྱེད་པ་དང། ཕྱོགས་སོ་སོའི་ཐོན་ཁུངས་གཅིག་གྱུར་གྱིས་བེད་སྤྱོད་ཡག་པོ་བྱེད་པ། གཞི་རིམ་གྱི་ལས་ཞུགས་སྤྱི་ཚོགས་འགན་སྲུང་དང། སྨན་བཅོས་འཕྲོད་བསྟེན། རྒན་གསོའི་ཞབས་ཕྱི། སྤྱི་ཚོགས་ལས་དོན། ཁྲིམས་འཛིན་གཞོགས་འདེགས་སོགས་ཀྱི་ལས་ཞུགས་གོ་སྐབས་སྔོག་འདོན་བྱ་དགོས། སྡེ་ཁུལ་གྱི་ཆེད་བསྐོས་ལས་རྐང་སྟོང་པར་ལུས་ཚེ་སྔོན་ལ་མཐོ་སློབ་མཐར་ཕྱིན་སློབ་མ་བསྡུ་བའམ་གྲངས་འབོར་ངེས་ཅན་ཞིག་བཏོན་ནས་ཆེད་དུ་མཐོ་སློབ་མཐར་ཕྱིན་སློབ་མ་བསྡུ་དགོས། “སྐྱོར་གསུམ་རོགས་གཅིག”གི་འཆར་གཞི་དང། ཞིང་སྡེའི་དམིགས་བསལ་ལས་རྐང་གི་དགེ་རྒན་གྱི་འཆར་གཞི། སློབ་ཆེན་སློབ་མའི་དང་བླངས་ཞབས་ཕྱིའི་ནུབ་རྒྱུད་འཆར་གཞི་སོགས་གཞི་རིམ་ཞབས་ཕྱིའི་ལས་གཞི་མུ་མཐུད་དུ་ལག་བསྟར་བྱས་ནས། བསྡུ་བའི་གཞི་ཁྱོན་ལུགས་མཐུན་ངང་གཏན་འཁེལ་བྱ་དགོས། དབུས་ནུབ་རྒྱུད་ས་ཁུལ་དང། དཀའ་ཚེགས་ཆེ་བའི་མཐའ་མཚམས་ས་ཁུལ། བཟོ་ལས་རྟེན་གཞི་རྙིང་པ་བཅས་རྫོང་མན་གྱི་གཞི་རིམ་སྡེ་ཚན་དུ་ལས་ཞུགས་བྱེད་པའི་མཐོ་སློབ་མཐར་ཕྱིན་སློབ་མར་གཏན་འཁེལ་ལྟར་སློབ་ཡོན་ཁ་གསབ་དང་རྒྱལ་ཁབ་ཀྱི་སློབ་སྐྱོར་དངུལ་བུན་ཚབ་འཇལ་དང་གླ་ཕོགས་མཐོན་པོ་གཏན་འཁེལ་སོགས་ཀྱི་སྲིད་ཇུས་སྤྲོད་པ་དང། དེའི་ནང་ལས་དོན་སྡེ་ཚན་གྱི་ལས་དོན་མི་སྣ་ངོ་མར་གདན་ཞུ་བྱས་རིགས་ལ། གཏན་འཁེལ་ལྟར་སྔོན་ལ་དངོས་གཞིར་བསྒྱུར་ནས་རིམ་པ་གཏན་འཁེལ་བྱེད་ཆོག(ཀྲུང་དབྱང་རྩ་འཛུགས་པུའུ་དང། ཆེས་མཐོའི་མི་དམངས་ཁྲིམས་ཁང། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང། སློབ་གསོ་པུའུ། དམངས་སྲིད་པུའུ། ནོར་སྲིད་པུའུ། མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་པུའུ། ཞིང་ལས་ཞིང་སྡེ་པུའུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། གུང་གཞོན་ཚོགས་པའི་ཀྲུང་དབྱང་སོགས་ཀྱིས་འགན་འཁྲིའི་ལས་བགོས་ལྟར་འགན་འཁུར་དགོས)

(གསུམ)རང་བདག་ལས་གཏོད་དང་བབ་བསྟུན་ལས་ཞུགས་ལ་རྒྱབ་སྐྱོར་བྱ་དགོས། དམངས་ཀྱིས་ལས་གཏོད་དང་ཀུན་གྱིས་གསར་སྐྲུན་བྱེད་པའི་འབྲེལ་ཡོད་སྲིད་ཇུས་དོན་འཁྱོལ་དང། མཐོ་རིམ་སློབ་གྲྭའི་གསར་སྐྲུན་ལས་གཏོད་ཀྱི་སློབ་གསོ་བཅོས་སྒྱུར་ཟབ་སྤེལ། སློབ་གསོའི་མ་ལག་དང་གསོ་སྐྱོང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། གསར་སྐྲུན་ལས་གཏོད་ཀྱི་གསོ་སྦྱོང་ཐོན་ཁུངས་སྤུས་ལེགས་གཅིག་སྡུད་བཅས་བྱས་ཏེ། མཐོ་སློབ་མཐར་ཕྱིན་སློབ་མར་ཁ་གཏད་རང་བཞིན་ལྡན་པའི་གསོ་སྦྱོང་སྤེལ་ནས། གཏན་འཁེལ་ལྟར་ལས་རིགས་གསོ་སྦྱོང་གི་ཁ་གསབ་སྤྲད་དགོས། མཐོ་སློབ་མཐར་ཕྱིན་སློབ་མའི་རང་བདག་ལས་གཏོད་ལ་རྒྱབ་སྐྱོར་བྱས་ཏེ། གཏན་འཁེལ་ལྟར་ཐེངས་གཅིག་རང་བཞིན་གྱི་ལས་གཏོད་ཁ་གསབ་དང། ལས་གཏོད་ཁག་ཐེག་དངུལ་བུན་དང་དེའི་སྐྱེད་ཀ་སྤྲོད་པ། ཁྲལ་གྲོན་ཆག་ཡང་དང་རྩ་ཆག་གཏོང་བ་སོགས་ཀྱི་སྲིད་ཇུས་སྤྲད་དགོས་པ་དང། སྲིད་གཞུང་གིས་མ་འཇོག་གསར་སྤེལ་བྱས་པའི་ལས་གཏོད་གཞི་རྟེན་གྱིས30%ཡས་མས་ཀྱི་ལས་ཡུལ་བཀོད་སྒྲིག་བྱས་ནས་མཐོ་སློབ་མཐར་ཕྱིན་སློབ་མའི་ལས་གཏོད་མཁན་ལ་རིན་མེད་ངང་མཁོ་འདོན་བྱ་དགོས། མཐོ་སློབ་མཐར་ཕྱིན་སློབ་མས་ཆེད་ལས་ཀྱི་ཁྱད་ཆོས་འདོན་སྤེལ་བྱས་ནས་སྐབས་བསྟུན་ལས་ཞུགས་བྱེད་པར་རྒྱབ་སྐྱོར་བྱས་ཏེ། མཐར་ཕྱིན་ལོ་འཁོར་དང་སློབ་གྲྭ་དང་ཁ་བྲལ་ནས་ལོ་གཉིས་ནང་ལས་ཀར་ཞུགས་མེད་ཅིང་སྐབས་བསྟུན་ལས་ཞུགས་ཐུབ་པའི་མཐོ་སློབ་མཐར་ཕྱིན་སློབ་མ་ལ། གཏན་འཁེལ་ལྟར་སྤྱི་ཚོགས་འགན་བཅོལ་གྱི་ཁ་གསབ་སྤྲད་དགོས། (རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང། སློབ་གསོ་པུའུ། ཚན་རྩལ་པུའུ། ནོར་སྲིད་པུའུ། མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་པུའུ། མི་དམངས་དངུལ་ཁང། ཁྲལ་དོན་སྤྱི་ཁྱབ་ཅུས། ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་སོགས་ཀྱིས་འགན་འཁྲིའི་ལས་བགོས་ལྟར་འགན་འཁུར་དགོས)

(བཞི)སྤྱི་པའི་སྡེ་ཁག་གི་ལས་རྐང་གཞི་ཁྱོན་བརྟན་པོ་ཡོང་བར་བྱ་དགོས། ད་ལོ་དང་སང་ལོ་ལོ་གཉིས་ཀྱི་ནང་ལས་ཁུངས་དང་ལས་དོན་སྡེ་ཚན་གྱིས་མཐོ་སློབ་མཐར་ཕྱིན་སློབ་མ་བསྡུ་བའི(གདན་ཞུ)གཞི་ཁྱོན་བསྟུད་མར་བརྟན་དུ་གཏང་དགོས། གཞི་རིམ་ཁྲིམས་དཔོན་དང་ཞིབ་དཔྱོད་དཔོན་གྱི་ལས་རོགས་ཚད་ལྡན་དང་སྟབས་བདེའི་བསྡུ་ལེན་རྐྱེན་སྲོལ་དོན་འཁྱོལ་གཏིང་ཟབ་བྱས་ཏེ། སྲིད་ཁྲིམས་ཆེད་ལས་མཐོ་སློབ་མཐར་ཕྱིན་སློབ་མ་གཞི་རིམ་གྱི་ཁྲིམས་འཛིན་ལས་ཁུངས་སུ་ལས་ཞུགས་བྱེད་པའི་ཐབས་ལམ་ཤར་གཏོང་བྱ་དགོས། རྒྱལ་ཁབ་ཀྱི་ཚན་རྩལ་འཆར་གཞི(ཆེད་དོན་དང་ཐེབས་རྩ་སོགས)སྒྲུབ་འགན་འཁུར་བའི་མཐོ་རིམ་སློབ་གྲྭ་དང། ཚན་ཞིབ་ཁང། ཁེ་ལས་བཅས་ཀྱིས་ཚན་ཞིབ་ལས་རོགས་པའི་ལས་རྐང་གཞི་ཁྱོན་རྒྱ་སྐྱེད་གཏོང་བར་རྒྱབ་སྐྱོར་བྱ་དགོས། པྲོག་གསར་གློ་ཚད་རིམས་བབ་ཀྱི་ཤུགས་རྐྱེན་དང་མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་དགོས་མཁོར་བསམ་གཞིགས་གང་ལེགས་བྱས་ཏེ། སྤྱི་པའི་སྡེ་ཁག་གི་བསྡུ་ལེན(གདན་ཞུ)དང་འབྲེལ་ཡོད་ལས་རིགས་ཐོབ་ཐང་རྒྱུགས་ལེན་དུས་ཚོད་བཀོད་སྒྲིག་ལུགས་མཐུན་བྱ་དགོས། རིམས་བབ་ཀྱི་ཤུགས་རྐྱེན་ཚབས་ཆེན་ཕོག་པའི་ས་ཁུལ་དུ། 2022ལོའི་ཟླ12ཚེས31ཉིན་གྱི་སྔོན་ལ་སློབ་གྲྭ་འབྲིང་ཆུང་དང། བྱིས་སྐྱོང་གླིང། འབྲིང་རིམ་ལས་རིགས་སློབ་གྲྭ་བཅས་ཀྱི་དགེ་རྒན་གྱི་ཐོབ་ཐང་ཐད“སྔོན་ལ་ལས་ཞུགས་དང་དེ་ནས་རྒྱུགས་སྤྲད་ཆོག་པའི”དུས་མཚམས་རང་བཞིན་གྱི་བྱེད་ཐབས་ལག་བསྟར་བྱེད་ཆོག(ཀྲུང་དབྱང་རྩ་འཛུགས་པུའུ་དང། ཆེས་མཐོའི་མི་དམངས་ཁྲིམས་ཁང། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང། སློབ་གསོ་པུའུ། ཚན་རྩལ་པུའུ། མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་པུའུ་སོགས་ཀྱིས་འགན་འཁྲིའི་ལས་བགོས་ལྟར་འགན་འཁུར་དགོས)

གཉིས། རྒྱུན་ཆད་མེད་པར་ལས་ཞུགས་ཞབས་ཕྱིར་ཤུགས་བསྣན་དགོས།

(ལྔ)གནད་ལ་འཁེལ་བའི་སྒོས་ནས་དཀའ་ངལ་ཡོད་པར་རོགས་སྐྱོར་བྱ་དགོས། ངལ་རྩོལ་ནུས་ཤུགས་དང་ལས་ཞུགས་བྱེད་འདོད་ཡོད་པའི་དབུལ་ཐར་ཁྱིམ་ཚང་དང། མ་མཐའི་འཚོ་བ་འགན་ལེན་གྱི་ཁྱིམ་ཚང། ལས་ཞུགས་མེད་པའི་ཁྱིམ་ཚང་གི་མཐོ་སློབ་མཐར་ཕྱིན་སློབ་མ་བཅས་དང། དེ་བཞིན་དབང་པོ་སྐྱོན་ཅན་གྱི་མཐོ་སློབ་མཐར་ཕྱིན་སློབ་མ་དང་ཡུན་རིང་ལས་ཤོར་གྱི་མཐོ་སློབ་མཐར་ཕྱིན་སློབ་མ་བཅས་ལས་ཞུགས་རོགས་སྐྱོར་བྱ་ཡུལ་གཙོ་བོར་བརྩིས་ནས། “མི་རེར་ཡིག་ཚགས་རེ”དང“མི་རེར་ཐབས་ཇུས་རེ”ཡི་གནད་འཁེལ་ཞབས་ཕྱི་འདོན་སྤྲོད་བྱས་ཏེ། མི་རེར་ཉུང་མཐར་ཡང་དམིགས་གཏད་རང་བཞིན་གྱི་ལས་རྐང་ཆ་འཕྲིན3ནས5འདོན་སྤྲོད་བྱེད་པ་དང། ལས་རིགས་གསོ་སྦྱོང་དང་ལས་ཞུགས་དངོས་སྦྱོང་ཐད་སྔོན་ལ་རྩ་འཛུགས་བྱས་ཏེ་ཞུགས་དགོས་ལ། དུས་ཐོག་ཏུ་ཐེངས་གཅིག་རང་བཞིན་གྱི་ལས་འཚོལ་ལས་གཏོད་ཀྱི་ཁ་གསབ་སྤྲད་ནས་ཐབས་བརྒྱ་ཇུས་སྟོང་གིས་དེས་ལས་ཞུགས་ལས་གཏོད་བྱེད་པར་སྐུལ་འདེད་གཏང་དགོས། ཁྲོམ་རའི་ཐབས་ལམ་བརྒྱུད་དངོས་གནས་ལས་ཞུགས་བྱེད་དཀའ་བའི་དཀའ་ངལ་ཡོད་པའི་མཐོ་སློབ་མཐར་ཕྱིན་སློབ་མར། སྤྱི་ཕན་རང་བཞིན་གྱི་ལས་རྐང་གིས་མཐའ་སྐྱོང་བཀོད་སྒྲིག་བྱེད་ཆོག “ཀྲུང་དབྱང་གི་ཆེད་དོན་རྒྱན་ཤོག་སྤྱི་ཕན་ཅིན་ཧུང་ཀྲི་མཁའ་འགྲུལ་རོགས་སྐྱོར་འཆར་གཞི”ལག་བསྟར་བྱས་ནས། དཀའ་ངལ་ཡོད་པའི་མཐོ་སློབ་མཐར་ཕྱིན་སློབ་མར་ལས་ཞུགས་ནུས་པ་གསོ་སྦྱོང་བྱ་དགོས། གུང་གཞོན་ཚོགས་པས་སློབ་ཆེན་སློབ་མའི་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་འགུལ་སྐྱོད་ལག་བསྟར་བྱས་ཏེ། ཡོང་འབབ་དམའ་བའི་ཁྱིམ་ཚང་གི་མཐོ་སློབ་མཐར་ཕྱིན་སློབ་མར་ཁ་ཕྱོགས་ཏེ་ལས་ཞུགས་ཆ་སྒྲིག་རོགས་སྐྱོར་བྱ་དགོས། ཆ་རྐྱེན་དང་མཐུན་པའི་མཐོ་སློབ་མཐར་ཕྱིན་སློབ་མ་དུས་ཐོག་ཏུ་གནས་སྐབས་རོགས་སྐྱོབ་སོགས་སྤྱི་ཚོགས་ཀྱི་རོགས་སྐྱོབ་ཁྱབ་ཁོངས་སུ་འཇུག་དགོས། རྒྱལ་ཁབ་ཀྱི་སློབ་ཞུགས་དངུལ་བུན་དུས་འགྱངས་ཀྱིས་དངུལ་བུན་འཇལ་བ་དང་སྐྱེད་ཀ་ཆག་ཡང་དང་རྩ་ཆག་གཏོང་བ་སོགས་ཀྱི་རྒྱབ་སྐྱོར་བྱེད་ཐབས་ལག་བསྟར་བྱ་དགོས་ཤིང། དུས་འགྱངས་བྱེད་རིང་སྐྱེད་ཀ་འདུས་མ་མི་བརྩི་བ་དང། དངུལ་ཆད་དེའི་སྐྱེད་ཀ་མི་བསྡུ་བ། དུས་བཀག་གི་ཟིན་ཐོར་མི་བརྩི་བ་བཅས་བྱ་དགོས། (སློབ་གསོ་པུའུ་དང། དམངས་སྲིད་པུའུ། ནོར་སྲིད་པུའུ། མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་པུའུ། མི་དམངས་དངུལ་ཁང། གུང་གཞོན་ཚོགས་པའི་ཀྲུང་དབྱང། ཀྲུང་གོ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས། གསར་སྤེལ་དངུལ་ཁང་སོགས་ཀྱིས་འགན་འཁྲིའི་ལས་བགོས་ལྟར་འགན་འཁུར་དགོས)

(དྲུག)གདན་ཞུའི་ཞབས་ཕྱི་ལེགས་སུ་གཏང་དགོས། སྤྱི་པའི་ལས་ཞུགས་ཞབས་ཕྱི་སློབ་གྲྭར་སྤེལ་བར་སྐུལ་འདེད་བཏང་ནས། སྤྱི་པའི་ལས་ཞུགས་གདན་ཞུའི་ལས་སྟེགས་དང་མཐོ་རིམ་སློབ་རའི་དྲ་བའི་གདན་ཞུའི་ཆ་འཕྲིན་མཉམ་སྤྱོད་རིམ་བཞིན་མངོན་འགྱུར་བྱ་དགོས། མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་རྐང་གཅིག་ཏུ་བསྡུ་བའི་རྐྱེན་སྲོལ་བཙུགས་ནས། ལས་ཁུངས་དང་ལས་དོན་སྡེ་ཚན། ཁེ་ལས་སྣ་ཚོགས། ལས་གཞི་གལ་ཆེན་སོགས་མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་རྐང་གི་དགོས་མཁོའི་འཆར་གཞི་རྒྱ་ཁྱབ་ཏུ་བསྡུ་རུབ་བྱས་ཏེ། སྤྱི་ཚོགས་ལ་གཅིག་བསྡུས་ཀྱིས་ཁྱབ་བསྒྲགས་བྱེད་པར་མ་ཟད་འགུལ་རྣམ་ལྟར་གསར་སྒྱུར་ཡང་བྱ་དགོས། དབང་གྲགས་ལྡན་ཞིང་ཀུན་གྱིས་ཡིད་ཆེས་བྱེད་པའི་མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་ཞབས་ཕྱིའི་ལས་སྟེགས་བསྐྲུན་ནས། དྲ་ཐོག་དང་དྲ་ཕྱིའི་ཆེད་དོན་གདན་ཞུའི་ཞབས་ཕྱི་སྒྲིག་འཛུགས་གཅིག་སྡུད་བྱས་ཏེ། རྒྱལ་ཁབ་ཀྱི་སློབ་ཆེན་སློབ་མའི་ལས་ཞུགས་ཞབས་ཕྱིའི་ལས་སྟེགས24365དང། ཉིན་བརྒྱར་དྲ་ཐོག་ནས་ལས་ཞུགས་ལས་རྐང་ཁྲི་སྟོང་མང་པོ་གདན་ཞུ། “སློབ་གྲྭ་སྟོང་ཕྲག་དང་ལས་རྐང་ཁྲི་ཕྲག” ཁེ་ལས་འབྲིང་ཆུང་གིས་དྲ་ཐོག་ནས་ཉིན་བརྒྱར་གདན་ཞུ་བྱེད་པ་སོགས་ཀྱི་གདན་ཞུའི་ལས་སྟེགས་དང་བྱེད་སྒོའི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏང་དགོས། ཞབས་ཕྱིའི་ལས་ཁུངས་དང་མི་བཀོལ་སྡེ་ཚན་སློབ་རའི་ནང་དུ་སོང་ནས་གདན་ཞུ་བྱེད་པར་ཧུར་ཐག་གིས་སྒྲིག་འཛུགས་བྱ་དགོས། (སློབ་གསོ་པུའུ་དང། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན། གུང་གཞོན་ཚོགས་པའི་ཀྲུང་དབྱང། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སོགས་ཀྱིས་འགན་འཁྲིའི་ལས་བགོས་ལྟར་འགན་འཁུར་དགོས)

(བདུན)ལས་ཞུགས་མཛུབ་སྟོན་ལ་ཤུགས་བསྣན་དགོས། མཐོ་སློབ་མཐར་ཕྱིན་སློབ་མའི་འཚོ་བའི་འཆར་འགོད་དང་ལས་ཞུགས་མཛུབ་སྟོན་མ་ལག་འཐུས་ཚང་དུ་གཏོང་བ་དང། ལས་ཞུགས་མི་སྣ་གསོ་སྐྱོང་གི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་ནས། མཐོ་སློབ་མཐར་ཕྱིན་སློབ་མས་ཡང་དག་པའི་ལས་རིགས་ལྟ་བ་དང། ལས་ཞུགས་ལྟ་བ། ལས་འདེམས་ལྟ་བ་བཅས་འཛུགས་རྒྱུར་ཁྲིད་སྟོན་བྱ་དགོས། གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་བྱ་རྒྱུར་གཙིགས་སུ་བཟུང་སྟེ། རྣམ་པ་སྣ་ཚོགས་ཀྱི་ལད་ཟློས་དངོས་སྦྱོང་དང་ལས་རིགས་ཉམས་ལེན་སོགས་ལག་ལེན་སློབ་ཁྲིད་སྤེལ་བ་དང། མཐོ་སློབ་མཐར་ཕྱིན་སློབ་མ་རྩ་འཛུགས་བྱས་ནས་མི་ཤུགས་ཐོན་ཁུངས་ཀྱི་ཁྲོམ་རར་བསྐྱོད་པ། ལས་རིགས་ཀྱི་ནུས་པའི་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་ནང་ཞུགས་པ། ལས་ཡུལ་དངོས་ཀྱི་མཛུབ་ཁྲིད་དང་ལེན་བཅས་བྱ་དགོས། མཐོ་སློབ་ཀྱིས་བསྡུར་ཚད་ངེས་ཅན་ལྟར་ལས་ཞུགས་མཛུབ་ཁྲིད་དགེ་རྒན་བཀོད་སྒྲིག་ཡག་པོ་བྱེད་པ་དང། ལས་ཞུགས་མཛུབ་ཁྲིད་དགེ་རྒན་འབྲེལ་ཡོད་འོས་ཐོབ་ཞིབ་དཔྱད་ནང་ཞུགས་ཆོག་པར་བྱ་དགོས། སློབ་ཆེན་སློབ་མའི་ལས་ཞུགས་མཛུབ་ཁྲིད་དགེ་རྒན་གྲགས་ཅན་དང་ལས་རིགས་མཛུབ་ཁྲིད་དགེ་རྒན་ཕུལ་བྱུང། ལས་ཞུགས་མཛུབ་སྟོན་བསླབ་ཚན་དང་སློབ་དེབ་ཕུལ་བྱུང་བཅས་ཁག་ཅིག་གཏོད་དགོས། རྒྱལ་ཡོངས་ཀྱི་སློབ་ཆེན་སློབ་མའི་ལས་རིགས་འཆར་འགོད་འགྲན་བསྡུར་ཆེན་མོ་སྤེལ་ནས་སློབ་ཆེན་སློབ་མའི་འཚོ་བའི་འཆར་འགོད་འདུ་ཤེས་ཟབ་ཏུ་བཏང་སྟེ། མཛུབ་སྟོན་ལས་ལས་ཞུགས་གྲ་སྒྲིག་སྔ་ཙམ་ནས་ལེགས་པོར་བྱ་ཐུབ་དགོས། (སློབ་གསོ་པུའུ་དང། མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་པུའུ། གུང་གཞོན་ཚོགས་པའི་ཀྲུང་དབྱང་སོགས་ཀྱིས་འགན་འཁྲིའི་ལས་བགོས་ལྟར་འགན་འཁུར་དགོས)

(བརྒྱད)མིང་དངོས་ཀྱི་ཞབས་ཕྱི་དོན་འཁྱོལ་བྱ་དགོས། སློབ་གྲྭ་ནས་ཁ་བྲལ་ཡང་ལས་ཀར་ཞུགས་མེད་པའི་མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་བའི་འཆར་གཞི་ལག་བསྟར་གཏིང་ཟབ་བྱེད་པ་དང། སློབ་གསོ་དང་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་སློབ་གྲྭ་ནས་ཁ་བྲལ་བའི་སྔ་རྗེས་ཀྱི་ཆ་འཕྲིན་སྦྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་སྟེ། མིང་དངོས་འགོད་པའི་ཞབས་ཕྱི་རྒྱུན་མཐུད་ངང་དོན་འཁྱོལ་བྱ་དགོས། དྲ་ཐོག་གི་ལས་ཤོར་ཐོ་འགོད་དང། ལས་འཚོལ་ཐོ་འགོད་ཀྱི་གོ་རིམ་ཆུང་བ། གཞི་རིམ་གྱི་གྲལ་བཤེར་སོགས་ཐབས་ལམ་སྣ་ཚོགས་སྤྱད་དེ། ལས་ཞུགས་བྱེད་འདོད་ཡོད་པའི་སློབ་གྲྭ་ནས་ཁ་བྲལ་ཡང་ལས་ཀར་ཞུགས་མེད་པའི་མཐོ་སློབ་མཐར་ཕྱིན་སློབ་མ་དང་ཡོངས་ཁྱབ་ཏུ་འབྲེལ་བ་བྱས་ཏེ། མི་རེར་ལས་རིགས་མཛུབ་སྟོན་ཐེངས1དང། ལས་རྐང་འོས་སྦྱོར་ཐེངས3། ལས་རིགས་གསོ་སྦྱོང་ངམ་ལས་ཞུགས་དངོས་སྦྱོང་གི་གོ་སྐབས་ཐེངས1བཅས་རིན་མེད་ངང་འདོན་སྤྲོད་བྱ་དགོས། (མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་པུའུ་ཡིས་སྣེ་འཁྲིད་པ་དང། སློབ་གསོ་པུའུ་སོགས་ཀྱིས་འགན་འཁྲིའི་ལས་བགོས་ལྟར་འགན་འཁུར་དགོས)

(དགུ)ལས་ཞུགས་ཁེ་དབང་ལ་སྲུང་སྐྱོང་བྱ་དགོས། འདྲ་མཉམ་ལས་ཞུགས་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས་དྲིལ་བསྒྲགས་བྱས་ཏེ། ཕོ་མོ་དང་ལོ་ཚོད། བསླབ་རིམ་སོགས་ཀྱི་ལས་ཞུགས་ལ་མཐོང་ཆུང་བྱེད་པར་མཐའ་གཅིག་ཏུ་སྔོན་འགོག་དང་ཡོ་བསྲང་བྱེད་པ་དང། “ལས་རྐང་ངོ་སྤྲོད་ནག་པོ”དང། གདན་ཞུ་རྫུན་མ་བྱེད་པ། ལོ་རྒྱུས་མདོར་བསྡུས་འཚོང་བ་སོགས་ཁྲིམས་འགལ་ཉེས་གསོག་གི་བྱེད་སྒོར་ཁྲིམས་ལྟར་རྡུང་རྡེག་བཏང་ནས། རིན་སྤྲོད་དངོས་སྦྱོང་དང། ཚོད་ལྟའི་བཀོལ་སྤྱོད་བྱེད་ཡུན་གང་བྱུང་དུ་སྤྱོད་པ། ཚོད་ལྟའི་དུས་ཀྱི་གླ་ཆ་འགྱངས་ཆད་སོགས་སྒྲིག་འགལ་བྱ་སྤྱོད་མཐའ་གཅིག་ཏུ་བཅོས་སྐྱོང་བྱ་དགོས། མི་བཀོལ་སྡེ་ཚན་དང་མཐོ་སློབ་མཐར་ཕྱིན་སློབ་མས་ངལ་རྩོལ(གདན་ཞུ)གན་རྒྱའམ་ལས་ཞུགས་གྲོས་མཐུན་ཡི་གེ་འཇོག་རྒྱུར་སྐུལ་འདེད་བྱས་ནས། ཕྱོགས་གཉིས་པོའི་དབང་ཆ་དང་འོས་འགན། ཁ་ཆད་དང་འགལ་བའི་འགན་འཁྲི། ཐག་གཅོད་བྱེད་སྟངས་བཅས་ཁ་གསལ་བཟོས་ཏེ། མཐོ་སློབ་མཐར་ཕྱིན་སློབ་མའི་ཁྲིམས་མཐུན་ལས་ཞུགས་ཁེ་དབང་སྲུང་སྐྱོང་བྱ་དགོས། ལས་ཞུགས་ལ་མཐོང་ཆུང་དང་མགོ་སྐོར་གཏོང་བ་སོགས་ཀྱི་གནད་དོན་ཡོད་པའི་མི་བཀོལ་སྡེ་ཚན་ཡོད་ན། མཐོ་སློབ་མཐར་ཕྱིན་སློབ་མར་དུས་ཐོག་ཏུ་དྲན་སྐུལ་ཉེན་བརྡ་གཏང་དགོས། (སློབ་གསོ་པུའུ་དང། སྤྱི་བདེ་པུའུ། མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་པུའུ། ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་ཀྱིས་འགན་འཁྲིའི་ལས་བགོས་ལྟར་འགན་འཁུར་དགོས)

གསུམ། ལས་ཀ་འཚོལ་ཞིང་ལས་ཀར་ཞུགས་པའི་འགྲོ་ལུགས་སྟབས་བདེ་དང་ལེགས་སྒྱུར་བྱ་དགོས།

(བཅུ)ལས་ཞུགས་འབྱོར་ཐོ་འགོད་པའི་ལག་ཁྱེར་སྟེར་བ་བརྟན་ཞིང་གོ་རིམ་ལྡན་པའི་སྒོ་ནས་མེད་པར་བཟོ་རྒྱུར་སྐུལ་འདེད་གཏང་དགོས། 2023ལོ་ནས་བཟུང། ォརྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མའི་དངོས་གཞི་དང་ཆེད་སྦྱོང་ཚན་ཁག་གི་མཐར་ཕྱིན་སློབ་མའི་ལས་ཞུགས་འབྱོར་ཐོ་འགོད་པའི་ལག་ཁྱེརサདངォརྒྱལ་ཡོངས་ཀྱི་མཐར་ཕྱིན་ཞིབ་འཇུག་སློབ་མའི་ལས་ཞུགས་འབྱོར་ཐོ་འགོད་པའི་ལག་ཁྱེརサ(གཤམ་དུ་ལས་ཞུགས་འབྱོར་ཐོ་འགོད་པའི་ལག་ཁྱེར་ཞེས་བསྡུས)མི་སྤྲོད་པ་དང། ལས་ཞུགས་འབྱོར་ཐོ་འགོད་པའི་ལག་ཁྱེར་གསབ་སྤྲོད་དང། མངགས་སྒྱུར་འགྲོ་ལུགས་མེད་པར་བཟོ་དགོས་ཤིང། ལས་ཞུགས་འབྱོར་ཐོ་འགོད་པའི་ལག་ཁྱེར་དེ་མཐོ་སློབ་མཐར་ཕྱིན་སློབ་མ་གདན་ཞུ་སྡུད་བཀོལ་དང་ཐེམ་ཐོ་བསྐོར་བ། ཡིག་ཚགས་ལེན་པའི་བརྒྱུད་སྤྲོད་སོགས་ཀྱི་འགྲོ་ལུགས་སྒྲུབ་པའི་ངེས་མཁོའི་རྒྱུ་ཆ་རུ་མི་བརྩི།(ཀྲུང་དབྱང་རྩ་འཛུགས་པུའུ་དང། སློབ་གསོ་པུའུ། སྤྱི་བདེ་པུའུ། མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་པུའུ་སོགས་ཀྱིས་འགན་འཁྲིའི་ལས་བགོས་ལྟར་འགན་འཁུར་དགོས)

(བཅུ་གཅིག)ལས་ཀ་འཚོལ་ཞིང་ལས་ཀར་ཞུགས་པའི་སྟབས་བདེ་བསྐྲུན་དགོས། མཐོ་སློབ་མཐར་ཕྱིན་སློབ་མ་སློབ་གྲྭ་ནས་མ་ཐོན་གོང་སྤྱི་པའི་ལས་ཞུགས་ཤེས་ལྡན་མི་སྣའི་ཞབས་ཕྱིའི་ལས་ཁུངས་ཀྱིས་ལས་ཞུགས་གྲོས་མཐུན་ཡི་གེའི་ཐོག་མིང་རྟགས་འགོད་པའི་ལྷུ་ཚིགས་མེད་པར་བཟོ་བ་དང། མཐོ་སློབ་མཐར་ཕྱིན་སློབ་མ་སློབ་གྲྭ་ནས་ཐོན་རྗེས་སྤྱི་པའི་ལས་ཞུགས་ཤེས་ལྡན་མི་སྣའི་ཞབས་ཕྱིའི་ལས་ཁུངས་སུ་འབྱོར་ཐོ་འགོད་པའི་འགྲོ་ལུགས་བསྒྲུབ་རྒྱུ་མེད་པར་བཟོ་དགོས། ལོ་དེའི་མཐོ་སློབ་མཐར་ཕྱིན་སློབ་མས་མཐོ་རིམ་སློབ་གསོ་དཀྱུས་མའི་བསླབ་རིམ་ལག་ཁྱེར་དང་མི་བཀོལ་སྡེ་ཚན་བར་གྱི་ངལ་རྩོལ(གདན་ཞུ)གན་རྒྱའམ་ལས་ཞུགས་གྲོས་མཐུན་ཡིག་ཆར་བརྟེན་ནས་ལས་ཞུགས་གནས་ཡུལ་དུ་གཞིས་ཆགས་འགྲོ་ལུགས་སྒྲུབ་ཆོག(གྲོང་ཁྱེར་ཆེས་ཆེ་གྲས་ཀྱིས་ད་ཡོད་ཀྱི་གཏན་འཁེལ་ལྟར་ལག་བསྟར་བྱ་དགོས)མཐོ་རིམ་སློབ་གསོ་དཀྱུས་མའི་བསླབ་རིམ་ལག་ཁྱེར་ལ་བརྟེན་ནས་དེ་སྔའི་ཐེམ་ཐོ་གནས་སར་གཞིས་ཆགས་འགྲོ་ལུགས་སྒྲུབ་ཆོག སློབ་གསོའི་སྡེ་ཁག་གིས་མཐོ་སློབ་མཐར་ཕྱིན་སློབ་མས་དྲ་ཐོག་གན་རྒྱ་འཇོག་པའི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས། མི་བཀོལ་སྡེ་ཚན་དང་མཐོ་སློབ་མཐར་ཕྱིན་སློབ་མའི་དབར་དྲ་ཐོག་གན་རྒྱ་འཇོག་རྒྱུར་སྟབས་བདེ་བསྐྲུན་ཞིང། རིམས་བབ་ཀྱི་ཤུགས་རྐྱེན་ཐེབས་པའི་ས་ཁུལ་གྱི་མི་བཀོལ་སྡེ་ཚན་དང་མཐོ་སློབ་མཐར་ཕྱིན་སློབ་མའི་དབར་དྲ་ཐོག་གན་རྒྱ་འཇོག་རྒྱུར་སྐུལ་མ་གཏང་དགོས། སློབ་གྲྭ་ནས་ཁ་བྲལ་རྒྱུ་ནར་འགྱངས་བྱས་པའི་ལོ་དེའི་མཐོ་སློབ་མཐར་ཕྱིན་སློབ་མར་འབྱོར་ཐོ་འགོད་པ་དང། ཡིག་ཚགས་བརྒྱུད་སྤྲོད། གཞིས་ཆགས་འགྲོ་ལུགས་བསྒྲུབ་པ་བཅས་ཀྱི་དུས་བཀག་དེ་མཚུངས་ཀྱིས་རིང་དུ་གཏང་དགོས། (སློབ་གསོ་པུའུ་དང། སྤྱི་བདེ་པུའུ། མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་པུའུ་སོགས་ཀྱིས་འགན་འཁྲིའི་ལས་བགོས་ལྟར་འགན་འཁུར་དགོས)

(བཅུ་གཉིས)ཡིག་ཚགས་ཧུར་བརྩོན་དང་བརྟན་བརླིང་ངང་བརྒྱུད་སྤྲོད་བྱ་དགོས། མཐོ་སློབ་ཀྱིས་མཐར་ཕྱིན་སློབ་མའི་ཐོ་འགོད་རེའུ་མིག་དང་རྒྱུགས་འབྲས་རེའུ་མིག་སོགས་དཔྱད་ཡིག་གལ་ཆེན་དག་དུས་ཐོག་ཏུ་སློབ་མའི་ཡིག་ཚགས་ནང་བཅུག་ནས། འབྲེལ་ཡོད་གཏན་འཁེལ་གཞིར་བཟུང་སྟེ་གོ་རིམ་ལྡན་པའི་ངང་བརྒྱུད་སྤྲོད་བྱ་དགོས། ལས་ཁུངས་དང་རྒྱལ་དབང་ཁེ་ལས་དང་ལས་དོན་སྡེ་ཚན་དུ་ལས་ཀར་ཞུགས་པའམ་ཕྱོགས་ངེས་སློབ་མ་བསྡུས་ནས་ལས་ཀར་ཞུགས་པའི་རིགས་ལ་ལས་ཞུགས་སྡེ་ཚན་ནམ་ཕྱོགས་ངེས་སྡེ་ཚན་ལ་བརྒྱུད་སྤྲོད་བྱ་དགོས། གཞུང་ཁོངས་མིན་པའི་སྡེ་ཚན་དུ་ལས་ཀར་ཞུགས་པའི་རིགས་ལ་ལས་ཞུགས་གནས་ཡུལ་ལམ་ཐེམ་ཐོ་གནས་སའི་སྤྱི་པའི་ལས་ཞུགས་ཤེས་ལྡན་མི་སྣའི་ཞབས་ཕྱིའི་ལས་ཁུངས་ལ་བརྒྱུད་སྤྲོད་བྱ་དགོས། གནས་སྐབས་ལས་ཀར་ཞུགས་མེད་པའི་རིགས་ལ་ཐེམ་ཐོ་གནས་སའི་སྤྱི་པའི་ལས་ཞུགས་ཤེས་ལྡན་མི་སྣའི་ཞབས་ཕྱིའི་ལས་ཁུངས་ལ་བརྒྱུད་སྤྲོད་བྱ་དགོས། ཡིག་ཚགས་གསང་འབྲེལ་ཡིན་པའི་རིགས་ལ་གསང་གནད་འཕྲིན་སྐྱེལ་ལམ་ཆེད་བསྐོས་མི་སྣ་མངགས་ནས་བརྒྱུད་སྤྲོད་བྱ་དགོས། སྤྱི་པའི་ལས་ཞུགས་ཤེས་ལྡན་མི་སྣའི་ཞབས་ཕྱིའི་ལས་ཁུངས་ཀྱིས་རང་འགུལ་ངང་མཐོ་སློབ་དང་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། ལས་ཁུངས་ཀྱི་ཞབས་ཕྱིའི་ཆ་འཕྲིན་འགུལ་རྣམ་ལྟར་གསར་སྒྱུར་དང། ཡིག་ཚགས་སྲིད་ཇུས་དྲིལ་བསྒྲགས་ཞབས་ཕྱི་སློབ་གྲྭར་སྤེལ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས། བརྒྱུད་སྤྲོད་གཏན་འཁེལ་དང་མཐུན་པའི་སློབ་མའི་ཡིག་ཚགས་དུས་ཐོག་ཏུ་བསྡུ་ལེན་བྱ་དགོས། ཡིག་ཚགས་དོ་དམ་སྡེ་ཁག་གིས་དུས་ཐོག་ཏུ་སྤྱི་ཚོགས་ལ་ཞབས་ཕྱིའི་ལས་ཁུངས་ཀྱི་མིང་ཐོ་དང་འབྲེལ་གཏུག་བྱེད་སྟངས་ཁྱབ་བསྒྲགས་བྱ་དགོས། (ཀྲུང་དབྱང་རྩ་འཛུགས་པུའུ་དང། སློབ་གསོ་པུའུ། མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་པུའུ། རྒྱལ་ཁབ་སྦྲག་སྲིད་ཅུས་སོགས་ཀྱིས་འགན་འཁྲིའི་ལས་བགོས་ལྟར་འགན་འཁུར་དགོས)

(བཅུ་གསུམ)མཐར་ཕྱིན་རྗེས་ཀྱི་འགྲོ་ཡུལ་ཐོ་འགོད་འཐུས་ཚང་དུ་གཏང་དགོས། 2023ལོ་ནས་བཟུང་སློབ་གསོ་སྡེ་ཁག་གིས་མཐོ་སློབ་མཐར་ཕྱིན་སློབ་མ་འགྲོ་ཡུལ་གྱི་ཐོ་འགོད་ལམ་ལུགས་བཙུགས་ནས། མཐོ་སློབ་མཐར་ཕྱིན་སློབ་མ་སློབ་གྲྭ་ནས་ཁ་བྲལ་སྐབས་འགྲོ་ལུགས་སྒྲུབ་པའི་དགོས་ངེས་ཀྱི་ལྷུ་ཚིགས་ཤིག་ཏུ་བརྩི་དགོས། མཐོ་སློབ་ཀྱིས་མཐར་ཕྱིན་སློབ་མ(སློབ་མཇུག་སྒྲིལ་བའི་སློབ་མ་ཚུད་པ)མཐར་ཕྱིན་རྗེས་འགྲོ་ཡུལ་གྱི་ཐོ་འགོད་དུས་ཐོག་ཏུ་ལེགས་སྒྲུབ་བྱེད་དགོས་པར་མཛུབ་སྟོན་བྱེད་པ་དང། ཆ་འཕྲིན་ཞིབ་དཔྱད་བྱས་རྗེས་ཞིང་ཆེན་རིམ་པའི་སློབ་གསོ་སྡེ་ཁག་ལ་དུས་ཐོག་ཏུ་ཞུ་ཐེབས་དབུལ་དགོས། ཕྱོགས་ངེས་སློབ་མ་སྡུད་པའི་ལས་ཞུགས་བྱེད་ཐབས་ལག་ལེན་བསྟར་བའི་མཐོ་སློབ་མཐར་ཕྱིན་སློབ་མར། ཞིང་ཆེན་རིམ་པའི་སློབ་གསོ་སྡེ་ཁག་དང་མཐོ་སློབ་ཀྱིས་དེ་དག་གིས་ཕྱོགས་ངེས་གྲོས་མཐུན་ལ་གཞིགས་ནས་ལས་ཀར་ཞུགས་པ་དང་འབྲེལ་འགྲོ་ཡུལ་གྱི་ཆ་འཕྲིན་ཐོ་འགོད་བྱེད་པར་མཛུབ་སྟོན་བྱ་དགོས། མཐོ་སློབ་མཐར་ཕྱིན་སློབ་མ་ཐེམ་ཐོ་དང་ཡིག་ཚགས་བསྡུ་ལེན་དོ་དམ་སྡེ་ཁག་ཏུ་སོང་ནས་འབྲེལ་ཡོད་འགྲོ་ལུགས་སྒྲུབ་སྐབས། སློབ་གསོ་སྡེ་ཁག་གིས་འབྲེལ་ཡོད་སྡེ་ཁག་གི་དགོས་མཁོ་དང་མཐར་ཕྱིན་སློབ་མ་རང་ཉིད་ཀྱི་ཆོག་དབང་ལྟར། མཐར་ཕྱིན་སློབ་མ་སློབ་གྲྭ་ནས་ཁ་བྲལ་སྐབས་དེ་མཚུངས་ཀྱི་འགྲོ་ཡུལ་ཐོ་འགོད་ཆ་འཕྲིན་ལ་འདྲི་རྩདདང་བཤེར་བརྟག་བྱེད་པའི་ཞབས་ཕྱི་མཁོ་འདོན་བྱ་དགོས། (སློབ་གསོ་པུའུ་དང། མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་པུའུ་སོགས་ཀྱིས་འགན་འཁྲིའི་ལས་བགོས་ལྟར་འགན་འཁུར་དགོས)

(བཅུ་བཞི)ལུས་པོར་བརྟག་དཔྱད་བྱས་འབྲས་ཕན་ཚུན་ཁས་ལེན་བྱེད་པར་སྐུལ་འདེད་གཏང་དགོས། མི་བཀོལ་སྡེ་ཚན་གྱིས་ལས་རྐང་གི་དོན་དངོས་ལ་གཞིགས་ནས། ལས་ཞུགས་ཀྱི་ལུས་པོར་བརྟག་དཔྱད་བྱེད་པའི་རྣམ་གྲངས་ལུགས་མཐུན་ངང་གཏན་འཁེལ་བྱེད་པར་མཛུབ་སྟོན་བྱེད་པ་དང། མཆིན་ནད་ལྡེམ་བུ་དང་སྦྲུམ་མར་བརྟག་དཔྱད་སོགས་ཁྲིམས་འགལ་སྒྲིག་འགལ་ངང་ཞིབ་དཔྱད་ཚད་ལེན་བྱེད་མི་ཆོག ཕྱི་ནད་ཚན་ཁག་དང། ཁོང་ནད་ཚན་ཁག བྲང་པརXསོགས་གཞི་རྩའི་བདེ་ཐང་བརྟག་དཔྱད་རྣམ་གྲངས་ཐད། མཐོ་སློབ་མཐར་ཕྱིན་སློབ་མས་ཉེ་བའི་ཟླ6ནང་སྒྲིག་སྲོལ་དང་མཐུན་པའི་སྨན་བཅོས་ལས་ཁུངས་སུ་ལུས་པོར་བརྟག་དཔྱད་བྱས་པའི་རིགས་ལ། མི་བཀོལ་སྡེ་ཚན་གྱིས་དེའི་མཇུག་འབྲས་ཁས་ལེན་བྱ་དགོས་པ་དང། རྩ་དོན་ཐོག་ལུས་པོར་བརྟག་དཔྱད་བསྐྱར་མ་བྱེད་དགོས་པའི་བླང་བྱ་འདོན་མི་ཆོག་ལ། བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འཁེལ་གཞན་དག་ཡོད་ན་དེའི་གཏན་འཁེལ་ལྟར་ལག་བསྟར་བྱ་དགོས། མི་བཀོལ་སྡེ་ཚན་ནམ་མཐོ་སློབ་མཐར་ཕྱིན་སློབ་མས་ལུས་པོར་བརྟག་དཔྱད་བྱས་འབྲས་ལ་དོགས་པ་ཡོད་ཚེ། གྲོས་མོལ་བྱས་པ་བརྒྱུད་དེ་བསྐྱར་ཞིབ་དང་གསབ་བཤེར་བྱེད་དགོས་པའི་རེ་བ་འདོན་ཆོག མཐོ་སློབ་ཀྱིས་མཐར་ཕྱིན་གྱི་ལུས་པོར་བརྟག་དཔྱད་བྱ་རྒྱུར་སྒྲིག་འཛུགས་བྱ་མི་དགོས། (སློབ་གསོ་པུའུ་དང། མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་པུའུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སོགས་ཀྱིས་འགན་འཁྲིའི་ལས་བགོས་ལྟར་འགན་འཁུར་དགོས)

བཞི། གཞོན་ནུའི་ལས་ཞུགས་ལ་རོགས་སྐྱོར་བྱེད་ཤུགས་ཇེ་ཆེ་རུ་གཏང་དགོས།

(བཅོ་ལྔ)གཞོན་ནུའི་ལས་ཞུགས་ཞབས་ཕྱིའི་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས། ཐེམ་ཐོ་གནས་ཡུལ་དང་རྒྱུན་སྡོད་གནས་ཡུལ་གྱི་ལས་ཞུགས་ལས་ཤོར་དོ་དམ་ཞབས་ཕྱིའི་འགན་འཁྲིར་ཤུགས་སྣོན་བརྒྱབ་ནས། ས་གནས་དེ་གར་ལས་ཞུགས་ལས་གཏོད་བྱེད་པར་བསྐྱོད་པའི་དེ་སྔའི་མཐོ་སློབ་མཐར་ཕྱིན་སློབ་མ་དང། ཕྱི་རྒྱལ་དུ་སློབ་སྦྱོང་བྱས་ནས་རྒྱལ་ནང་དུ་ལོག་པའི་མཐར་ཕྱིན་སློབ་མ། ལས་ཤོར་གཞོན་ནུ་བཅས་ལ་ལས་འཚོལ་ཐོ་འགོད་དང་ལས་ཤོར་ཐོ་འགོད་བྱས་ནས། གཞི་རྩའི་སྤྱི་པའི་ལས་ཞུགས་ཞབས་ཕྱི་ཆ་སྙོམས་ཅན་འདོན་སྤྲོད་བྱེད་པ་དང། གཏན་འཁེལ་ལྟར་ལས་ཞུགས་ལས་གཏོད་ཀྱི་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་བྱ་དགོས། གཞོན་ནུའི་ལས་ཞུགས་འགོ་འཛུགས་འཆར་གཞི་ལག་བསྟར་བྱས་ཏེ། ལས་ཞུགས་བྱེད་འདོད་ཡོད་པའི་ལས་ཤོར་གཞོན་ནུར་ལས་རིགས་ཀྱི་བྱང་ཚད་ཚད་ལེན་དང། ལས་འཚོལ་ལས་ཞུགས་ཀྱི་འཆར་གཞི་བཟོ་བ། དམིགས་གཏད་རང་བཞིན་གྱི་ལས་རྐང་གི་ཆ་འཕྲིན་འདོན་སྤྲོད་བྱེད་པ། དང་བླངས་ཞབས་ཕྱི་དང་ལས་གཏོད་ལག་ལེན་སོགས་ཀྱི་བྱེད་སྒོ་སྒྲིག་འཛུགས་བྱ་དགོས། ཡུན་རིང་ལས་ཤོར་གཞོན་ནུ་ལ་ལག་ལེན་གྱིས་ཁྲིད་སྟོན་དང། རིགས་དབྱེ་མཛུབ་སྟོན། རྗེས་སྙེག་རོགས་སྐྱོར་བཅས་བྱས་ནས། ལས་ཞུགས་རོགས་སྐྱོར་འདོན་སྤྲོད་བྱས་ཏེ་ཁོང་ཚོར་རང་སྟོབས་རང་ཚུགས་དང་སྔ་ཙམ་ལས་ཞུགས་ལས་གཏོད་བྱ་རྒྱུར་ཁྲིད་སྟོན་བྱ་དགོས། (མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་པུའུ་དང། གུང་གཞོན་ཚོགས་པའི་ཀྲུང་དབྱང་སོགས་ཀྱིས་འགན་འཁྲིའི་ལས་བགོས་ལྟར་འགན་འཁུར་དགོས)

(བཅུ་དྲུག)ལས་རིགས་རྩལ་ནུས་ཀྱི་ཆུ་ཚད་མཐོ་རུ་གཏང་དགོས། ཐོན་ལས་རིགས་སྒྱུར་རིམ་སྤོར་དང་ཁྲོམ་རའི་དགོས་མཁོ་དང་འཚམ་པར་བྱས་ཏེ། ཐོན་སྐྱེད་དང་སྦྱོང་བརྡར་ཟུང་འབྲེལ་དང་ལས་རིགས་རྩལ་ནུས་གསོ་སྦྱོང་ཐོན་ཁུངས་མཉམ་སྐྲུན་མཉམ་སྤྱོད་བྱེད་པར་སྤུས་ཚད་མཐོ་བའི་སྒོ་ནས་སྐུལ་འདེད་གཏོང་བ་དང། གཞོན་ནུའི་ལས་རིགས་རྩལ་ནུས་གསོ་སྦྱོང་གི་གཞི་ཁྱོན་རྒྱ་སྐྱེད་གཏོང་བ། དགེ་ཕྲུག་གསོ་སྦྱོང་དང། རྩལ་ནུས་ཞིབ་འཇུག་ཟབ་སྦྱོང། ལས་རིགས་གསར་པ་གསོ་སྦྱོང་སོགས་ཀྱི་རྣམ་པ་སྣ་མང་རྒྱ་སྐྱེད་བཏང་ནས། ལས་རིགས་རྩལ་ནུས་འགྲན་བསྡུར་གྱི་བྱ་འགུལ་སྣ་མང་སྤེལ་དགོས། མཐོ་སློབ་མཐར་ཕྱིན་སློབ་མ་སོགས་གཞོན་ནུ་ཚོར་བསླབ་རིམ་ལག་ཁྱེར་ཐོབ་པ་དང་ཆབས་ཅིག་ཏུ་འབྲེལ་ཡོད་ལས་རིགས་ཐོབ་ཐང་ལག་ཁྱེར་རམ་ལས་རིགས་རྩལ་ནུས་རིམ་པའི་ལག་ཁྱེར་ཐོབ་རྒྱུར་སྐུལ་ལྕག་བཏང་ནས། བསླབ་རིམ་བསླབ་གནས་ལག་ཁྱེར་དགོས་པ་དེ་རྒྱུགས་སྤྲོད་ཆ་རྐྱེན་ལ་བརྩིས་ན། དེ་དག་རྒྱུགས་སྤྲོད་དཔྱད་བསྡུར་གཏན་འཁེལ་ནང་སྔོན་ལ་ཞུགས་ཆོག་པ་དང་རྒྱུགས་ལེན་དཔྱད་བསྡུར་གཏན་འཁེལ་བྱས་པ་བརྒྱུད་དེ། འབྲེལ་ཡོད་བསླབ་རིམ་བསླབ་གནས་ལག་ཁྱེར་ཐོབ་རྗེས་ཡང་བསྐྱར་ལས་རིགས་ཐོབ་ཐང་ལག་ཁྱེར་རམ་ལས་རིགས་རྩལ་ནུས་རིམ་པའི་ལག་ཁྱེར་སྤྲད་དགོས། (རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང། སློབ་གསོ་པུའུ། ནོར་སྲིད་པུའུ། མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་པུའུ་སོགས་ཀྱིས་འགན་འཁྲིའི་ལས་བགོས་ལྟར་འགན་འཁུར་དགོས)

(བཅུ་བདུན)ལས་ཞུགས་ལྟ་སྦྱོང་གི་གཞི་ཁྱོན་ཆེ་རུ་གཏང་དགོས། ལས་ཞུགས་ལྟ་སྦྱོང་གི་ལས་རྐང་ཁྲི་སྟོང་མང་པོ་བསྡུ་རུབ་འཆར་གཞི་ལག་བསྟར་བྱེད་པ་དང། ཁེ་ལས་དང་ལས་དོན་སྡེ་ཚན་དང། སྤྱི་ཚོགས་རྩ་འཛུགས། སྲིད་གཞུང་གིས་མ་དངུལ་འཇོག་པའི་ལས་གཞི། ཚན་ཞིབ་ལས་གཞི་སོགས་ཀྱིས་ལྟ་སྦྱོང་གི་ལས་རྐང་འཛུགས་པར་རྒྱབ་སྐྱོར་བྱས་ཏེ། གཏན་འཁེལ་ལྟར་ལས་ཞུགས་ལྟ་སྦྱོང་གི་ཁ་གསབ་སྤྲད་དགོས། ཆ་རྐྱེན་འཛོམས་པའི་ས་གནས་སམ་མི་བཀོལ་སྡེ་ཚན་གྱིས་ལྟ་སྦྱོང་མི་སྣར་ཚོང་ལས་སྨན་བཅོས་འགན་བཅོལ་ཉོ་བར་སྐུལ་མ་བཏང་ནས་ལྟ་སྦྱོང་གི་འགན་སྲུང་ཆུ་ཚད་མཐོ་རུ་གཏང་དགོས། སློབ་གྲྭ་ནས་ཁ་བྲལ་ཡང་ལས་ཀར་ཞུགས་མེད་པའི་མཐོ་སློབ་མཐར་ཕྱིན་སློབ་མ་གཞི་རིམ་གྱི་དངོས་སྦྱོང་དང་ལྟ་སྦྱོང་རྟེན་གཞི་རུ་ལྟ་སྦྱོང་ནང་ཞུགས་པའམ་ཁེ་ལས་དང་ལས་དོན་སྡེ་ཚན་གྱི་ལས་གཞིའི་ཞིབ་འཇུག་ནང་ཞུགས་པའི་རིགས་ལ། གཞི་རིམ་གྱི་ལས་ཀའི་ཉམས་མྱོང་དུ་འབྱོར་ཐོ་བཀོད་པའི་ཉིན་ནས་བཟུང་བརྩི་དགོས། སློབ་ཆེན་སློབ་མས་དངོས་སྦྱོང་བྱེད་པའི“གཡོར་འདེགས་འཆར་གཞི”ལག་བསྟར་བྱས་ཏེ། རིམ་པ་ཁག་གི་སྲིད་དོན་དངོས་སྦྱོང་དང། ཁེ་ལས་དངོས་སྦྱོང། ལས་རིགས་ཉམས་ལེན་བཅས་ཀྱི་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་དགོས། (མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་པུའུ་ཡིས་སྣེ་འཁྲིད་པ་དང། ཀྲུང་དབྱང་རྩ་འཛུགས་པུའུ་དང། སློབ་གསོ་པུའུ། ཚན་རྩལ་པུའུ། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། དམངས་སྲིད་པུའུ། ནོར་སྲིད་པུའུ། ཚོང་དོན་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན། གུང་གཞོན་ཚོགས་པའི་ཀྲུང་དབྱང། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སོགས་ཀྱིས་འགན་འཁྲིའི་ལས་བགོས་ལྟར་འགན་འཁུར་དགོས)

ལྔ། ལས་ཀའི་འགན་འཁྲི་ནན་དཀྲི་གཏང་དགོས།

(བཅོ་བརྒྱད)རྩ་འཛུགས་དང་མགོ་ཁྲིད་ལ་ཤུགས་བསྣན་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོ། མཐོ་སློབ་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། མཐོ་སློབ་མཐར་ཕྱིན་སློབ་མ་སོགས་གཞོན་ནུའི་ལས་ཞུགས་དེ་ལས་ཞུགས་བྱ་བའི་གལ་ཆེའི་ནང་གི་འགངས་ཆེན་དུ་བརྩིས་པ་དང། སྲིད་གཞུང་གི་ལས་རྗེས་དཔྱད་ཞིབ་དང་མཐོ་སློབ་ཀྱི་ལས་རྗེས་དཔྱད་ཞིབ་ཀྱི་ནང་དོན་དུ་བརྩིས་ནས། དཀའ་ངལ་ཡོད་པའི་མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་ལ་རོགས་སྐྱོར་བྱ་རྒྱུ་གཙོ་གནད་དུ་བཟུང་སྟེ། དམིགས་ཚད་ལས་འགན་ཁ་གསལ་དང་ཞིབ་ཕྲའི་བྱ་ཐབས་ཞིབ་ཚགས་སུ་གཏོང་ཞིང། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་བསྣན་དགོས། འབྲེལ་ཡོད་སྡེ་ཁག་སོ་སོས་འགན་འཁྲིར་གཞི་ཚུགས་པ་དང། གཞོགས་འདེགས་དམ་ཟབ་བྱེད་པ། ཕྱོགས་གཅིག་ལ་ཤུགས་རྒྱག་པ་བཅས་བྱས་ཏེ། ལས་ཞུགས་ཐབས་ལམ་ཧུར་ཐག་གིས་རྒྱ་ཆེར་གཏོང་བ་དང་སྲིད་ཇུས་དོན་འཁྱོལ་ཇེ་མགྱོགས་སུ་གཏང་དགོས། (འབྲེལ་ཡོད་སྡེ་ཁག་དང་སྡེ་ཚན་སོ་སོ་དང། ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་སོ་སོས་འགན་འཁྲིའི་ལས་བགོས་ལྟར་འགན་འཁུར་དགོས)

(བཅུ་དགུ)བྱ་བའི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏང་དགོས། ས་གནས་དེ་གའི་མཐོ་སློབ་ཀྱི་མཐར་ཕྱིན་སློབ་མ་སོགས་གཞོན་ནུའི་ལས་ཞུགས་ཀྱི་དུས་བབ་དང་དགོས་མཁོ་དངོས་ལ་གཞིགས་ཏེ། མ་དངུལ་གཅིག་གྱུར་གྱིས་བཀོད་སྒྲིག་དང་མི་སྣའི་འགན་སྲུང་ལ་ཤུགས་སྣོན་བརྒྱབ་ནས། བྱ་བའི་ལས་འགན་དང་སྲིད་ཇུས་ཞབས་ཕྱི་གཉིས་དོན་འཁྱོལ་ཡོང་བར་འགན་ལེན་བྱ་དགོས། སྤྱི་པའི་ལས་ཞུགས་ཞབས་ཕྱིའི་མ་ལག་འཐུས་ཚང་དུ་གཏོང་བ་དང། ལས་ཞུགས་ཞབས་ཕྱིའི་སྤུས་ཚད་མཐོ་རུ་གཏོང་བའི་ལས་གྲྭ་ལག་བསྟར་བྱས་ཏེ། མཐོ་སློབ་ཀྱི་མཐར་ཕྱིན་སློབ་མ་སོགས་གཞོན་ནུའི་ལས་ཞུགས་མཛུབ་སྟོན་ཞབས་ཕྱིའི་དམིགས་གཏད་རང་བཞིན་དང་ནུས་ལྡན་རང་བཞིན་ཆེ་རུ་གཏང་དགོས། སྲིད་གཞུང་གིས་ཞབས་ཕྱི་ཉོ་སྒྲུབ་བྱེད་པའི་རྐྱེན་སྲོལ་སྤྱད་དེ། གཉེར་སྐྱོང་རང་བཞིན་གྱི་མི་ཤུགས་ཐོན་ཁུངས་ཞབས་ཕྱིའི་ལས་ཁུངས་དང། སྤྱི་ཚོགས་རྩ་འཛུགས་སོགས་ཁྲོམ་རའི་སྟོབས་ཤུགས་དེ་ལས་ཞུགས་ཞབས་ཕྱི་དང། ལས་རིགས་མཛུབ་སྟོན། ལས་རིགས་གསོ་སྦྱོང་སོགས་ཀྱི་བྱ་བའི་ནང་ཞུགས་པར་རྒྱབ་སྐྱོར་བྱ་དགོས། (འབྲེལ་ཡོད་སྡེ་ཁག་དང་སྡེ་ཚན་སོ་སོ་དང། ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་སོ་སོས་འགན་འཁྲིའི་ལས་བགོས་ལྟར་འགན་འཁུར་དགོས)

(ཉི་ཤུ)དྲིལ་བསྒྲགས་ཁྲིད་སྟོན་ལེགས་པོ་བྱ་དགོས། ལས་ཞུགས་སྲིད་ཇུས་ཞབས་ཕྱིའི་ཆེད་དོན་དྲིལ་བསྒྲགས་སྤེལ་ནས། གོ་བདེ་ལ་ཤེས་སླ་བའི་སྲིད་ཇུས་འགྲེལ་བཤད་དུས་ཐོག་ཏུ་འདོན་སྤྲོད་བྱ་དགོས། “ཆེས་མཛེས་པའི་གཞི་རིམ་གྱི་མཐོ་སློབ་མཐར་ཕྱིན་སློབ་མ”དང“གཞི་རིམ་གྱི་ལས་ཞུགས་རྡོག་ཐོན་མཛད་སྒོ”སོགས་དཔེ་མཚོན་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས། མཐོ་སློབ་ཀྱི་མཐར་ཕྱིན་སློབ་མ་སོགས་གཞོན་ནུ་ཚོས་ལས་རིགས་གདམ་ག་དེ་རྒྱལ་ཁབ་འཕེལ་རྒྱས་ནང་མཉམ་འདྲེས་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ། འབད་འཐབ་ཁྲོད་མི་ཚེའི་རིན་ཐང་མངོན་འགྱུར་ཡོང་བ་བྱ་དགོས། གླེང་ཕྱོགས་ཀྱིས་ཁྲིད་སྟོན་ལེགས་པོར་བྱེད་པ་དང། སྤྱི་ཚོགས་ཀྱི་དོ་ཁུར་ལ་དུས་ཐོག་ཏུ་ལན་སློག་པ། ལས་ཞུགས་ཀྱི་སྔོན་དཔག་བརྟན་པོ་ཡོང་བ་བྱ་དགོས། (འབྲེལ་ཡོད་སྡེ་ཁག་དང་སྡེ་ཚན་སོ་སོ་དང། ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་སོ་སོས་འགན་འཁྲིའི་ལས་བགོས་ལྟར་འགན་འཁུར་དགོས)

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན།

2022ལོའི་ཟླ5བའི་ཚེས5ཉིན།

◎འབྲུག་བྱམས་རྒྱལ་གྱིས་བསྒྱུར། ཝང་ཧེ་དབྱིན་གྱིས་ཞུ་དག་བྱས།